ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་བོད་སྐད་བརྡ་ཆད་གསར་པ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-01


          ཟླ་4པའི་ཚེས་28ཉིན། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཚོགས་སྐབས་བརྗེ་བའི་ཚོགས་འདུ་དང་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་བོད་སྐད་བརྡ་ཆད་གསར་པའི་སྤྱི་བསྒྲགས་ཚོགས་འདུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཨན་ཆི་དབྱི། སྤྱི་ཁྱབ་ལས་འཛིན་དགྲ་འདུལ། དེ་སྔའི་སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས། དེ་མིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུས་བདུན་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། སློབ་གསོ་པུའུ་སྐད་བརྡ་ཆ་འཕྲིན་སི། རྒྱལ་ཁབ་ཀྱི་བརྡ་ཆད་དང་བརྡ་དོན་ཐོན་ཁུངས་ཚད་གཞི་ཅན་གྱི་ཨུ་ཡོན་ལྷན་ཚོགས་སོགས་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་ཁྲིད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བོད་སྐད་ཡིག་གི་ཆེད་མཁས་པ་དང་བོད་ཀྱི་སྐད་བརྡའི་ལས་བྱེད་མི་སྣ་སོགས་ཁྱོན་བསྡོམས་མི་གྲངས་100ལྷག་ཚོགས་འདུར་ཞུགས། 
          ཚོགས་འདུ་ལས་“ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ”སོགས་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་བོད་སྐད་བརྡ་ཆད་གསར་པ་1500ཙམ་ཁྱབ་བསྒྲགས་བྱས་ཤིང་། ཨུ་ཡོན་41སྐབས་བཞི་པའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཚོགས་སུ་བདམས་པ་དང་། དགྲ་འདུལ་ཀྲུའུ་རེན་གྱི་ཨུ་ཡོན་ཏུ་བདམས།
          སྲི་ཐར་གྱིས་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་བརྡ་ཆད་ཚད་ལྡན་སྐོར་གྱི་སྒྲིག་གཞི་འཐུས་ཚང་དང་། སྒྲིག་སྲོལ་གསར་འཛུགས། བརྡ་ཆད་ཞིབ་བཤེར་གཏན་འབེབས་དང་དེའི་ཕྱི་ཕྱོགས་དྲིལ་བསྒྲགས་ལ་ཤུགས་བསྣན་པ་སོགས་གྲུབ་འབྲས་གལ་ཆེན་བླངས་པར་ཁས་ལེན་གང་ལེགས་བྱས། ད་རེས་བདམས་པའི་ཨུ་ཡོན་རྣམས་ཀྱིས་སྐབས་བརྗེ་བའི་གོ་སྐབས་ལ་བརྟེན་ནས། ལས་ཀར་ཧུར་བརྩོན་བགྱིས་ཏེ། དམངས་ཀྱི་རེ་བཞག་འགྲུབ་པར་བྱས་ནས། བོད་སྐད་བརྡ་ཆད་སྔར་བས་ཀྱང་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་གཏོང་དགོས་པའི་བླང་བྱ་བཏོན།
          སྲི་ཐར་གྱིས་ནན་བཤད་གནང་དོན། བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་ཀར་ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་བཟུང་དགོས་ལ། བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་ཀར་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་དགོས། དེ་ཡང་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། དེང་རབས་ཀྱི་ཀྲུང་གོའི་དངོས་ཡོད་ནས་རྐང་བཙུགས་ཤིང་། དེང་གི་དུས་རབས་ཀྱི་འབོད་སྐུལ་མངོན་པར་མཚོན་པ། དེང་རབས་ལ་ཁ་ཕྱོགས་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པ། མི་རིགས་ཀྱི་ཚན་རིག་གི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་ནས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

          སྲི་ཐར་གྱིས་ནན་བཤད་གནང་དོན། རྒྱལ་ཡོངས་ཀྱི་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ལ་ངེས་པར་དུ་མཐོང་ཆེན་བྱེད་དགོས། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ནི་བོད་སྐད་ཆོས་ཉིད་ལྟར་འཕེལ་རྒྱས་སུ་འགྲོ་བར་འབྲེལ་བ་ཆེ་ཞིང་། བོད་ཀྱི་ཕུལ་བྱུང་རིག་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་ཧྭའི་རིག་གནས་དབྱར་མཚོ་བཞིན་རྒྱས་པ་དང་། རྙིང་འབུད་གསར་འདོན་བྱེད་པ། ནམ་ཡང་མཚམས་ཆད་མེད་པ་ཞིག་ཡོང་བར་འབྲེལ་བ་ཆེ་བ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་ལའང་འབྲེལ་བ་ཆེའོ། །

          ཨན་ཆི་དབྱི་ཡིས་བསྟན་དོན། བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་འགན་སྲུང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དེ་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་བོད་རིག་པའི་རིག་གཞུང་ལས་ཁུངས་ཤིག་ཡིན་པའི་ཆ་ནས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་། གོང་སྤེལ། བརྟན་ལྷིང་བཅས་ལ་ཞབས་འདེགས་ཞུ་བའི་འགན་ནུས་ཡོད། ཕྱིན་ཆད་མུ་མཐུད་དུ་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་གཏོང་བའི་ལས་ཀའི་སྣེ་ཁྲིད་དེ། རྒྱལ་ཡོངས་ཀྱི་བོད་སྐད་ཆེད་ལས་མཁས་པ་དང་བོད་སྐད་ལས་བྱེད་མི་སྣའི་བརྩོན་སེམས་སྐུལ་སློང་སྒོས། བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཧུར་ཐག་གིས་ཀྲུང་དབྱང་གིས་ཐུགས་ཁུར་དང་། སྡེ་ཁག་གིས་མཉམ་ལས། ཆེད་མཁས་ཞུགས་ཤིང་། དམངས་ཚོགས་ཀྱིས་སྤྱོད་པར་འགྱུར་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ལ། བོད་སྐད་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་གཏོང་བའི་མ་ལག་འཐུས་ཚང་དུ་བཏང་ནས། བོད་སྐད་བརྡ་ཆད་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ལས་དོན་ཚན་རིག་དང་མཐུན་པར་སྐུལ་འདེད་ཆེན་པོ་གཏོང་དགོས། 

          སྐབས་བཞི་པའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དགྲ་འདུལ་གྱིས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། ཁོང་གིས་སྐབས་གསུམ་པའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་སྔར་བྱས་ལས་དོན་རྣམས་ལ་ཕྱིར་དྲན་དང་། བོད་སྐད་བརྡ་ཆད་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་གཏོང་བའི་ལས་དོན་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་ཀྱིས། མ་འོངས་པའི་ལས་འགན་གང་ཡིན་སྐོར་ལ་གསལ་ཁ་གཏོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1