༄༅།། རྫོགས་ཚིག་གི་ཕྲད་འཇུག་ཚུལ་སྐོར་གྱི་གནད་དོན་འགའ་ཞིག
ཚེ་དབང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-27
ཚེ་དབང་ལྷ་མོ།
[ནང་དོན་གནད་བསྡུས།] རྫོགས་ཚིག་གི་ཕྲད་འཇུག་ཚུལ་གྱི་རྩ་བའི་གཞི་འཛིན་ས་ནི་ཐུ་མི་སམ་བྷོ་ཊས་མཛད་པའི་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་རྩ་ཚིག་དེ་ཡིན་ཞིང་། རྫོགས་ཚིག་གི་ཕྲད་ཏོ་ཡིག་འདིར་དངོས་སུ་མ་བསྟན་པའི་རྒྱུ་མཚན་སྐབས་ཐོབ་ཀྱི་བརྗོད་བྱ་གོ་ལ་སོགས་པའི་ཕྲད་བཅུ་པོ་འདི་དག་རྗེས་འཇུག་གི་ཡི་གེ་རྣམས་ལ་འཇུག་ནས་བྱ་བ་གང་ཞིག་འབྱུང་བ་དཔྱད་པའི་སྐབས་ཡིན་པའི་ཕྱིར་དང་། ད་དྲག་ཅན་གྱི་མཐར་ཏོ་ཐོབ་པའི་རྒྱུ་མཚན་རྗེས་འཇུག་དེའི་སྒྲ་གདངས་དྲག་ཞན་ལ་བརྟེན་ནས་རྗེས་མའི་ཕྲད་དང་། མིང་སོགས་ཡང་དེ་བཞིན་སྒྲ་མཚུངས་པ་དང་། རྟགས་མཚུངས་པ་གང་ཞིག་སྦྱར་དགོས་པ་ལས་མཐར་གཅིག་ཏུ་རྟགས་མཚུངས་སྦྱོར་དགོས་པ་ཁོ་ན་མ་ཡིན་པར་ཚིག་སྦྱོར་གང་ཞིག་སྒྲ་གསལ་བ་དང་། བརྗོད་བདེ་བ་ཡོང་བའི་ཆེད་དུ་བརྗོད་བདེ་འདྲེན་ཆོག་པ་བཅས་ཀྱི་སྐོར་ལ་དཔྱད་བརྗོད་བྱས་ཡོད།
[ནང་འགག་མིང་བརྡ།] རྫོགས་ཚིག ཕྲད། འཇུག་ཚུལ། གནད་དོན།
རྫོགས་ཚིག་གི་ཕྲད་འཇུག་ཚུལ་གྱི་རྩ་བའི་གཞི་འཛིན་ས་ནི་ཐུ་མི་སམ་བྷོ་ཊས་མཛད་པའི་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་རྩ་ཚིག་དེ་ཡིན་ཞིང་། དེ་ཡང་རྩ་བ་ལས།
རྗེས་འཇུག་ཡི་གེ་བཅུ་པོ་ནི།།
མིང་གང་གི་ནི་མཐར་སྦྱར་བ།།
དེ་ལ་ཨཱ་ལི་བཞི་པ་སྦྱར།
སླར་བསྔུ་བར་ནི་ཤེས་པར་བྱ།
ཞེས་པ་དེ་ཡིན་ཞིང་། དེའི་དོན་མདོར་བསྡུས་ན། རྗེས་འཇུག་ཡི་གེ་བཅུ་པོ་དེ་དག་ནི་མིང་གང་ཞིག་མཐར་ཞུགས་པའི་རྗེས་འཇུག་དེ་དང་མཚུངས་པའི་ཡི་གེ་དེ་ཉིད་ལ་སླར་ཡང་ཨཱ་ལི་བཞི་པ་སྟེ་ན་རོ་སྦྱར་ན། སྐབས་བབས་ཀྱི་བརྗོད་བྱའི་དོན་ནམ་ཚིག་དེ་ཉིད་དེ་ཙམ་གྱིས་བསྡུ་བར་སོང་བས་སླར་བསྡུའི་སྒྲ་ཞེས་སམ་རྫོགས་ཚིག་ཅེས་བྱའོ།། ཞེས་འདིར་སླར་བསྡུ་ཞེས་པ་དང་རྫོགས་ཚིག་གཉིས་དོན་གཅིག་ཡིན་པ་སི་ཏུ་པཎ་ཆེན་གྱིས་བཞེད། འདིར་རྫོགས་ཚིག་ཅེས་པ་དེང་རབས་རྒྱ་ཡིག་ནང་གི་རྫོགས་ཚིག་སྟེ་(句号。 ) རྟགས་འདི་དང་བྱེད་ལས་གཅིག་ཀྱང་། དེང་དུས་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་ནང་དུ་བེད་སྤྱོད་བྱ་རྒྱུ་ཧ་ཅང་ཉུང་བ་ཞིག་རེད། ཕྲད་འདི་ནི་རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་ཡིན་སྟབས། སླར་བསྡུའི་ཕྲད་འཇུག་ཡུལ་གྱི་མིང་དེའི་རྗེས་འཇུག་ག་ཡིན་ན་དེའི་རྗེས་སུ་ཕྲད་གོ་སྦྱར་དགོས་པ་སོགས་ཤེས་སླ། སླར་བསྡུའི་ཕྲད་ནི། གོ ངོ་། དོ། ནོ། བོ། མོ། འོ། རོ། ལོ། སོ་བཅས་བཅུ་དང་། ད་དྲག་ཅན་གྱི་མཐར་ཏོ་ཐོབ་པ་བཅས་དོན་དུ་ཕྲད་བཅུ་གཅིག་ཡོད་པ་རེད། ཕྲད་དེ་དག་འཇུག་ཚུལ་གྱི་དཔེར་བརྗོད་ནི། རྟག་གོ བཟང་ངོ་། ཡོད་དོ། ཡིན་ནོ། སྒྲུབ་བོ། བསམ་མོ། བྱའོ། འགྱུར་རོ། སེལ་ལོ། བྱས་སོ། ཞེས་བཅུ་དང་། ད་དྲག་ཅན་གྱི་མཐར་བསྟནད་ཏོ། གྱུརད་ཏོ། སྩལད་ཏོ། ཕྱིནད་ཏོ། འཛིནད་ཏོ། ཞེས་པ་ལྟ་བུ་རྣམས་སོ།། ད་དྲག་འཇུག་ཚུལ་ཡང་འདི་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་ལ་ད་དྲག་ཐོབ་ཀྱང་། ད་དྲག་ནི་དུས་འདས་པ་སྟོན་པ་ཁོ་ན་ལ་འཇུག་པས་རྗེས་འཇུག་ན་ར་ལ་གསུམ་ཡིན་ན་དེའི་རྗེས་ལ་ད་དྲག་འཇུག་པ་ཉིད་དུ་ངེས་པས་མ་ཁྱབ་པའི་གནད་དེ་ཡང་ཤེས་དགོས།
སི་ཏུ་འགྲེལ་ཆེན་ཏུ།“འོ་ན་འདིར་ཏོའི་སྒྲ་མ་བསྟན་པ་ཅི་ཞེ་ན། གཞུང་འདི་གའི་གཤམ་དུ། རྗེས་འཇུག་བཅུ་ཡི་དོན་ཤེས་ན། ཞེས་དང་། རྗེས་འཇུག་སྦྱོར་བ་མཁས་པ་ན། ཞེས་སོགས་ཀྱི་སྐབས་སུ་འཆད་པར་འགྱུར་བ་བཞིན་གཞུང་འདིས་གཙོ་བོར་རྗེས་འཇུག་གི་བྱ་བ་འཆད་པ་ཡིན་པའི་ཕྱིར། མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་གཞན་འདིར་མ་གསུངས་པ་ཡིན་ནོ”—སི་ཏུའི་གསུང་དུམ་བུ་འདིའི་འགྲེལ་བཤད་ནི། 【མི་ཉག་བུ་ཕྲུག་གིས་བརྩམས་པའི་《ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་》ལས། སྐབས་འདིར་འགྲེལ་ཆེན་ལས། མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་གཞན་འདིར་མ་གསུངས་ཞེས་འབྱུང་བའི་དོན་ནི། མིང་གཞི་ཁོ་ན་ཡིན་པའི་ཡི་གེ་ཉི་ཤུ་པོ་གང་རུང་ལས་གྲུབ་པའི་ཕྲད་ཡིན་པ། མགོ་འདོགས་མེད་པའི་རྐྱང་པ་ཡིན་པ། སྐབས་དེའི་ཕྲད་གཙོ་བོ་ཡིན་པ། དངོས་བསྟན་དུ་གསུངས་པ་བཅས་ཁྱད་ཆོས་བཞི་དང་ལྡན་པ་ནི་བདག་སྒྲའི་པ་པོ་ལས་གཞན་མེད་པའི་རྒྱུ་མཚན་གྱིས་ཡིན། ཞེས་གསུང་།】བདག་སྒྲ་པ་པོ་གཉིས་ལ་དེ་ལྟའི་ཁྱད་ཆོས་བཞི་ཚང་ཡོད་དེ། ①བདག་སྒྲའི་སྐབས་ཀྱི་པ་པོ་དེ་མིང་གཞི་ཡི་གེ་ཉི་ཤུ་པོ་ཁོ་ན་ལས་གྲུབ་པའི་ཡི་གེ་ཡིན་པ། ②མགོ་འདོགས་མེད་པའི་རྐྱང་པ་ཡིན་པ། ③བདག་སྒྲའི་སྐབས་དེའི་ཕྲད་ཡིན་པ། ④རྩ་ཚིག་ཏུ་དངོས་བསྟན་དུ་གསུངས་པའི་ཕྲད་ཡིན་པ་བཅས་སོ།།
“རྒྱུ་མཚན་དེས་སྐབས་འདིའི་ཏོའི་སྒྲ་གཅིག་པར་མ་ཟད། ལྷག་བཅས་ཀྱི་ཏེ་དང་། ཨི་ལྡན་གྱི་ཡི། ཡིས། རྒྱན་སྡུད་ཀྱི་ཡང་། འབྱེད་སྔུད་ཀྱི་ཏམ། ལ་དོན་གྱི་ཏུ། རྣམས་ཀྱང་འདིར་མ་བསྟན་པའི་གནད་ཀ་ཤེས་པར་བྱ་ཞིང” —སི་ཏུའི་གསུང་དུམ་བུ་འདིའི་འགྲེལ་བཤད་ནི། 【མི་ཉག་བུ་ཕྲུག་གིས་བརྩམས་པའི་《ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་》 ལས། སླར་བསྡུའི་ཏོ་སྒྲ་ཙམ་དུ་མ་ཟད། ཏེ། ཡི། ཡིས། ཡང་། ཏམ། ཏུ། རྣམས་ཀྱང་མིང་གཞི་རྐྱང་པའི་ཕྲད་ཡིན་ཡང་། སྐབས་དེ་རྣམས་ཀྱི་རག་ལས་པའི་ཕྲད་གཙོ་བོ་མ་ཡིན་པས་དངོས་བསྟན་མ་མཛད་པའི་གནད་དེ་ཤེས་དགོས། འོ་ན་བདག་སྒྲ་སྐབས་དེའི་ཕྲད་གཙོ་བོ་ཡིན་པའི་རྒྱུ་མཚན་ཅི་ཟེར་ན། པུ་ལིངྒའི་སྒྲས་བསྟན་བྱ་གཙོ་བོ་པ་པོ་ཡིན་པ་ལ་ཐུག་ཡོད།】—དེའི་དོན་ནི་ཏེ་ལ་སོགས་པ་དེ་དག་སྐབས་དེ་དག་ཏུ་བསྟན་བྱའི་ཕྲད་གཙོ་བོ་མ་ཡིན་པ་དང་། རྗེས་འཇུག་ལ་རག་ལས་པའི་ཕྲད་མ་ཡིན་ཏེ་འདི་དག་རྗེས་འཇུག་གི་ཡི་གེ་མ་ཡིན་པའི་ཕྱིར། ཞེས་པའི་དོན་ནོ།།
“ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་དོ།” —སི་ཏུའི་གསུང་དུམ་བུ་འདིའི་འགྲེལ་བཤད། 【མི་ཉག་བུ་ཕྲུག་གིས་བརྩམས་པའི་《ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་》ལས། ཀྱི། ཀྱིས། ཀྱང་། སྟེ། རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་དོ་ཞེས་འབྱུང་བའི་དོན་ནི། ①རྗེས་འཇུག་གི་ཕྲད་རྣམས་དང་ལྷན་ཅིག་འབྱུང་བ། ②མིང་གཞི་ལས་གྲུབ་པའི་ཕྲད་ཡིན་པ། ③ཁྱད་ཆོས་གཙོ་བོ་མགོ་འདོགས་ཅན་ཡིན་པ། ④རྗེས་འཇུག་གི་བྱ་བ་འཆད་པའི་སྐབས་འདིར་ཡང་དངོས་བསྟན་དུ་གསུངས་པ་སྟེ་ཁྱད་ཆོས་བཞི་ལྡན་ལ་དགོངས་སོ། —འདིའི་དོན་ནི་ཕྲད་འདི་དག་ནི། མིང་གཞི་ཁོ་ནའི་ཡི་གེ་ཡིན་ཀྱང་རྗེས་འཇུག་གི་ཡི་གེ་ས་དང་། ང་རྣམས་དང་ལྷན་ཅིག་འབྱུང་བ་དང་། ཀྱི་ལྟ་བུ་རྗེས་འཇུག་གི་ཡི་གེ་དང་ལྷན་ཅིག་ཏུ་མེད་ཀྱང་། རྐྱང་པ་མ་ཡིན་པ་འདོགས་ཅན་ཡིན་པ་དང་སྐབས་འདིར་དམིགས་གསལ་གྱི་དངོས་བསྟན་དུ་གསུངས་པའོ།།
“དེ་ལྟ་ན་ཁྱེད་རང་གིས་སྔར་འཇུག་པའི་ཡི་གེ་རྣམས་ཀྱང་འཕུལ་རྟེན་གྱི་ཡུལ་སྦྱོར་ཚེ་མིང་གཞི་ཉིད་དུ་ཁས་བླངས་པའི་ཕྱིར་འཕྲད་འདི་རྣམས་ལའང་མཐའ་རྟེན་འཇུག་པའི་རྒྱུ་མཚན་གྱིས་མིང་གཞི་ཉིད་དུཐལ་བས་རྗེས་འཇུག་གི་བྱ་བར་མི་འགྱུར་རོ་སྙམ་ན། སྐྱོན་མེད་དེ། རྗེས་འཇུག་གི་བྱ་བ་ཞེས་པ་ནི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ལ་བྱ་བ་འབྱུང་བ་ཙམ་གྱི་ཆ་ནས་ཡིན་ཀྱི། ཕྲད་སོགས་སུ་གྲུབ་ཟིན་ནས་མིང་གཞི་དང་རྗེས་འཇུག་གང་ཡིན་དཔྱད་པའི་ཆ་ནས་མ་ཡིན་པའི་ཕྱིར་རོ།།
ད་དྲག་ཅན་གྱི་མཐར་ཏོ་ལ་སོགས་པ་འཐོབ་པའི་དོན་ནི། རྟགས་འཇུག་ཏུ། དེ་ཉིད་རང་གི་སྒྲ་མཐུན་པའི། ཞེས་པའི་སྐབས་སུ་འཆད་པར་འགྱུར་བ་བཞིན་སྤྱིར་བཏང་རྗེས་འཇུག་ལ་ལྟོས་པའི་རྣམ་དབྱེ་དང་ཕྲད་རྣམས་ལ། སྦྱོར་ཡུལ་མིང་ཚིག་གི་མཐའ་དེ་དང་སྦྱར་བས་བརྗོད་པ་བདེ་ཞིང་སྒྲ་མཐུན་པ་ཡོད་ཀྱང་བརྗོད་མི་བདེ་ན་བརྗོད་བདེ་བ་གང་ཡིན་སྦྱར་བར་བྱ་བ་ཡིན་པ་དང་། དེ་དག་ཀྱང་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་དགོས་པས་རྗེས་འཇུག་གཞན་རྣམས་རང་རང་ལ་རྣ་རུ་སོགས་སྦྱར་བར་རྟགས་མཚུངས་ཡིན་མིན་ཅི་རིགས་ཡོད་ཀྱང་བརྗོད་བདེ་བ་དཔ་གྲགས་ཤིང་གྲུབ་པའི་ཕྱིར་འོས་པ་ཡིན་ལ། ད་དྲག་ཅན། བསྟནད། གྱུརད། སྩལད། ལྟ་བུ་རྣམས་ལ་ཀློག་དག་པའི་དབང་གིས། རྗེས་འཇུག་གཉིས་ལས་ན་ར་ལ་རྣམས་ཀྱི་སྒྲ་ཤུགས་ཆེ་ཙམ་དང་། དའི་སྒྲ་འབྱུང་བར་ཆ་བ་ཙམ་ལས་མི་གསལ་བའི་ཕྱིར། བསྟན་དོ། གྱུར་དོ། སྩལ་དོ། བསྟནད་དམ། སྩལད་དམ། གྱུརད་དམ། ལྟ་བུ་ནི་བརྗོད་བདེ་བའང་མ་ཡིན་ཞིང་ཡོངས་སུ་མ་གྲགས་པས་བརྗོད་བདེ་རྟགས་མཚུངས་གཉིས་ཀའི་སྒོ་ནས་སྒྲ་མཐུན་པ་ནི་ཏོ་དང་། ཏམ་སོགས་ཁོ་ནར་ངེས་པའི་ཕྱིར་རོ།”ཞེས་གསུངས་པ་ལྟར་རོ།།
གོང་གསལ་སི་ཏུས་གསུངས་པའི་རྩོད་སྤོང་གི་ནང་དོན་གཙོ་བོ་རྣམ་པ་གསུམ་ཏེ།
གཅིག རྫོགས་ཚིག་གི་ཕྲད་ཏོ་ཡིག་འདིར་དངོས་སུ་མ་བསྟན་པའི་རྒྱུ་མཚན་ནི། གོང་དུ་《ཐུ་མིའི་དགོངས་གནད་གསལ་བའི་མེ་ལོང་》དུ་བཀོད་པའི་འགྲེལ་བཤད་རྣམས་མཆན་བཏབ་པ་ལྟར་རོ།།
གཉིས། འོ་ན་སི་ཏུ་ཁྱོད་རང་གིས་གོང་དུ་མིང་གཞི་དང་རྗེས་འཇུག་གཉིས་ཕན་ཚུན་འགྱུར་ཆོག་ཅིང་ཡོད་པ་དཔེར་ན། རབ། བམ་ལྟ་བུ་གཉིས་ཀ་མིང་གཞི་བྱེད་ཆོག་པ་བཞིན་དུ། འདིའང་གོ ངོ་། དོ། ལ་སོགས་པའི་ཕྲད་བཅུ་པོ་འདི་དག་ཀྱང་ཕྲད་མ་ཡིན་པ་མིང་གཞིར་ཅིའི་ཕྱིར་མི་འགྱུར་ཏེ། གོང་དང་། ངོགས། དོག་སོགས་རྗེས་འཇུག་འཇུག་ཡུལ་གྱི་མིང་གཞི་མ་ཡིན་ནམ་ཞེན། སྤྱིར་འདི་དག་ལ་རྗེས་འཇུག་འཇུག་ཡུལ་གྱི་མིང་གཞི་བྱ་རུང་ཡང་། འདིར་སྐབས་ཐོབ་ཀྱི་བརྗོད་བྱ་གོ་ལ་སོགས་པའི་ཕྲད་བཅུ་པོ་འདི་དག་རྗེས་འཇུག་གི་ཡི་གེ་རྣམས་ལ་འཇུག་ནས་བྱ་བ་གང་ཞིག་འབྱུང་བ་དཔྱད་པའི་སྐབས་ཡིན་པ་ལས། འདི་དག་མིང་གཞི་རུང་མིན་དཔྱད་པའི་སྐབས་མ་ཡིན་པའི་ཕྱིར་ཏེ་སྐྱོན་མེད་དོ།།
གསུམ། ད་དྲག་ཅན་གྱི་མཐར་ཏོ་ཐོབ་པའི་རྒྱུ་མཚནནི། རྟགས་འཇུག་ཏུ། དེ་ཉིད་རང་གི་སྒྲ་མཐུན་པའི། ཞེས་པའི་དོན་དེ་ཡིན་ཞིང་། དེ་ནི་མིང་སྔ་མའི་རྗེས་སུ་ཕྲད་དང་། མིང་རྣམས་རྟགས་མཚུངས་འདྲེན་པའི་གཞུང་ལུགས་ནང་དུ་བཤད་པ་ལྟར་སྤྱིར་བཏང་རྗེས་འཇུག་ཕོ་མོ་མ་ནིང་སོ་སོར་ལྟར་ཡིན་ཡང་། དམིགས་གསལ་དུ་མིང་སྔ་མའམ་རྗེས་འཇུག་དེའི་སྒྲ་གདངས་དྲག་ཞན་ལ་བརྟེན་ནས་རྗེས་མའི་ཕྲད་དང་། མིང་སོགས་ཡང་དེ་བཞིན་སྒྲ་མཚུངས་པ་དང་། རྟགས་མཚུངས་པ་གང་ཞིག་སྦྱར་དགོས་པ་བརྟགས་ནས་སྦྱོར་དགོས་པ་ལས་མཐར་གཅིག་ཏུ་རྟགས་མཚུངས་སྦྱོར་དགོས་པ་ཁོ་ན་མ་ཡིན་ནོ།། དེས་ན་དེ་ཉིད་རང་གི་སྒྲ་མཐུན་པའི། ཞེས་པའི་ལུང་ལ་བརྟེན་ནས། ཚིག་སྦྱོར་གང་ཞིག་སྒྲ་གསལ་བ་དང་། བརྗོད་བདེ་བ་ཡོང་བའི་ཆེད་དུ་བརྗོད་བདེ་འདྲེན་པའི་ལུགས་ལ་འཇུག་ཆོག་ཅེས་པའི་དོན་ཡིན། ལུང་འདིས་ནི་སྐད་ལ་བརྟེན་ནས་བརྡ་སྤྲོད་རིག་པའི་གཞུང་ལུགས་ཡར་རྒྱས་གཏོང་དགོས་པ་ལས། བརྡ་སྤྲོད་རིག་པའི་གཞུང་ལ་བརྟེན་ནས་ཡུལ་སྐད་ལ་ལྕགས་སྒྲོག་གིས་བསྡོམ་མི་རུང་ཞེས་པའི་དོན་ཡིན།
འདིར་སི་ཏུའི་ད་དྲག་ཅན་མཐར་ཏོ་ཐོབ་པའི་རྒྱུམཚན་ཇི་ལྟར་རྟོགས་ཞེ་ན། འདི་ནི་སི་ཏུ་ཆོས་འབྱུང་གི་རྣམ་ཐར་ལོ་རྒྱུས་དག་ཏུ་གསལ་བར་ལྟར་ན། ཁོང་དགུ་ལོ་དགུ་ལ་ཟིན་དུས་ནས་རྒྱལ་བའི་བཀའ་བསྟན་སོགས་དཔེ་རྙིང་མང་པོར་གཟིགས་ཀློག་གནང་ཞིང་ཡོད་པ་དང་། ལྷག་པར་དུ་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་རྒྱལ་བའི་བཀའ་འགྱུར་སྤར་ཤིང་བརྐོ་གནང་མཛད་སྐབས། ཚལ་པའི་བཀའ་འགྱུར་སོགས་བཀའ་འགྱུར་གྱི་མ་དཔེ་མང་པོར་ཕན་ཚུན་གོ་བསྔུར་དང་ཞུ་དག་གནང་སྐབས་ད་དྲག་གི་རྗེས་སུ་ཏོ་ཡོད་པ་མཐོང་བ་དང་། དེ་སུམ་རྟགས་ཀྱི་རྩ་གཞུང་དུ་མ་བསྟན་པའི་མིང་མཐར་འདྲེན་ཚུལ་ཞིག་མཐོང་བར་དང་། བརྡ་སྤྲོད་ཞིབ་འཇུག་གནང་མཁན་ཞིག་ལ་མཆོན་ན་དེ་ནི་ཧ་ཅང་གི་དོ་སྣང་གི་གནས་སུ་བཟུང་ནས་བརྟག་དཔྱད་གནང་ཡོད་པ་སྨོས་མ་དགོས་པ་དང་། དེའི་ཁུངས་ཀྱང། རྗེས་འཇུག་སྦྱོར་བ་མཁས་པ་ན། ཞེས་པར། རྩ་བའི་གཞུང་དུ་མ་གསལ་བ་རྣམས་རྗེས་དཔག་གི་སྒོ་ནས་བརྟག་དགོས་ཞེས་པའི་དོན་དེ་ལག་ལེན་གནང་ཡོད་པར་མཐོང་ངོ་།
མཐའ་དཔྱད་ནི། སི་ཏུའི་འགྲེལ་ཆེན་ལས། “སྐབས་འདིར་འགྲེལ་བྱེད་སྔ་མ་ཁ་ཅིག་གིས། དེར་ཕྱིན་ཏོ་ལྟ་བུ་སླར་བསྔུ་དངོས་ཡིན་ཞིང་རྫོགས་ཚིག་ཀྱང་ཡིན་པ་དང་། རྟག་གོ་ལྟ་བུ་སླར་བསྔུ་ཙམ་པོ་བ་དང་། བྱའོ་སྙམ་ནས་བྱེད་དོ་ལྟ་བུ་ཙམ་པོ་པའི་ཁོངས་སུ་གཏོགས་ཙམ་ལས་དོན་དུ་དེའང་མིན་པར་འདོད་པ་ཞིག་འདུག་པ། དེ་ལ་འདི་འདྲི་བར་བྱ་སྟེ། བྱའོཞེས་པའི་འོ་སྒྲ་བརྗོད་པའི་ཚེ་འོ་སྒྲ་དེས་གང་ཞིག་སྡུད་དགོས་པའི་དོན་དེ་བསྡུས་པར་སོང་ངམ་མ་སོང་། སོང་ན་སླར་བསྡུ་དང་རྫོགས་ཚིག་དངོས་མིན་ཞེས་བསྙད་པའི་རྒྱུ་མཚན་ཅི་ཞིག དེ་ལ་ལྟོས་ཞིང་འབྲེལ་བའི་ཚིག་དེ་མ་ཐག་ཏུ་འབྱུང་བས་སོ་ཞེ་ན། འོ་ན་ཁྱེད་ཀྱིས་སླར་བསྡུ་ངོས་ཀྱི་མཚན་གཞི་མཐའ་རྟེན་གྱི་རྫོགས་སོ་ལྟ་བུ་ལས་མང་དུ་མི་རྙེད་པར་འགྱུར་ཏེ། ཁྱེད་རང་གིས་རྫོགས་ཚིག་དངོས་སུ་ཁས་བླངས་པའི་དེར་ཕྱིན་ཏོ་ལྟ་བུ་ལའང་ཕྱིན་ནས་ཀྱང་ལྟ་བུའི་ཚིག་གཞན་སྤེལ་བའི་ཚེ་དེ་དངོས་མ་ཡིན་པར་འགྱུར་བ་སོགས་གཞུང་འདིར་བསྟན་གྱི་སླར་བསྔུའི་སྒྲའི་འཇུག་པ་ཕལ་མོ་ཆེ་སླར་བསྔུ་དངོས་མ་ཡིན་པར་འགྱུར་པའི་ཕྱིར་རོ།། ཡང་མ་སོང་ཟེར་ན་འོ་སྒྲ་ལ་ནུས་པ་མེད་པར་ཐལ་བའི་སྐྱོན་ཡོད་དོ།།
ཁོ་བོ་ནི་གཞུང་འདིར་བསྟན་གྱི་སླར་བསྡུ། སྨྲ་སྒོ་ནས་བཤད་པའི་ཟླ་སྡུད། དེང་སང་རྫོགས་ཚིག་ཏུ་གྲགས་པ་རྣམས་དོན་གཅིག་ཅིང་། བྱའོ་སྙམ་ནས་བྱེད་དོ་ལྟ་བུའི་འོ་སྒྲས་ཀྱང་སྙམ་རྒྱུའི་དོན་དེ་བསྔུས་ཤིང་རྫོགས་པར་གོ་ནུས་པས་སླར་བསྡུ་དངོས་ཡིན་ཏེ། དཔེར་ན་བརྡ་སྤྲོད་པའི་གཞུང་དུ། གྲངས་ལས་རྫོགས་པ་ལ་‘ཌ་མ་རུ་’དག་གོ་ཞེས་པའི་རྐྱེན་གྱི་རྗེས་‘བིང་ཤ་ཏི་མཿ’ཞེས་པར་ཚིག་གྲོགས་‘ཨི་ཏི་བཱཙྱཾ་’སྦྱར་བས་རྫོགས་ཚིག་དངོས་མིན་པར་མི་འགྱུར་བ་བཞིན་དང་། ‘ཀ་རོ་མཱི་ཏི་ཙིནྟེ་ན་ཀྲི་ཡ་ཏེ།’ ཞེས་པར་ཡང་བྱ་ཚིག་སྔ་ཕྱི་དག་ཏིང་མཐའ་དངོས་ཡིན་པར་མཚུངས་པ་ལྟ་བུའོ།། ཞེས་འཆད་པར་བྱེད་དོ། །
ཡང་ཁ་ཅིག་གིས། རྗེས་འཇུག་བ་ཡིག་གི་རྗེས་སུ་པོ་དང་། ད་ས་དག་གི་རྗེས་སུ་ཏོ་སྦྱར་བར་འདོད་པ་དང་། ཁ་ཅིག་གིས། བ་ཡིག་འདས་ཚིག་དངོས་ཡིན་པའི་རྗེས་སུ་བོ་སྦྱར་བར་བཤད་མོད། སྔ་མས་ཞེན་དོན་རྟགས་མཚུངས་སྦྱར་ཁུལ་དུ་འདུག་ཀྱང་གོང་སྨོས་ལྟར་རྟགས་འཇུག་གི་དོན་དཔྱིས་ཕྱིན་པར་མ་རྟོགས་པས་རིགས་འགྲེ་ཐལ་ཆེས་པའི་སྐྱོན་དང་། བྱས་ཏོ་ལྟ་བུ་ཤིན་ཏུ་བརྗོད་མི་བདེ་བ་ཚེགས་ཀྱིས་སྦྱར་བ་དོན་མེད་ཅིང་གྲགས་པ་ལས་ཧ་ཅང་བརྒལ་བའི་སྐྱོན་ཡང་ཡོད་དོ། འདོད་པ་ཕྱི་མ་དེའང་རིགས་པ་མ་ཡིན་ཏེ། བ་ཡིག་གི་མཐའ་འདས་ཚིག་ཡིན་དུ་ཟིན་ཀྱང་དེ་ཉིད་དང་སྦྱར་བས་བརྗོད་བདེ་ཞིང་སྒྲ་མཐུན་པ་བ་ཡིག་ཨོ་ལྡན་ཉིད་ཡོད་བཞིན་དུ་གཞན་འཚོལ་བ་ལ་དགོས་པ་མེད་པའི་ཕྱིར། འདས་ཚིག་ཡིན་པ་ཤེས་པའི་ཆེད་དུའོ་སྙམ་ནའང་མི་འཐད་དེ། དེ་ལྟ་ན། རྡོ་བཅག་གོ་ལྟ་བུ་ལའང་། བཅག་ཀོ ཞེས་སྦྱར་དགོས་པར་འགྱུར་བས་ཧ་ཅང་ཐལ་ལོ།།
ཡང་འགྲེལ་བྱེད་སྔ་མ་ཕལ་གྱིས། སླར་བསྡུའི་སྒྲ་འདི་རྣམ་དབྱེ་དང་པོའི་དོན་དུ་བཤད་ཀྱང་ཤིན་ཏུ་འཐད་པར་མ་མཐོང་སྟེ། རྣམ་དབྱེ་དང་པོའི་གཅིག་ཚིག་གིས་ནི་དོན་གྱི་ངོ་བོ་ཙམ་ལས་གཞན་མི་སྟོན་ལ། འདི་ནི་སྡུད་པའི་སྒྲ་ཡིན་པའི་ཕྱིར་དོན་གྱི་ལྡོག་པ་སྟོན་བྱེད་དུ་འགྱུར་བས་ཀྱང་ཁྱད་པར་ཆེ་ཞིང་། ཁྱོད་ལའོ། འདི་ཡིས་སོ། སློང་མོ་བར་རོ། འབྱུང་ཁུངས་ནས་སོ། བདག་གིའོ། ཤིང་ལའོ། རྟག་ཏུའོ། ལྟ་བུ་གཉིས་པ་ལ་སོགས་པའི་རྣམ་དབྱེ་ཐམས་ཅད་ཀྱི་མཐར་ཡང་སླར་བསྡུ་སྦྱར་བ་ཡོད་པས། ཁྱེད་ལྟར་ན་དེ་རྣམས་ཀྱང་རྣམ་དབྱེ་དང་པོའི་དོན་ཅན་དུ་འདོད་དགོས་པའི་ཕྱིར་རོ”ཞེས་གསུངས་པ་ལྟར་རོ།
རྩོམ་པ་པོ་ངོ་སྤྲོད། ཚེ་དབང་ལྷ་མོ། (1959- ) སྐྱེས་ཡུལ་བོད་ལྗོངས་རྫ་ཡུལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཡིན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1