མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་འཛུགས་སྐྲུན་གྱི་ཉི་ཟེར་འཛམ་གླིང་ཡོངས་ལ་འཕྲོས་སུ་འཇུག་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-27



—— ཞི་ཅིན་ཕིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་གསུང་བཤད་གལ་ཆེན་གྱི་དཔྱད་བརྗོད་བཞི་པ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
          
        འཁྲུག་ཆ་དོད་པའི་འཛམ་གླིང་གི་གར་སྟེགས་སུ་རིན་ཐང་བསྒྲགས་ནས་སྣེ་ཁྲིད་བྱ་དགོས་ཤིང་། དགེ་མཚན་ཁྲི་སྟོང་ལྡན་པའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོས་ཐུན་མོང་གི་འགན་འཁྲི་བརྗེད་མི་སྲིད། 
        མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་འཛུགས་སྐྲུན་གྱི་ཉི་ཟེར་འཛམ་གླིང་ཡོངས་ལ་འཕྲོས་སུ་འཇུག་དགོས།”སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལ་ཡང་བསྐྱར་གསལ་སྟོན་གནང་བ་ནི། རྒྱུན་མཐུད་ཞི་བདེ་དང་ཡོངས་ཁྱབ་ཀྱི་བདེ་འཇགས། མཉམ་དུ་སྟོབས་འབྱོར་ལྡན་པ། བློ་རྒྱ་ཆེ་ཞིང་དཀྱེལ་ཡངས་པ། དག་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་པར་སྐུལ་བ་དང་། 
        ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ཐུན་མོང་ལས་དབང་འཛུགས་སྐྲུན་བྱས་ནས། མིའི་རིགས་ཡར་ཐོན་ཡོང་བའི་བྱ་གཞག་ལ་འབད་བརྩོན་གནང་བའི་བློ་རྒྱ་མངོན་པ་དང་། མིའི་རིགས་ཀྱི་ཆེད་དུ་སྔར་ལས་བྱས་རྗེས་གསར་པ་འཇོག་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཚོན་པ་རེད། ཀྲུང་གོའི་སྐད་སྒྲ་དང་ཀྲུང་གོའི་བྱ་སྤྱོད་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ཡིད་ཆེས་དང་ནུས་ཤུགས་ཆེན་པོ་ཐེབས།
        བྱ་བ་རྩོམ་དུས་གནད་ལ་བརྩོན། སྤྱོད་པ་བྱམས་བརྩེ་དམིགས་སུ་འཛིན། ཀྲུང་གོའི་མི་དམངས་ལ་གནའ་ནས་དྲང་བདེན་དང་སྙིང་རྗེ་ཡི་བསམ་བློ་ལྡན་ཞིང་། 
        སྔར་ནས་རང་གི་མདུན་ལམ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་དམ་དུ་སྦྲེལ་བ་རེད། ལོ་རྒྱུས་ལ་ཕྱི་དྲན་བྱས་ན། ཀྲང་ཆན་ནུབ་ཡུལ་དུ་བསྐྱོད་པ་དང་། 
        ཅན་ཀྲེན་ཤར་ཕྱོགས་སུ་བསྐྱོད་པ། ཀྲེང་ཧོ་ཡི་མཚོ་འགྲུལ་སོགས་སྙན་གྲགས་ཀུན་ལ་ཁྱབ་པའི་ཤེས་རིག་གིས་བར་ཐག་སྦྲེལ་བའི་གཏམ་བཟང་འདི་དག་གིས། བསམ་བློ་རྒྱ་ཆེ་ཞིང་དཀྱེལ་ཡངས་པ་མཚོན་ལ། ཁོག་རྒྱ་མཁའ་དབྱིངས་ལས་ཡངས་པ་དང་། 
        འཆམ་མཐུན་བླ་ན་མེད་པའི་དད་འདུན་ནི་ཅིའི་ཕྱིར་མི་མཚོན། དེ་རིང་། རླབས་ཆེན་གྱི་མི་རིགས་བསམ་བློ་རྒྱུད་འཛིན་བྱས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་འབད་པས་བསྐྱོད་པ་དང་། ཀྲུང་གོས་སྔར་བཞིན་ཐོག་མཐའ་བར་གསུམ་དུ་དམག་འཁྲུག་དང་གཡོ་འགུལ། ལྟོགས་སྐོམ། དབུལ་ཕོངས་སོགས་ཀྱི་ཁྲོད་དུ་ལྷུང་པའི་མི་དམངས་ཀྱི་འཚོ་བ་ལ་དོ་སྣང་དམ་ཟབ་དང་བདག་ལས་གཞན་གཅེས་ཀྱིས་རོགས་རམ་བྱེད་བཞིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་འབད་པ་ཆེན་པོས་བྱས་རྗེས་བླ་མེད་འཇོག་འདོད་ཡོད། ལྷག་བསམ་གཙང་མའི་འདུན་པ་འདིས་ང་ཚོའི་བྱ་གཞག་དངོས་ལ་བདེན་དཔང་བྱས་ཤིང་། ཀྲུང་གོས་རྒྱལ་ཁབ་གཞན་པའི་ཁེ་ཕན་བློས་སུ་བཏང་ནས་རང་ཉིད་འཕེལ་རྒྱས་སུ་ཕྱིན་པར་བརྩོན་མི་སྲིད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གང་ལའང་འཇིགས་སྐུལ་བྱ་མི་སྲིད། ཀྲུང་གོས་ནམ་ཡང་བཙན་པོ་དབང་ཡོད་མི་བྱེད་པ་དང་། ཀྲུང་གོས་ནམ་ཡང་ཧམ་གཏམ་སྨྲ་མི་སྲིད། 
        ང་ཚོ་འཚོ་བའི་འཛམ་གླིང་འདི་རེ་བས་ཁེངས་ཤིང་། འགྲན་རྩོད་ཀྱིས་ཀྱང་ཁེངས་ཡོད། འཛམ་གླིང་སྣེ་མང་ཅན་ནས་དཔལ་འབྱོར་འཛམ་གླིང་ཅན། དེ་ནས་རིག་གནས་སྣ་མང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན་གྱི་བར་དུ། ང་ཚོའི་གོ་ལའི་གྲོང་པ་ཉིན་རེ་བཞིན་ཁྱོད་ཀྱི་ནང་དུ་ང་ཡོད་པ་དང་། ངའི་ནང་དུ་ཁྱོད་ཡོད་པའི་ཐུན་མོང་ལས་དབང་གྲུབ། རང་གཅིག་པུས་མིའི་རིགས་ལ་འཕྲད་པའི་འགྲན་རྩོད་སྣ་ཚོགས་དང་ལེན་བྱེད་ཐུབ་པའི་རྒྱལ་ཁབ་གཅིག་ཀྱང་མེད་ལ། ཕྱི་སྒོ་རྒྱབ་སྟེ་ཁེར་རྐྱང་དུ་འཚོ་ཐུབ་པའི་རྒྱལ་ཁབ་ཀྱང་གཏན་ནས་ཡོད་མི་སྲིད། རྒྱལ་ཁབ་གང་གི་མི་དམངས་ཡིན་རུང་། ཚང་མར་སྤྲོ་སྐྱིད་ལྡན་པའི་འཚོ་བ་བཟང་པོ་ཞིག་རོལ་བའི་ཕུགས་འདུན་ཡོད་ལ། ཞི་བདེ་དང་འཕེལ་རྒྱས། མཉམ་ལས་གཉིས་ཕན་སོགས་དུས་རབས་ཀྱི་རླབས་རྒྱུན་མི་འགོག་ཅིང་། མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་ནི་ལམ་ཕྱོགས་གཅིག་པུ་དེ་རེད། དངོས་ཡོད་ཀྱི་རྙོག་འཛིང་ལ་བརྟེན་ནས་ཕུགས་འདུན་མི་དོར་བ་དང་། འདུན་པ་རྒྱང་རིང་བའི་རྐྱེན་གྱིས་བརྩོན་ལེན་མ་དོར་ན། ང་ཚོས་ད་གཟོད་མིའི་རིགས་ཀྱི་མཚར་སྡུག་ལྡན་པའི་སང་ཉིན་འཛུགས་སྐྲུན་བྱ་ཐུབ།
        ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ནི་དཀའ་སྡུག་གི་འཕྲང་ལམ་ནས་ཡོང་ཞིང་། ཞི་བདེ་ཡི་རྩ་ཆེན་རང་བཞིན་དང་འཕེལ་རྒྱས་ཀྱི་རིན་ཐང་རྩ་བ་ནས་རྟོགས། ང་ཚོས་ནམ་རྒྱུན་འཛམ་གླིང་བདེ་ན། ཀྲུང་གོ་ད་གཟོད་བདེ་བ་དང་། 
        ཀྲུང་གོ་བདེ་ན། འཛམ་གླིང་ད་གཟོད་བདེ་བར་འདོད། “མུ་མཐུན་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས་དང་གཉིས་ཕན་གྱི་དར་ཆ་དགུང་དུ་སྒྲེང་ཞིང་།” ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་། ཕན་ཚུན་གཉིས་ཕན་གྱི་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་བྱ་དགོས། “མུ་མཐུད་དུ་ཧུར་བརྩོན་གྱིས་རྒྱལ་སྤྱིའི་དྲང་བདེན་སྲུང་འཛིན་བྱ་བ་”དང་། འཛམ་གླིང་ཐོག་གི་དོན་དག་རྣམས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་གྲོས་བསྡུར་བྱས་ནས་བསྒྲུབ་དགོས། “མུ་མཐུད་དུ་ཧུར་བརྩོན་གྱིས་‘རྒྱུད་གཅིག་ལམ་གཅིག་’གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་”དང་། 
        འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་གཏང་དགོས། “མུ་མཐུད་དུ་ཧུར་བརྩོན་གྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ལ་ཞུགས་པ་”དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་བཞག་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དོན་དང་ནུས་པ་ལྡན་པའི་གསལ་སྟོན་ཡང་བསྐྱར་གནང་བས། དུས་རབས་གསར་པའི་ཀྲུང་གོ་དེ་རྒྱལ་ཁབ་སོ་སོའི་མི་དམངས་དང་ལམ་ཕྱོགས་དང་མཐུན་སྲིད་ལ། སྔར་བཞིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ནུས་ཤུགས་འདོན་པ་དང་། གཅིག་ཤུགས་གཅིག་འདོན་གྱིས་མིའི་རིགས་ཀྱི་ཐུང་མོང་ལས་དབང་འཛུགས་པར་སྐུལ་འདེད་གཏོང་ཞིང་། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྱོང་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཡིན།
        “འཇིག་རྟེན་སྐྱོང་བའི་ཐབས་ལེགས་ན། གནམ་འོག་སྤྱི་ལ་དྲང་བདེན་ཐོབ།”ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་གསར་དུ་བཙུགས་པའི་ཁོངས་གཏོགས་རྒྱལ་ཁབ་ཡིན་ལ། ཐེངས་དང་པོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སྟེང་མིང་རྟགས་བཀོད་པའི་རྒྱལ་ཁབ་ཡིན། དེ་རིང་གི་ཀྲུང་གོ་ནི་ཉིན་རེ་བཞིན་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་ཐག་ཇེ་ཉེ་གྱུར་ཅིང་། བསམ་བློ་གཏང་རྒྱུ་ནི་“ང་ཚོ་གང་ནས་བྱུང་ཞིང་། ད་ལྟ་གང་དུ་ཡོད་པ། མ་འོངས་པར་གང་དུ་འགྲོ་བའི་”དྲི་བ་དེ་ཡིན་ལ། འདོན་སྤྲོད་བྱས་པ་ནི་ཀྲུང་གོའི་ཤེས་རབ་དང་། ཀྲུང་གོའི་ཐབས་ཤེས། ཀྲུང་གོའི་ནུས་པ་བཅས་རེད། མིའི་རིགས་ཀྱི་ཐུན་མོང་ལས་དབང་གི་བསམ་བློའི་སྒྲོན་མེ་སྦར་ཏེ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་ན། ང་ཚོ་ལ་སྐར་མའི་གོ་ལ་འདི་སྔར་ལས་ཞི་བདེ་དང་སྔར་བས་མཛེས་པ། སྔར་ལས་སྟོབས་འབྱོར་ལྡན་པ་འགྱུར་བའི་ཡིད་ཆེས་དང་ནུས་པ་ལྡན།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1