༄༅།། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་ཚད་མའི་ཡོན་ཏན་བཀོད་པའི་ལེའུ་སྐོར་གླེང་བ།

བདེ་སྐྱིད་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-02



          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ནི་ལོ་ངོ་༡༢༠༠ལྷག་གི་སྔ་རོལ་ཏུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་ཞེས་པའི་ནང་གསེས་ཀྱི་ལེའུ་ཚད་མའི་ཡོན་ཏན་བཀོད་པའི་ལེའུ་ཞེས་པར་གཞིར་བཞག་སྟེ།  ཐོག་མར་ཚད་མའི་གཞུང་འདིའི་ནང་དོན་དང་བརྗོད་བྱ་ལ་དཔྱད་གླེང་བྱས་པ་བརྒྱུད།  རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཚད་མའི་ཡོན་ཏན་གྱི་ཆ་ནས་བཟུང་བའི་བཞེས་དགོངས་འཛིན་སྟངས་སོགས་ཀྱང་བཀྲལ་ཡོད་ལ།  དེ་དང་མཚུངས་པར་ང་ཚོས་དུས་རབས་བརྒྱད་པར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་གངས་ཅན་ཡུལ་དུ་ཚད་མ་རིག་པའི་རྒྱུན་ཆགས་ཡོད་པར་རྟོགས་ཐུབ་པ་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་ཞེས་པ་ནི།  སྐབས་དེར་བོད་གངས་ཅན་ཡུལ་དུ་སྤེལ་བའི་བོད་རང་ཉིད་ཀྱི་ཚད་མ་རིག་པའི་གཞུང་ལུགས་དང་དགོངས་དོན་སོགས་མངོན་པའི་དཔང་དངོས་ཤིག་ཏུ་འདོད་པ་གླེང་བའོ། །
          [བརྡ་ཆད་གཙོ་བོ། ] ཁྲི་སྲོང་ལྡེའུ་བཙན།  ཚད་མའི་ཡོན་ཏན།  དུས་རབས་བརྒྱད་པ།
          ཚད་མའི་ཡོན་ཏན་བཀོད་པའི་ལེའུ་ཞེས་པ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་ཞེས་པའི་ནང་གསེས་ཀྱི་ལེའུ་ཞིག་ཡིན་ལ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བརྩམས་ཆོས་གལ་ཆེན་ཞིག་དང་བོད་བརྒྱུད་ཚད་མའི་ལོ་རྒྱུས་སྟེང་གི་ཡིག་ཆ་རྙིང་པ་རྩ་ཆེན་ཞིག་ཀྱང་ཡིན་མོད། ཡིན་ན་ཡང་འདིའི་སྐོར་ལ་དེང་སྐབས་སྒོས་སུ་དོ་སྣང་དང་ཞིབ་འཇུག་མཛད་མཁན་མང་པོ་མེད་པས། གཤམ་དུ་བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་ཞེས་པའི་ནང་གསེས་ཀྱི་ལེའུ་ཚད་མའི་ཡོན་ཏན་བཀོད་པའི་ལེའུ་ཞེས་བྱ་བ་དཔྱད་གཞིར་བཟུང་ནས་དེའི་བརྗོད་བྱའམ་ནང་དོན་སྐོར་ལ་ཁོ་མོས་དཔག་ཚོད་ཙམ་གྱིས་ངོ་སྤྲོད་དང་དཔྱད་བརྗོད་རོབ་ཙམ་བྱ་བ་ལ།
དང་པོ།   ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་རྣམ་མདོར་བསྡུས་དང་ཁོང་གི་བརྩམས་ཆོས་ཀྱི་སྐོར།
          རྒྱལ་པོ་་ཁྲི་སྲོང་ལྡེའུ་བཙན་ནི་བོད་བཙན་པོའི་རྒྱལ་རབས་སོ་བརྒྱད་པ་ཡིན་ཏེ།བོད་ཆུ་རྟ་སྟེ་སྤྱི་ལོ་༧༤༢་ལོར་ཡབ་རྗེ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དང་ཡུམ་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་བསམ་ཡས་བྲག་དམར་དུ་སྐུ་འཁྲུངས་ཤིང༌། མཚན་ལ་ཁྲི་སྲོང་ལྡེ་བརྩན་དུ་གསོལ། འདི་ལ་ཁྲི་སྲོང་ལྡེ་བཙན་ཞེས་སུའང་འཁོད་ཡོད་པ་རེད། ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་ཆོས་སྲིད་ཕྱོགས་གང་ཐད་ནས་མཛད་རྗེས་ཆེན་པོ་བཞག་ཡོད་པའི་རྒྱལ་པོ་ཞིག་ཡིན། བཙན་པོ་དེ་ཉིད་དགུང་ལོ་ཆུང་དུས་ནས་རྒྱལ་སྲིད་ལ་མངའ་བརྙེས་པ་ཞིག་ཡིནཔ། དེ་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་ལྟར་ན། བོད་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་༧༥༥་ལོར་ཡབ་རྒྱལ་བོ་བཙན་པོ་ཁྲི་ལྡེ་གཙུག་བཙན་དགུང་དུ་གཤེགས་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནི་སྲིད་ཁྲིར་བཞུགས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འདི་ཉིད་ཀྱིས་སྲིད་འཛིན་གནང་བའི་སྐབས་སུ་བོད་ཀྱི་ཁྲིམས་སྲོལ་ངན་པ་ཁག་ཅིག་བཅོས་ཏེ་རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་དང་རྒྱལ་ཁྲིམས་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས་གཏན་ཏུ་ཕབ་ལ། ཁྱད་པར་དུ་ནང་བསྟན་ཆོས་ལུགས་དར་རྒྱས་སུ་བཏང་བས། བོད་ཁམས་ཡོངས་ལ་ནང་བ་སངས་རྒྱས་ཆོས་ལུགས་ཧ་ཅང་དར་ཁྱབ་ཏུ་སོང་བ་ན།  རྒྱལ་པོ་་ཁྲི་སྲོང་ལྡེའུ་བཙན་ཁོང་ཡང་བོད་ཀྱི་ལོ་རྒྱུས་སྟེང་ཡོངས་སུ་གྲགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་གྲས་སུའང་འཁོད་འདུག
          རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་ནང་བ་སངས་རྒྱས་ཆོས་ལུགས་དར་སྤེལ་དུ་བཏང་པ་དེ་ཡང་སྤྱི་ཚོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ལ་རག་ལས་ཡོད་དེ། བོད་ཆུ་ཕོ་སྟག་ལོ་སྟེ་སྤྱི་ལོ་༧༦༢ལོར་ཡས་མས་སུ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་གཉིས་སྤྱན་དྲངས་ཏེ་བོད་ཀྱི་དགོན་པ་དང་པོ་བསམ་ཡས་གཙུག་ལག་ཁང་བཞེངས། དབུ་རྩེ་ལྟེ་བར་ཕྱོགས་བཞི་མཚམས་བརྒྱད་དུ་གླིང་བཅུ་གཉིས་དང་།  ཉི་ཟླ་ལྷ་ཁང་།  ཇོ་མོ་གླིང་གསུམ་སོགས་ལྷ་ཁང་རབས་དང་རིམ་པར་བཞེངས།མཆོད་རྟེན་བརྩིགས། སད་མི་མི་བདུན་ལ་རབ་བྱུང་བསྒྲུབ་ཏུ་བཅུག་ནས་བོད་ཀྱི་དགེ་འདུན་གྱི་སྡེ་དང་པོ་དང་། བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལས་མཁར་ཆེན་བཟའ་མཚོ་རྒྱས་དང་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་བཅས་ཆོས་སྒོར་བཞུགས་པས་བཙུན་མའི་སྡེ་དང་པོའང་བསམ་ཡས་སུ་ཚུགས་པ་བཅས། བོད་ཀྱི་ནང་བསྟན་སྤེལ་བའི་སྲོག་ཤིང་བཙུགས། དེ་ནས་རྒྱ་གར་དང་བལ་ཡུལ་གྱི་ལོ་པཎ་མང་བོ་གདན་དྲངས་ནས་མདོ་སྡེ་དང་། འདུལ་བ།  མངོན་པ་སྡེ་སྣོད་གསུམ་དང་རྒྱུད་བཅས་བཀའ་བསྟན་མང་པོ་བོད་སྐད་དུ་བསྒྱུར་ཞིང་སྐད་གསར་བཅད་མཛད་པར་མ་ཟད། དེ་དག་ལ་ད་དུང་དཀར་ཆག་ཀྱང་བསྒྲིགས་ཤིང་། བན་བོན་གཉིས་ལ་ཆོས་ལུགས་དང་རིག་པའི་སྒོ་ནས་རྒྱལ་ཕམ་རྩོད་དུ་བཅུག་སྟེ་ནང་བ་སངས་རྒྱས་ཀྱི་ཆོས་ལུགས་རྒྱ་ཁྱབ་དུ་སྤེལ་པ་རེད། གཞན་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་ཧྭ་ཤང་མ་ཧཱ་ཡ་ན་གཉིས་ཀྱི་རྩོད་པའི་དཔང་བོར་བཞུགས་ཏེ་རྒྱ་གར་ནང་བསྟན་གྱི་ཡང་དག་པའི་ཆོས་རྒྱུན་བོད་དུ་སྤེལ་བར་གནང་བ་དང་། ནང་པ་སངས་རྒྱས་པའི་ཆོས་ལུགས་དང་བསྟུན་ནས་ཚད་མ་རིག་པ་དང་རིག་གནས་ཆེ་བ་ལྔ་སོགས་་བོད་གངས་ཅན་ཡུལ་དུའང་སྤེལ་བར་གནང་པའོ།     
          འདིར་སྨྲ་དགོས་པ་ཞིག་ནི་དུ་རབས་༨པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། བོད་ཀྱི་སྟོབས་དཔུང་ཆེས་ཆེར་རྒྱས་པས་མངའ་ཐང་ཡང་གངས་ལྗོངས་ཡུལ་ས་ཕྱོགས་ཀྱི་མཐའ་བཞིར་རྒྱ་བསྐྱེད་པ་ཡིན་ཏེ། མངའ་བའི་ས་ཕྱོགས་སུ་མཐོང་ཁྱབ་ཁྲི་སྡེ་ལྔ་བྱ་བ་སྲིད་འཛིན་གྱི་ས་གནས་སྒྲིག་གཞི་བཙུགས་ནས་དཔྱ་ཁྲལ་ཕབ། ནང་སྒོས་སུ་མངའ་ཁུངས་ཁམས་ཡས་མས་དང་ཕྱོགས་སོ་སོར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། སྒོམ་གྲྭ་ཆེན་པོ་ཕུག་བཞི་དང་བློ་སྦྱོང་གི་གྲྭ་ཆེན་པོ་བརྒྱད་སོགས་བཙུགས་ཤིང་། སྐྱེས་ཕོ་མོ་རྒན་གཞོན་འབངས་ཡོངས་ལ་ཡི་གེ་དང་དམ་པའི་ཆོས་སློབ་པར་བཅུག་ནས་ནང་བསྟན་དར་རྒྱས་སུ་བཏང་བར་མ་ཟད། གངས་ལྗོངས་ཉེར་འཁོར་གྱི་རྒྱལ་ཁབ་སོ་སོ་ནས་རིག་གནས་ལྔ་དང་རིག་གནས་འདྲ་མིན་སྣ་ཚོགས་མང་པོ་ནང་འདྲེན་བྱས་ཏེ་བོད་་ཀྱི་རིག་གནས་སྒོ་ཀུན་ནས་འཐུས་ཚང་དང་དར་སྤེལ་ཏུ་བཏང་པས། བོད་ཀྱི་རིག་གནས་དང་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། དམག་སྲིད་ཀྱང་བཙན་ཞིང་རྒྱས་ལ། ཆབ་སྲིད་ཀྱི་དབུ་འཕང་མཐོ་བ་དང་། བོད་ཀྱི་མངའ་ཐང་ཆེས་ཆེར་དར་ཡོད་པ་རེད། 
          གོང་དུ་འཕྲོས་བཞིན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཀྱི་རིག་གནས་དར་སྤེལ་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་ལ་མཛད་རྗེས་་རླབས་པོ་ཆེ་བཞག་ཡོད་པ་ལས། བླ་ལྷག་ཏུ་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡང་ཆོས་རྒྱལ་ཞིག་ཡིན་པས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཁོང་གིས་བསྟན་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་རྒྱ་ཆེ་ཞིང་གཏིང་ཟབ་མོ་མཛད་ཡོད་པར་མ་ཟད། བརྩམས་ཆོས་ཀྱང་མང་པོ་མཛད་ཡོད་པ་དེའི་སྐོར་ང་ཚོས་༼དཀར་ཆག་འཕང་ཐང་མ་༽ཞེས་ལས་མཐོང་གསལ་ཏེ།  དཔེར་ན།
          བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་གཙུག་ལག་ལ།
          གྲུབ་པའི་མཐའ་འགྲོ་བ།   ཤུ་ལོག་བཞི་བཅུ།
          བཀའ་ཡང་དག་པའི་ཚད་མ།   བམ་པོ་བཅུ་བདུན།
          དབུ་མའི་གཟེར་བུ། ཤུ་ལོག་སུམ་བཅུ།
          དེ་ན་གཤེགས་པའི་བརྡ་སྐད།  བམ་པོ་ལྔ།
          འཕགས་པ་རྣམ་པར་སྣང་མཛད་དང་
          ཤཱཀྱ་ཐུབ་པ་དང་།   བྱང་ཆུབ་སེམས་དཔའ་
          བརྒྱད་ལ་བསྟོད་པ།   ཤུ་ལོག
          འཕགས་པ་འཇམ་དཔལ་ལ་བསྟོད་པ།   ཤུ་ལོག།
          འཕགས་པ་བྱམས་པ་ལ་བསྟོད་པ་ཆེན་པོ་བམ་པོ༡དང་ཤུ་ལོག་བརྒྱ།
          འཕགས་པ་བྱམས་པ་ལ་བསྟོད་པ་ཆུང་ངུ།    ཤུ་ལོག་བརྒྱ་ལྔ་བཅུ།
          འཕགས་པ་མི་གཡོ་མགོན་པོ་ལ་བསྟོད་པ་ལྷ་བཙན་པོས་མཛད་པ་ཤུ་ལོག
          བསམ་གཏན་གྱི་དགོས་པ་བརྒྱད་བསྩལ་བ་ལྷ་བཙན་པོས་བཀའ་བཅད་པ་ལ་ཤུ་ལོག    ལྟ་བུ་དག་ཡིན་ལ།
          གོང་དུ་འཕྲོས་པ་དེ་དག་ནི་་ནང་དོན་གྱི་ཆ་ནས། གྲུབ་མཐའ་དང་།  ཚད་མ་དང་། དབུ་མ་དང་། བསྟོད་པ་དངབཅས་པ་ནང་དུ་འདུས་ཡོད་པ་ཞིག་རེད། གོང་གི་བརྩམས་ཆོས་འདི་དག་མ་གཏོགས། གཞན་ཡང་《ཤེ་ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་བ》ཞེས་ལེའུ་ཉེར་གསུམ་ཙམ་མཛད་ཡོད་པ་རེད།  རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བརྩམས་ཆོས་འདི་དག་ལས་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་བ།  ལེའུ་ཉེར་གསུམ་པ》་ཞེས་པ་དང་།《བཀའ་ཡང་དག་པའི་ཚད་མ། བམ་པོ་བཅུ་བདུན》་ཞེས་པ་གཉིས་པོ།   ད་ལྟ་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བསྐྲུན་ལ།   འདི་ནི་བོད་བཙན་པོའི་སྐབས་ཀྱི་ནང་བསྟན་ཆོས་ལུགས་དང་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་ཡིག་ཆ་དཀོན་པོ་དང་རྩ་ཆེན་དུ་གྱུར་འདུག  རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི། དགོང་ལོ་ལྔ་བཅུ་ང་ལྔ་པ་བོད་མེ་གླང་ལོ་སྟེ་སྤྱི་ལོ་༧༩༧ལོར་གཤེགས།
གཉིས་པ། ཚད་མའི་ཡོན་ཏན་བཀོད་པའི་ལེའུ་ཞེས་པའི་བརྗོད་བྱ།
          ཚད་མའི་ཡོན་ཏན་བཀོད་པའི་ལེའུ་ཞེས་པ་ནི།  གོང་དུ་འཕྲོས་ངཞིན་་དུས་རབས་བརྒྱད་པའི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་ཞེས་བྱ་བའི་ནང་གསེས་ཀྱི་ལེའུ་བཅོ་ལྔ་པ་དེ་ཡིན་ལ། མདོར་ན་འདི་ནི་དུས་རབས་བརྒྱད་པར་བོད་གངས་ཅན་ཡུལ་དུ་བྱུང་བའི་བོད་རང་ཉིད་ཀྱི་ཚད་མ་རིག་པའི་གཞུང་ཞིག་གི་ཚན་པ་ཞིག་ཏུ་གོ་དགོས་པར་འདོད།
          སྤྱིར་ཚད་མའི་ལོ་རྒྱུས་རྣམས་སུ་འཁོད་པ་ལྟར་ན།  ཚད་མ་རིག་པའི་གཞུང་ལུགས་འདིར་ཕྱི་རོལ་པའི་ལུགས་ཀྱི་ཚད་མ་རིག་པའི་གཞུང་ལུགས་དང་། ནང་པ་སངས་རྒྱས་པའི་ལུགས་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཁག་གཉིས་བྱུང་ཡོད་དེ། ཚད་མ་རིག་པའི་གཞུང་ལུགས་ཆེས་ཐོག་མ་ནི། ཕྱི་རོལ་པའི་ལུགས་ཀྱི་རིགས་པ་ཅན་པའི་སྟོན་པ་གོ་ཏ་མས་བརྩམས་པར་གྲགས་པའི་《རིགས་པའི་མདོར་གྲགས་པ》དེ་ཡིན་པར་མངོན་པ་དང་། ནང་པ་སངས་རྒྱས་པའི་ཚད་མ་རིག་པའི་གཞུང་ཐོག་མ་ནི《རྩོད་པའི་གྲུབ་པ་》ཞེས་བྱ་བའི་བསྟན་བཅོས་དེ་ཡིན་པར་བཤད། བོད་གངས་ཅན་གྱི་ཡུལ་དུ་དར་བའི་ཚད་མ་རིག་པ་འདི་ནི་ཕྱི་མ་སྟེ་ནང་པ་སངས་རྒྱས་པའི་ཚད་མ་རིག་པའི་གཞུང་དེ་ཡིན། དེ་ཡང་ནང་པ་སངས་རྒྱས་ཆོས་ལུགས་བོད་དུ་དར་སྤེལ་ལ་བརྟེན་ནས་དུས་རབས་བརྒྱད་པར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མངའ་བདག་མཛད་པའི་སྐབས་སུ། བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང་། ཞང་ཡེ་ཤེས་སྡེ། བཻ་རོ་ཙཱ་ན་བཅས་ཀྱིས་རྒྱ་གར་གྱི་ཚད་མ་རིག་པའི་གཞུང་ལུགས་ཀྱི་གཙུག་ལག་བོད་སྐད་དུ་བསྒྱུར་བས། བོད་གངས་ཅན་གྱི་ལྗོངས་འདིར་ཚད་མ་རིག་པའི་གཞུང་ལུགས་ཀྱི་དབུ་བརྙེས་ཏེ་དར་སྤེལ་བྱུང་བ་རེད།
          དེང་སྐབས་སུའང་།  ང་ཚོས《་དཀར་ཆག་འཕང་ཐང་མ་》ཞེས་དང་བསྟན་འགྱུར་ནང་དུ།   བོད་བཙན་པོའི་སྐབས་སུ་བོད་སྐད་དུ་བསྒྱུར་བའི་ཚད་མ་རིག་པའི་བསྟན་བཅོས་སྐོར་ཀྱི་་དཀར་ཆག་མཚན་བྱང་དང་གཞུང་ལ་སོགས་པ་མིག་གིས་མཐོང་རྒྱུ་ཡོད་པ་དང་།  བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང་ཞང་ཡེ་ཤེས་སྡེ་བཅས་ཀྱིས་རྒྱ་གར་གྱི་མཁས་དབང་དཔལ་ལྡན་ཆོས་ཀྱི་གྲགས་པ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། སློབ་དཔོན་དགེ་སྲུངས་སོགས་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་སྐོར་ཞིག་བོད་སྐད་དུ་བསྒྱུར་ཡོད་ལ།  འདིའི་སྐོར་《དཀར་ཆག་འཕང་ཐང་མ་》རུའངམངོན་པར་གསལ་བ་སྟེ། དེ་ལ་《དཀར་ཆག་འཕངཐང་མ་》རུ། 
          ཏར་ཀའི་ཕྱོགས་ལ་ཞེས་པའི་ཚན་པ་ལས་ཡང་།      
          ལས་དང་འབྲས་བུ་འབྲེལ་པ་རྟགས་པའི་བམ་པོ་གཉིས། ཞེས་དང་། དེའི་འགྲེལ་པ་བམ་པོ་གསུམ།
          གཏན་ཚིགས་ཀྱི་ཐིགས་པའི་རྩ་བ།  ཤུ་ལོག་ཉིས་བརྒྱ་ཞེས་དང་།   དེའི་རྒྱ་ཆེར་འགྲེལ་བ་བམ་པོ་བཅུ་གཉིས།  ཐམས་ཅད་མཁྱེན་པ་གྲུབ་པ།   ཤུ་ལོག་ཀ་ལྔ་བཅུ་ཞེས་དང་།      
          སྤྱི་ཐ་མི་དད་དགག་པ།  ཤུ་ལོག་ཉི་ཤུ་རྩ་གཅིག་ཅེས་དང་།   
          སྤྱི་ཐ་དད་པ་དགག་པ།  ཤུ་ལོག་བཞི་བཅུ་རྩ་གཉིས་ཞེས་དང་།  
          བདག་མེད་པ་གྲུབ་པ།  ཤུ་ལོག་བདུན་བཅུ་རྩ་གཅིག་ཅེས་དང་། 
          རིགས་པའི་ཐིགས་པ་བམ་པོ་གཅིག་ཅེས་དང་།     དེའི་འགྲེལ་པ་བམ་པོ་གསུམ་དང་།   
          རིགས་པའི་ཐིགས་པའི་ཕྱོགས་སྔ་མ་ཤུ་ལོག་བརྒྱ་ཞེས་དང་།  
          རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་བམ་པོ་ཕྱེད།    
          རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།  ཤུ་ལོག་བརྒྱ་ཞེས་དང་།    དེའི་འགྲེལ་བཤད་བམ་པོ་གཅིག་དང་ཤུ་ལོག་བརྒྱ་ལྔ་བཅུ་རྩ་ལྔ།    
          དམིགས་པ་བརྟག་པའི་རབ་ཏུ་བྱེད་པ་ལ་ཤུ་ལོག་བརྒྱ་ཞེས་དང་།   དམིགས་པ་བརྟག་པའི་འགྲེལ་པ།  ཤུ་ལོག་གསུམ་བཅུ་རྩ་བཞི་ཞེས་དང་།   དམིགས་པ་བརྟག་པའི་འགྲེལ་བཤད།  བམ་པོ་གཅིག་ཅེས་དང་། 
          དེ་བཞིན་གཤེགས་པ་རྟག་པར་གྲུབ་པ་ཤུ་ལོག་ཉི་ཤུ་རྩ་གཅིག་ཅེས་དང་།
          དབུ་མ་བརྟག་པ་ཤུ་ལོག་ཉི་ཤུ་རྩ་གཉིས་ཞེས་སོགས་ཚད་མ་རིག་པའི་སྐོར་ཀྱི་་དཀར་ཆག་མཚན་བྱང་ཉི་ཤུ་རྩ་བརྒྱད་བསྒྲིགས་ཡོད།  
          གཞན་ཡང་ཏར་ཀའི་སྒྱུར་འཕྲོ་ཞེས་དང་།   ཚད་མ་རྣམ་འགྲེལ་སྒྱུར་འཕྲོ།   བམ་པོ་བཅུ་གཅིག ཅེས་པ་སོགས་དཀར་ཆག་གི་མཚན་བྱང་མང་པོ་སྣང་མོད། འདི་གར་ཞིབ་མོ་བཀོད་མེད།  
          《དཀར་ཆག་འཕང་ཐང་མ》ཞེས་པ་ལས་བཀོད་པའི་ཚད་མའི་བསྟན་བཅོས་ལྟར་བརྟགས་ན། དུས་རབས་བརྒྱད་པ་ནས་དགུ་བའི་བར་ལ་བོད་སྐད་དུ་བསྒྱུར་བའི་ཚད་མའི་གཞུང་གི་སྐོར་ལ། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་《ལས་དང་འབྲས་བུ་འབྲེལ་པ་རྟགས་པ་》ཞེས་བྱ་བ་དང་།《རྒྱུད་གཞན་གྲུབ་པ་》ཞེས་བྱ་བ་དང་།《གཏན་ཚིགས་ཐིགས་པ》་ཞེས་བྱ་བ་དང་།  སློབ་དཔོན་ཕྱོགས་གླང་གིས་མཛད་པའི་《དམིགས་པ་བརྟག་པའི་རབ་ཏུ་བྱེད་པ་》ཞེས་པ་དང་།  དེའི་འགྲེལ་པ་བཅས་དང་། སློབ་དཔོན་དུལ་བ་ལྷས་མཛད་པའི་《གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་བ་ 》དང།《དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ་》བཅས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་《རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་》དང་།སློབ་དཔོན་དགེ་སྲུངས་ཀྱིས་མཛད་པའི་《ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུ་ 》ཞེས་དང་།《ཐོས་པ་བརྟག་པའི་ཚིག་ལེའུ་ 》ཞེས་བཅས་པ་་ལ་སོགས་རྒྱ་གར་གྱི་ཚད་མ་རིག་པའི་སློབ་དཔོན་ཆེན་མོའམ་མཁས་མཆོག་རྣམས་ཀྱི་ཚད་མ་རིག་པའི་གཞུང་འདུས་འདུག་པས།  བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ནི་རྒྱ་གར་གྱི་ཚད་མ་རིག་པའི་སློབ་དཔོན་ཆེན་མོའམ་མཁས་མཆོག་འདི་རྣམས་ཀྱི་ཚད་མ་རིག་པའི་གཞུང་དང་འབྲེལ་འདུག་ཅིང་།  ཁྱད་པར་དུ་རྒྱ་གར་གྱི་ཚད་མ་རིག་པའི་གཞུང་འདི་རྣམས་ནི་བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཀྱི་རྨང་གཞིར་གྱུར་ནས། བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པར་ཤན་ཤུགས་ཆེན་པོ་ཐེབས་ཡོད་པར་མ་ཟད། བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཀྱི་རྐང་ཚུགས་པའི་རྨང་གཞི་ནི།  ཚད་མཐོ་པོ་ཞིག་ལ་གཞིར་བྱས་ནས་རྐང་ལེགས་པོ་ཚུགས་ཡོད་པ་ཞིག་ཏུ་འཁུམས་པ་ན་སྙམ། 
          དེ་བས་དུས་རབས་བརྒྱད་པའི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་ 》ཞེས་བྱ་པ་ནི། རྒྱ་གར་གྱི་ཚད་མ་རིག་པའི་གཞུང་ལུགས་བོད་སྐད་དུ་བསྒྱུར་ནས་གངས་ཅན་བོད་དུ་ཚད་མ་རིག་པའི་གཞུང་ལུགས་ཀྱི་རྐང་ཚུགས་ཤིང་རྒྱུན་ཆགས་སུ་བྱུང་བའི་མཚོན་རྟགས་སམ་དཔང་པོ་ཞིག་ཡིན་པར་གོར་མ་ཆག་ལ། འདི་ནི་བོད་སྐད་དུ་བསྒྱུར་པའི་རྒྱ་གར་གྱི་ཚད་མ་རིག་པའི་གཞུང་རྣམས་ལ་གཙོ་གཞིར་བཟུང་བ་དང་།  རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཁོང་ཉིད་ཀྱི་རྣམ་དཔྱོད་དང་བློ་གྲོས་ལ་བརྟེན་ནས་བརྩམས་པར་གནང་བའི་ཚད་མ་རིག་པའི་གཞུང་ཞིག་ཡིན་པའང་རྟོགས་ཐུབ།
          དཔྱད་རྩོམ་འདིའི་བརྗོད་གཞིར་བྱས་པའི་《ཚད་མའི་ཡོན་ཏན་བཀོད་པའི་ལེའུ་》ཞེས་བྱ་བའི་བརྗོད་བྱ་གཙོ་བོ་ནི།《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ 》ཞེས་པ་དེའི་བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་སྐོར་གསུངས་ཡོད་པ་ཞིག་རེད།  དེ་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྣམ་པ་དུ་མའི་སྒོ་ནས་་གསུང་ཡོད་དེ། བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་ནི་འཇིག་རྟེན་འདི་དང་།  འཇིག་རྟེན་ཕ་རོལ་གཉིས་ཀའི་དོན་དུ་འགྱུར་པ་དུ་མ་ཞིག་ཡོད་པ་ལས་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་ཡིན།  ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་ཡིན།  ཕན་ཡོན་གྱི་ལེགས་པ་དང་ལྡན་པ་ཡིན་ནོ།  ཞེས་པ་ལས།  དང་པོ་དེར་ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་ལ་ཡང་ལྔར་དབྱེ་ཡོད་དེ།
          གཅིག་ནི་ཚད་མ་ཡོངས་སུ་དག་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ།
          གཉིས་ནི་གཞལ་བྱ་ཕུན་སུམ་ཚོགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཆུབ་པ།
          གསུམ་ནི་སྒྲུབ་པ་ཡན་ལག་ཡོངས་སུ་རྫོགས་པ།
          བཞི་ནི་ལྟ་བ་རྣམ་པར་དག་པ།
          ལྔ་ནི་ཚད་མ་བྱེ་བྲག་རབ་ཏུ་ཤེས་པར་འགྱུར་པ།
          རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡོངས་སུ་དག་པའི་ཡོན་ཏན་རྫོགས་པའི་ཚད་མའི་ཡོན་ཏན་དེ་ཡོན་ཏན་ལྔ་ཡི་ཆ་ནས་བརྗོད་འདུག་སྟེ། ཡོངས་སུ་དག་པའི་་ཡོན་ཏན་རྫོགས་པ་ཞེས་ནང་གསེས་ཀྱི་ཡོན་ཏན་དེ་ལྔ་ལས།    
          དང་པོ་དེ་ཚད་མ་ཡོངས་སུ་དག་པས་འགྲུབ་པ་ལ་གཅིག་ཏུ་ངེས་དགོས་ན།  དེ་ལ་ཡང་ཚད་མ་ཡོངས་སུ་དག་པའི་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མ་བཅས་ཚད་མ་གསུམ་པོ་རེ་རེ་ལ་ཡང་། མཚན་ཉིད་ལྔ་ལྔ་དང་སྦྱར་བ་གཅིག་གིས་གཅིག་སྦྱངས་ཏེ། གཏན་ལ་ཕས་པས་ན་འགྲུབ་པ་ལ་གཅིག་ཏུ་ངེས་པར་འགྱུར་པ་ཡིན་ནོ། ། ཞེས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསུངས་སོ།།
          གཉིས་པ་གཞལ་བྱ་ཕུན་སུམ་ཚོགས་པས་འཇིག་རྟེན་་དང་འཇིག་རྟེན་ལས་འདས་པའི་ཆོས་ཆུབ་པ་ནི།  དུ་བ་ལས་མེ་ཡོད་པར་དཔག་པ་ལྟ་བུ་ཕྱུགས་རྫི་ཡན་ཆད་ཀྱིས་ཤེས་པ་ལས་གཞལ་བ་མ་ཡིན་གྱི་ཐམས་ཅད་མཁྱེན་པ་དང་། འཇིག་རྟེན་ཕ་རོལ་ལ་སོགས་ཏེ་མི་ལས་བླ་མ་གྱུར་པའི་ཆོས་དང་།  མིའི་ཆོས་ཀྱང་སྨོས་པས་ན་གཞལ་བྱའི་ཡུལ་ཆུབ་པར་བསྟན་པ་ཡིན་ནོ།  ཞེས་པ་་ཇི་བཞིན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་བྱང་དུ་ཆུབ་པ་ན་དུ་བ་ལས་མེ་ཡོད་པར་ཤེས་པ་ལྟ་བུ་གཞལ་བ་མ་དགོས་ལ་ཐམས་ཅད་མཁྱེན་པ་དང་། དེ་བཞིན་དུ་མི་ཞིག་བླ་མ་གྱུར་པའི་ཆོས་དང་།  མིའི་ཆོས་ཀྱང་སྨོས་པས་ན།   ཐོག་མར་གཞལ་བྱའི་ཡུལ་དེ་ཤེས་པའམ་ཁོང་དུ་ཆུད་པ་དང་ཆུབ་པར་བྱ་དགོས་པ་རེད་སེམས་སོ།
          གསུམ་པ་སྒྲུབ་པ་ཡན་ལག་ཡོངས་སུ་རྫོགས་པ་ནི།  འབྲས་བུ་ཡོད་པར་དམ་བཅའ་བ་དང་།  བཏན་ལ་དབབ་པའི་ཡན་ལག་བདུན་གྱི་ཚུལ་གྱིས་བཅས་ནས་སྣོད་དང་སྦྱར་ཏེ་སྨྲ་བའི་རྒྱན་ལས་འབྱུང་བ་དང་ལྡན་པར་སྟོན་པས་ན།  ཚིག་དང་དོན་དུ་བཅས་པའི་རྣམ་པ་དང་ལྡན་ནོ། ཞེས་དང་།
          བཞི་བ་ལྟ་བ་རྣམ་པར་དག་པ་ནི།  ཆོས་རྣམས་ལ་ཚད་མ་ཡོངས་སུ་དག་པས་གཞལ་ཏེ།  ཡང་དག་པ་ཇི་ལྟ་བཞིན་དུ་རྟོགས་པས་ན་བདག་ཉིད་ཀྱང་ཡང་དག་པའི་ལྟ་བ་ལ་གནས་ཤིང་གཞན་ཡང་ཡང་དག་པའི་ལྟ་བ་འཇོག་པ་ཡིན་ནོ། ཞེས་དང་།
          ལྔ་པ་ཚད་མ་བྱེ་བྲག་རབ་ཏུ་ཤེས་པར་འགྱུར་པ་ནི། ཚད་མ་བྱེ་བྲག་ཤེས་པས་ན་འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པའི་ཚད་མ་ཐམས་ཅད་ཀྱང་།  བཀའ་ཡང་དག་པའི་ཚད་མ་བཤད་པའི་ནང་དུ་འདུས་ཏེ་ཚད་མ་ཡོངས་སུ་དག་པ་དང་མ་དག་པའི་བྱེ་བྲག་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ།
          ཞེས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་འཇིག་རྟེན་འདི་དང་།  འཇིག་རྟེན་ཕ་རོལ་གཉིས་ཀའི་དོན་དུ་འགྱུར་པ་དུ་མ་ཞིག་ཡོད་པ་ཞེས་པའི་སྒོ་ནས་ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་ལ་འདུས་པའི་དོན་རྣམས་རྣམ་པ་ལྔའི་ཕྱོགས་ནས་གསལ་བར་གསུངས་ཡོད་པ་རེད།  དེ་ལས་བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་ཏེ།  ཚད་མ་ཡོངས་སུ་དག་པའི་ཡོན་ཏན་རྫོགས་པའི་བརྗོད་གཞི་གསལ་བར་བསྟན་འདུག རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ཡང་དག་པའི་ཚད་མ་ལ་འཛིན་པའི་ལྟ་བ་ལ་ཅུང་ཟད་དཔྱད་ན། གོང་དུ་བརྗོད་པའི་ཚད་མའི་ཡོན་ཏན་འདི་ལྔ་ལྡན་པ་ན།   བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་ཏེ།  འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་གཉིས་ཀའི་དོན་དུ་འགྱུར་པ་དུ་མ་ཞིག་ཡོད་པ་ལས་ཚད་མ་ཡོངས་སུ་དག་པའི་་ཡོན་ཏན་རྫོགས་པར་འདོད་པ་ཞིག་ལའོ།  
          གཉིས་པ་སྟེ། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་ནི།  དེ་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་གང་ཞེ་ན། རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། འགལ་བ་མེད་པ་ཡིན།  མ་ངེས་པ་མེད་པ་ཡིན། སོ་སོའི་སྐྱེ་བོའི་ནོར་བ་མེད་པ་ཡིན་ནོ།།  ཞེས་དང་། ནང་གསེས་སུ་དང་པོ་དེ་འགལ་བ་མེད་པ་ནི། ཆོས་གང་ལ་ཡང་རྟགས་དང་འབྲས་བུའི་བར་གྱི་རྣམ་པར་དྲུག་པོ་དམིགས་ཀྱིས་ཕྱེ་བས་ན་འགལ་བ་མེད་པ་རྣམ་པ་གཉིས་ཏེ་མཐུན་པར་དམིགས་པ་ལ་མི་མཐུན་པའི་མཚན་ཉིད་ཀྱིས་འགལ་བ་མེད་པ་ཡིན།  མི་མཐུན་པར་དམིགས་པ་ལ་མཐུན་པའི་མཚན་ཉིད་ཀྱིས་འགལ་བ་མེད་པ་ཡིན་ནོ།། ཞེས་གསུངས་ཡོད་པ་རེད།
          གཉིས་པ་དེ་མ་ངེས་པ་མེད་པ་ཞེས་པ་ལ་ནི།  རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དེ་ལ་མ་ངེས་པ་ཡང་རྣམ་པ་གཉིས་ཏེ།  ཡུལ་གྱི་བྱེ་བྲག་མི་རྟོགས་ཤིང་ལུང་དུ་མི་སྟོན་པའི་མཚན་ཉིད་མེད་པ་ཡིན།  སྲིད་པ་ཙམ་ཞེས་ཐེ་ཚོམ་སྐྱེ་བར་སྒྲུབ་པ་མེད་པ་ཡིན་ནོ། ཞེས་གསུངས་ཡོད་པ་རེད།     
          གསུམ་པ་དེ་སོ་སོའི་སྐྱེ་བོའི་ནོར་བ་མེད་པ་ནི།  རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དེ་ལ་སོ་སོའི་སྐྱེ་བོའི་ནོར་བ་མེད་པ་ཡང་རྣམ་པ་གཉིས་ཏེ།  བདག་གི་རྟོག་པ་འདིར་རིས་སུ་བྲིས་པ་མེད་པ་ཡིན།  གཞན་གྱི་དྲིང་ལ་འཇོག་ཅིང་ཟག་པ་ལ་བརྟེན་པ་མེད་པ་ཡིན་ནོ། ཞེས་གསུངས་ཡོད་པ་རེད།
          གོང་འཕྲོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསུངས་པའི་ཚད་མའི་ཡོན་ཏན་ཏེ། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པར་གཞིགས་ཚེ།  འགལ་བ་མེད་པ་དང་།  མ་ངེས་པ་མེད་པ། སོ་སོའི་སྐྱེ་བོའི་ནོར་བ་མེད་པ་བཅས་ནི།  བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་ཏེ། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པར་གྱུར་པའི་རྒྱུ་རྐྱེན་རེད། གལ་ཏེ་བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་ཏེ། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པར་གྱུར་དགོས་ན།  ཡང་དག་པའི་ཚད་མའི་རྒྱུ་རྐྱེན་དེ་དག་ངེས་པར་ལྡན་དགོས་སོ།།
          གསུམ་པ་སྟེ།  བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་ཏེ། ཕན་ཡོན་གྱི་ལེགས་པ་དང་ལྡན་པ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཕན་ཡོན་གྱི་ལེགས་པ་དང་ལྡན་པ་གང་ཞེ་ན།  རྣམ་པ་གཉིས་ཏེ།  ཐམས་ཅད་མཁྱེན་པས་གསུངས་བཞིན་དུ་བྲིས་ཏེ་ཆོས་ལ་བརྟེན་པས་དེ་བཞིན་གཤེགས་པའི་བྱིན་གྱིས་བྱིན་དུ་བརླབས་ཤིང་སྒྲུབ་པ་ལ་མཐུ་ཆེན་པོ་ཡིན།  དཔལ་གྱི་ཞལ་ནས་གསུངས་པ་ནང་གཅིག་གིས་གཅིག་བཀྲོལ་ཏེ། ལྷད་མ་ཞུགས་པའི་གསུང་རབ་ཉིད་ཡིན་པས་གང་གིས་བཀླགས་པ་དང་ཐོས་པ་དང་།  བསམས་པ་ཙམ་གྱིས་ཀྱང་སྡིག་པ་འབྱང་ཞིང་བསོད་ནམས་འཕེལ་བ་ཡིན་ནོ།  ཞེས་གསལ་བས།  ཕན་ཡོན་གྱི་ལེགས་པ་དང་ལྡན་པའི་ཡང་དག་པའི་ཚད་མའི་ཡོན་ཏན་ནི། གལ་ཆེན་ཏུ་འཛིན་པ་དང་།  ཕན་ཡོན་གྱི་ལེགས་པ་དང་ལྡན་པ་ན།  སྒྲུབ་པ་ལ་མཐུ་ཆེ་དང་།  དཔལ་གྱི་ཞལ་ནས་གསུངས་པའི་ཆོས་རྣམས་ཀྱང་ནང་གཅིག་གིས་གཅིག་བཀྲོལ་ཐུབ་པ་དང་།  སྟོན་པའི་ལྷད་མ་ཞུགས་པའི་གསུང་རབ་རྣམས་གང་གིས་བཀླགས་པ་དང་ཐོས་པ་དང་། བསམས་པ་ཙམ་གྱིས་ཀྱང་སྡིག་པ་ཐམས་ཅད་འབྱང་ཞིང་སེལ་པ་ལ། དེར་བརྟེན་ནས་ཚོགས་བསགས་ཤིང་བསོད་ནམས་འཕེལ་བ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ལྟ་དགོངས་་གཙོ་བོ་དེ་སྙམ་མོ། །
          གོང་དུ་བསྟན་པའི་ཚད་མའི་ཡོན་ཏན་རྣམ་པ་གསུམ་ནི། ཚད་མའི་ཡོན་ཏན་བཀོད་པའི་ལེའུ་ཞེས་པའི་བརྗོད་བྱ་གཙོ་བོ་ཡིན་ལ།རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་》ཞེས་པའི་ཚད་མའི་ཡོན་ཏན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་མངོན་པ་ལས།  གཞན་ད་དུང་ཐུན་མོང་མ་ཡིན་པ་ཞིག་ལ།  བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་་རྣམ་པ་འདི་གསུམ་ནི་འཇིག་རྟེན་འདི་དང་།  འཇིག་རྟེན་ཕ་རོལ་གཉིས་ཀའི་དོན་དུ་འགྱུར་པ་དུ་མ་ཞིག་ཡོད་པ་ལས་མདོར་བསྡུ་བའམ་གཞི་བཅོལ་ནས་གསུངས་ཡོད་པ་རེད། དེ་ཡང་རིམ་པ་བཞིན་དུ་ཚད་མའི་ཡོན་ཏན་རྣམ་པའམ་རྣམ་གྲངས་དུ་མ་གྱེས་པའི་སྒོ་ནས་ཞིབ་པར་དབྱེ་ཞིང་། ཚད་མའི་ཡོན་ཏན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྟན་ཡོད་པར་མ་ཟད། དེའི་དགོངས་དོན་རྣམས་ཀྱང་ལེགས་པར་མངོན་ཏེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཚད་མའི་ཡོན་ཏན་གྱི་ལྟ་བའི་ཆ་དེ་བཀྲལ་འདུག དེ་ལས་ང་ཚོས་དུས་རབས་བརྒྱད་པའི་སྐབས་ཀྱི་བོད་ཀྱི་ཚད་མའི་རིག་གཞུང་ངམ་གཞུང་ལུགས་ཀྱི་དགོངས་དོན་དང་ཚད་མའི་ཡོན་ཏན་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པར་ནུས་སོ།།
གསུམ་པ།   མཇུག་བསྡུ་བ།
          གོང་སྨོས་བཞིན་དུས་རབས་བརྒྱད་པའི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་》ཞེས་བྱ་པའི་ནང་གསེས་ཀྱི་བམ་པོ་བཅོ་ལྔ་པའམ་ལེའུ་བཅོ་ལྔ་པ་སྟེ།  ཚད་མའི་ཡོན་ཏན་བཀོད་པའི་ལེའུ་ཞེས་པའི་བརྗོད་གཞི་གཙོ་བོ་ནི། བཀའ་ཡང་དག་པའི་ཚད་མ་རྣམ་པ་ཐམས་ཅད་དང་ལྡན་པའི་ཡོན་ཏན་སྐོར་གསུངས་ཡོད་དེ། ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་དང་། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་དང་།  ཕན་ཡོན་གྱི་ལེགས་པ་དང་ལྡན་པ་་བཅས་རྣམ་པ་གསུམ་གྱི་སྒོ་ནས་དང་པོ་ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་ལ།  འགྲུབ་པ་ལ་གཅིག་ཏུ་ངེས་པར་ཚད་མ་ཡོངས་སུ་དག་པའི་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་དང་།  ཡིད་ཆེས་པའི་ལུང་གི་ཚད་མ་བཅས་ཚད་མ་གསུམ་དང་མཚན་ཉིད་ལྔ་རེ་རེ་རིམ་པ་བཞིན་དང་སྦྱར་བ་གཅིག་གིས་གཅིག་སྦྱངས་ཏེ་གཏན་ལ་ཕབ་པ་དང་། གཞལ་བྱ་ཡུལ་ཆུབ་པ་དང་། སྒྲུབ་པ་ཡན་ལག་ཡོངས་སུ་རྫོགས་པ་དང་། ལྟ་བ་རྣམ་པར་དག་པ་དང་།  ཚད་མ་བྱེ་བྲག་རབ་ཏུ་ཤེས་པར་འགྱུར་པ་བཅས་ཀྱི་ཚད་མ་རིག་པའི་གཞུང་ལུགས་རྣམས་རྟོགས་དགོས་པའི་ཚད་མའི་ཡོན་ཏན་རྣམས་ཆ་གཙོ་བོར་བཟུང་ནས་་བཀོད་ཡོད་པའོ། །
          གཉིས་པ་ལ་ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་ལ་རྣམ་པ་གསུམ་ཏེ། འགལ་བ་མེད་པ་དང་།  མ་ངེས་པ་མེད་པ་དང་། སོ་སོའི་སྐྱེ་བོའི་ནོར་བ་མེད་པ་བཅས་།རྟགས་དང་འབྲས་བུ་དང་། ཡུལ་གྱི་བྱེ་བྲག་དང་སྲིད་པ་ཙམ་ཞེས་དང་།  བདག་གི་རྟོག་པ་དང་གཞན་གྱི་དྲིང་བ་ལ་སོགས་ཚད་མ་རིག་པའི་གཞུང་ལུགས་ཀྱི་ཆ་ནས་ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པའི་ཚད་མའི་ཡོན་ཏན་རྣམས་བརྗོད་བྱ་གཙོ་བོར་གྱུར་ཡོད་པ་རེད།
          གསུམ་པ་ལ་ཕན་ཡོན་གྱི་ལེགས་པ་དང་ལྡན་པ་ལ་རྣམ་པ་གཉིས་ཏེ།  ཐམས་ཅད་མཁྱེན་པ་དང་། ལྷད་མ་ཞུགས་པའི་གསུང་རབ་ཉིད་བཅས་དོན་གྱིས་ཕན་ཡོན་གྱི་ལེགས་པ་དང་ལྡན་པའི་ཚད་མའི་ཡོན་ཏན་ནི་བརྗོད་བྱ་གཙོ་བོར་ཡིན་པའོ།།
          རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཚད་མའི་ཡོན་ཏན་རྣམ་པ་གསུམ་དུ་བཀོད་པ་འདི་ལས།  རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཚད་མའི་ཡོན་ཏན་ཕྱོགས་ཀྱི་ལྟ་བ་གསལ་བོ་མཚོན་ཡོད་དེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དེ་ལྟར་བཀའ་ཡང་དག་པའི་ཚད་མ་འདི་ཡོན་ཏན་གསུམ་དང་ལྡན་པས་ན་ཚོགས་ཀྱི་རྒྱུར་འགྱུར་རོ།།  དེ་གང་ཞེ་ན།  ཡོངས་སུ་དག་པའི་མཚན་ཉིད་རྫོགས་ཤིང་ཡོངས་སུ་མ་དག་པའི་་སྐྱོན་མེད་་པས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུར་འགྱུར་རོ།། ཕན་ཡོན་གྱི་ལེགས་པ་དང་ལྡན་པས་ནིབསོད་ནམས་་ཀྱི་ཚོགས་ཀྱི་རྒྱུར་འགྱུར་རོ།། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་དོན་དུ་བྱ་བ་ཡང་གཉིས་སུ་འདུས་སོ།།   དེ་ལྟར་ཚོགས་གཉིས་ཡོངས་སུ་འགེངས་པའི་ཡོན་ཏན་བརྗོད་པས་ན་ཚད་མའི་ཡོན་ཏན་བཀོད་པར་བརྟགས་སོ།།  ཞེས་གསུངས་པས།  ཚད་མ་རིག་པའི་གཞུང་ལུགས་ཀྱི་ལམ་ལ་བརྟེན་ནས་ཚོགས་གཉིས་ཡོངས་སུ་འགེངས་པའི་ཡོན་ཏན་བརྗོད་པ་དང་། བཀའ་ཡང་དག་པའི་ཚད་མའི་ཡོན་ཏན་གསུམ་དང་ལྡན་པས་ན།  ཚོགས་ཀྱི་རྒྱུར་འགྱུར་པར་གཏན་ལ་ཕབ་པ་དང་། མཐར་ཐུག་གི་དགོངས་དོན་དང་གནས་ལུགས་མངོན་པར་གནང་བར་འདུག་གོ།།
          སྤྱིར་《ཚད་མའི་ཡོན་ཏན་བཀོད་པའི་ལེའུ་》ཞེས་པ་ནི་།  དུས་རབས་བརྒྱད་པའི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་》ཞེས་བྱ་བའི་ནང་གསེས་ཀྱི་དོན་ཚན་ཞིག་ཡིན་ན་ཡང་།   དེ་ལས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཚད་མ་རིག་པའི་གཞུང་གི་བརྗོད་བྱ་དང་ཚད་མའི་ཡོན་ཏན་གྱི་ལྟ་བ་བཀྲལ་ཡོད་པ་ལས།  གཞན་ཡང་དུས་རབས་བརྒྱད་པར་བོད་གངས་ཅན་ཡུལ་དུ་སྤེལ་བའི་བོད་རང་ཉིད་ཀྱི་ཚད་མ་རིག་པའི་གཞུང་ལུགས་དང་དགོངས་དོན་སོགས་ཀྱང་མངོན་ཡོད་པར་བརྟེན།   གལ་འགངས་ཤུན་ཏུ་ཆེ་བ་རེད་འདོད་དོ།

[རྩོམ་པ་པོ་ངོ་སྤྲོད།] བདེ་སྐྱིད་སྒྲོལ་མ་ནི་ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེ་མོ་བ་ཡིན།

[1]《དཀར་ཆག་འཕང་ཐང་མ་》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ་༡༢ པའི་པར་གཞི་དང་པོ། ཤོག་གྲངས་༤༧ནས་༤༨བར།
[2]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》(སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།      ༢༠༡༣ལོའི་ཟླ་༡༠བའི་པར་གཞི་དང་པོ། ཤོག་གྲངས༦༡༡ ལ་གསལ།
[3]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》(སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོའི་ཟླ་༡༠ བའི་པར་གཞི་དང་པོ། ཤོག་གྲངས༦༡༡ ལ་གསལ།
[4]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》(སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོའི་ཟླ་༡༠ བའི་པར་གཞི་དང་པོ། ཤོག་གྲངས༦༡༢ལ་གསལ།
[5]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》(སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོའི་ཟླ་༡༠ བའི་པར་གཞི་དང་པོ། ཤོག་གྲངས༦༡༢ ལ་གསལ།
[6]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》( སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོའི་ཟླ་༡༠ བའི་པར་གཞི་དང་པོ། ཤོག་གྲངས༦༡༢ ལ་གསལ།
[7]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》( སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ་༡༠ བའི་པར་གཞི་དང་པོ། ཤོག་གྲངས༦༡༢ ལ་གསལ།
[8]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》(སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོའི་ཟླ་༡༠ བའི་པར་གཞི་དང་པོ། ཤོག་གྲངས༦༡༢ ལ་གསལ།
[9]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》(སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོའི་ཟླ་༡༠ བའི་པར་གཞི་དང་པོ། ཤོག་གྲངས༦༡༢ ལ་གསལ།
[10]《ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་འབུམ་བཞུགས་སོ་》(སྨད་ཆ།)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༣ལོའི་ཟླ་༡༠ བའི་པར་གཞི་དང་པོ། ཤོག་གྲངས༦༡༣ ལ་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1