༄༅། །སྨན་གྱི་ཕན་གནོད་དང་འབྲེལ་ནས་དུག་གི་ངོ་བ་དང་དབྱེ་བ་སོགས་ལ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-21



དང་པོ། འབྱུང་བ་དང་འབྲེལ་ནས་སྣོད་བཅུད་ཀྱི་འབྲེལ་བ་བཤད་པ།

        དེ་ཡང་འཇིག་རྟེན་གྱི་བྱ་དངོས་རྣམས་ཀྱི་ངོ་བོ་དང་བྱེད་ལས། ཁ་དོག། དབྱིབས། རང་བཞིན་སོགས་མི་གཅིག་ལ་རོ་དང་ཕན་གནོད་སོགས་ཀྱང་མི་གཅིག་ཏེ་དཔེར་ན་ཉི་འོད་འཕོགས་པ་མང་ཞིང་རང་བྱུང་གི་ཚ་ཚད་མཐོ་བའི་ཉིན་ཕྱོགས་ཀྱི་རི་ངོས་སུ་སྐྱེས་བའི་ཤིང་སྨན་དང་སྔོ་སྨན་གྱི་རིགས་རྣམས་སྤྱིར་བཏང་དུ་སྨན་གྱི་ངོ་བོ་དྲོད་ཅིང་ནུས་པ་ཚ་རྣོ་ཡང་རྩུབ་བཅས་ཀྱི་ཆ་དང་ལྡན་ཞིང་དེ་ཡིས་བད་རླུང་གི་ནད་རྣམས་ཕལ་ཆེར་སེལ་བར་བྱེད་པ་དང་མེ་ཏོག་དང་རྡོང་རྐང་ལོ་མ་སོགས་ཀྱི་གཟུགས་དབྱིབས་སྐྱེད་པར་བྱེད་པ་དང་རོ་མངར་སྐྱུར་ལན་ཚྭ་ཚ་བའི་ཕྱོགས་སུ་ཉེ་བར་ཕྱོགས་པ་དང་ཉི་འོད་ནུས་ཤུགས་ཞེན་ཞིང་ཕྱི་ཡུལ་གྱི་དྲོད་ཚད་དམའ་བའི་སྲིབ་ཕྱོགས་ཀྱི་རི་ངོས་སུ་སྐྱེས་པའི་ཤིང་སྨན་དང་སྔོ་སྨན་གྱི་རིགས་རྣམས་སྤྱིར་བཏང་དུ་སྨན་གྱི་ངོ་བོ་བསིལ་ཞིང་ནུས་བ་ལྕི་སྣུམ་བསིལ་རྟུལ་བཅས་ཀྱི་ཆ་དང་ལྡན་པ་དང་རོ་མངར་ཁ་བསྐ་བའི་ཕྱོགས་སུ་མངོན་པར་ཕྱོགས་པ་དང་དེས་གཙོ་བོར་མཁྲིས་རླུང་གི་ནད་རྣམས་སེལ་བ་དང་ཉི་འོད་འཕོགས་ཚད་སྙོམས་ཤིང་རང་བྱུང་གི་དྲོད་ཚད་སྙོམ་པའི་རི་ངོས་སུ་སྨན་ནུས་ཀྱང་སྙོམ་པར་འབྱུང་བ་ཡིན། གཞན་ཡང་འཇིག་རྟེན་གྱི་བྱ་དངོས་འགའ་ཞིག་རིང་པོ་འགའ་ཞིག་ཐུང་ངུ་། འགའ་ཞིག་གྲུ་བཞི་དང་འགའ་ཞིག་ནར་ནར། ལ་ལ་དཀར་པོ། ལ་ལ་དམར་པོ། ཡང་འགའ་ཞིག་ཕྲ་བ་དང་འགའ་ཞིག་སྦོམ་པོ་འབྱུང་བ་ནི་ཕྱིའི་འབྱུང་བ་ཆེན་པོའི་སྟོབས་རྫོགས་མ་རྫོགས་དང་ནང་གི་རྒྱུ་རྐྱེན་འཛོམས་མ་འཛོམས་གཉིས་ལ་ཐད་ཀར་རག་ལས་པ་ཡིན དེ་ཡང་ས་ཡི་ཁམས་ཆེན་པོ་འདི་ཉིད་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་དངོས་དང་སེམས་ཅན་མང་པོ་བྱུང་བ་དང་དེ་དག་ཆགས་གནས་འཇིག་གསུམ་གྱི་རྩ་བ་ཡང་འབྱུང་བ་ཆེན་པོ་རྣམས་ལ་རག་ལས་པ་དང་ས་ཆུ་མེ་རླུང་ལ་སོགས་པའི་ཕྱིའི་འབྱུང་བ་ཆེན་པོ་རྣམས་ལེགས་པར་ཚུལ་བཞིན་དུ་གནས་ན་ནང་བཅུད་ཀྱི་འགྲོ་བ་སེམས་ཅན་དག་ལའང་ནད་མེད་མེད་ཚེ་རིང་བདེ་བ་འབྱུང་བ་དང་འབྱུང་བ་ཆེན་པོ་དེ་དག་ཚུལ་བཞིན་དུ་མ་གནས་ན་འགྲོ་བ་སེམས་ཅན་ཐམས་ཅད་ལའང་མི་འདོད་པའི་རྐྱེན་སྣ་ཚོགས་འབྱུང་བ་ནི་ཆོས་ཉིད་ཅིག་ཡིན་པ་སྟེ་ནམ་ཞིག་དུས་ན་ས་ཡི་ཁམས་ཆེན་པོ་འདི་ཡི་གསེར་དངུལ་ཟངས་ལྕགས་ལ་སོགས་པའི་རིན་པོ་ཆེ་ཡི་གཏེར་བཏོན་པ་དང་རང་བྱུང་གི་གཙང་བོ་ཆེན་པོ་དག་གི་བགྲོད་ལམ་བཀག་ནས་བཀགས་ནས་ཆུ་མཛོད་མང་བོ་བཟོས་པས་ས་ཡི་ལྕི་ཡང་ཚུལ་བཞིན་དུ་མི་གནས་པ་དང་། རང་བྱུང་གི་ཤིང་ནགས་གང་བྱུང་དུ་བཅད་ནས་ས་ཡི་བཅུད་ཤོར་བ། ཏཱའོ་དན་འཕུར་མདའ་དང་ཧཱེ་མཚོན་ཆ་ལ་སོགས་པའི་དུག་རྡུལ་མཚོན་ཆ་བེད་སྤྱོད་གནང་བའི་མཁའ་དབུགས་བཙོག་པོར་བཟོས་བ་ལ་བརྟེན་ནས་ཕྱིའི་འབྱུང་བ་ཆེན་པོ་དག་གི་ནུས་པ་ཤོར་ན་འགྲོ་བ་སེམས་ཅན་དག་ལའང་ནད་ཡམས་དང་མི་འདོད་པའི་ཕྱིའི་རྐྱེན་སྣ་ཚོགས་བ་ཡིན། དེ་བས་ང་ཚོས་ང་ཚོ་ཆགས་གནས་འཇིག་གསུམ་ལ་འབྲེལ་བ་ཡོད་པའི་ས་ཡི་ཁམས་ཆེན་མོ་འདི་ཉིད་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་དགོས་ལ་ཁྱད་པར་དུ་སྐྱེས་འགྲོ་ཀུན་གྱི་ཨ་མ་ལྟབུའི་ས་གཞི་འདི་ཉིད་ལ་སྲུང་སྐྱོབ་ཡང་ཡང་བྱེད་དགོས། རྒྱུད་གྱི་ལུས་ཀྱི་འཇིག་ལྟོས་ལས་ཀྱང་ས་ནུས་ཆུ་ལ་འཐིམས་པས་གཟིགས་མི་མཐོང་། ། ཆུ་ནུས་མེ་ལ་འཐིམས་པས་བུ་ག་བསྐམས། ། མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད། ། རླུང་ནུས་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད། ། ཅེས་དང་ལུས་ཀྱི་ཆགས་རྒྱུད་ལས་ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། ། མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། ། ནམ་མཁའ་མེད་པས་འཕེལ་བའི་གོ་མི་ཕྱེད། ། ཅེས་གསུངས་བའི་ཤུགས་ལ་མི་ལུས་འདི་མ་ཟད་ཕྱི་སྣོད་ཀྱི་གངས་རི་དང་གཙང་བོ། ལྗོན་ཤིང་ལ་སོགས་པའི་སྐྱེས་སྣ་ཚོགས་ཀྱང་ཆགས་གནས་འཇིག་གསུམ་གྱི་གོ་རིམ་གཅིག་ཏུ་སྣང་བ་དང་འབྱུང་བས་གཅིག་ནུས་གཅིག་སྡུད་ཀྱིས་ཆགས་པ་དང་གཅིག་སྲུང་གཅིག་སྐྱོར་གྱིས་གནས་པ། གཅིག་ནུས་གཅིག་འཕྲོག་གིས་འཇིག་པ་སོགས་གོ་རིམ་དུ་ངེས་པ་ཟློག་ཏུ་མེད། སྦྱོར་བ་སྨན་ལས་ས་ཆུ་མེས་ས་ཆུ་མེ་ཆུ་དང་རླུང། ། མེ་རླུང་ས་རླུང་གཉིས་ཀའི་རོ་དྲུག་བསྐྱེད། ། ཅེས་དང་ཡང་རྟེན་ནི་འབྱུང་བ་ལྔ་ལས་བསྐྱེད་འགྱུར་ཏེ། ། ས་ཡིས་གཞི་རྟེན་ཆུས་བརླན་མེས་ཡིས་དྲོད། ། རླུང་གིས་བསྐྱོད་བྱེད་ནམ་མཁས་གོ་ཕྱེས་བས། ། ཅེས་གསུངས་བ་ལས་ཤེས་ཐུབ་པ་ནི་ཕྱིའི་ཉི་ཟླ་སྐར་གསུམ་དང་རི་རབ་གངས་ཆེན། རྩྭ་རྩི་ཤིང། སྔོ་མེ་ཏོག། ནང་བཅུད་ཀྱི་སེམས་ཅན་དེ་མིན་གྱི་འདོད་ཡོན་ལྔ་དང་རོ་དྲུག། ཐ་ན་དབྱིབས་དང་ཁ་དོག་སོགས་ཀྱང་འབྱུང་ལྔ་ཆེན་པོ་རྣམས་ཀྱིས་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བ་དང་། འབྱུང་ལྔ་ཆེན་པོ་དེ་རྣམས་སྙོམ་སྒྲིག་གི་དབང་གིས་སྨན་གྱི་ཕན་གནོད་དང་ས་ཡི་བཟང་ངན། ཆུ་ཡི་རིང་ཐུང་། བྲག་གི་སྲ་མཁྲེགས་སོགས་འབྱུང་བཞིན་ཡོད་ལ་འབྱུང་བ་ཆེན་པོ་དེ་དག་འཕེལ་འགྲིབ་ཀྱི་དབང་གིས་ཕྱིའི་རང་བྱུང་གི་གནོད་པ་དང་ནང་ཉེས་བ་འཁྲུགས་པའི་ནད་རིགས་སྣ་ཚོགས་འབྱུང་གི་ཡོད་དེ་ནམ་ཞིག་མི་རྣམས་ཀྱི་ས་ཡི་ཁམས་ཆེན་པོ་འདི་ཡི་གསེར་དངུལ་ལ་སོགས་པའི་རང་བྱུང་གི་གཏེར་ཁུང་ཕུན་སུམ་ཚོགས་པ་རྣམས་བཏོན་ནས་ཟད་པར་གྱུར་ན་ས་ཡི་ནུས་པ་ཉམས་ནས་རང་བྱུང་གི་ཆུ་བོ་དག་ཀྱང་རིམ་སྐམས་ནས་རྩྭ་དང་རྩི་ཤིང་ལ་སོགས་པ་ཡང་མི་སྐྱེས་པ་དང་ནང་སེམས་ཅན་མང་པོ་ལའང་ནད་གདོན་དང་མི་འདོད་པའི་རྐྱེན་སྣ་ཚོགས་འབྱུང་བ་དང་དེ་དུས་སུ་རིན་ཆེན་གྱི་སྦྱོར་བ་ནི་ཤིན་ཏུ་དཀོན་ཞིང་ལག་ལ་འབྱོར་དཀའ་བས་སྔོ་སྐྱེས་ཚད་དང་མཐོང་ཚད་སྨན་དུ་མ་བཀོལ་ན་ནད་རིགས་བཅོས་དཀའ་བ་སྔོ་སྦྱོར་གྱི་སྐབས་སུ་གསུངས་ཡོད། དེ་མ་ཟད་རང་རེའི་བོད་ཀྱི་རྒན་པོ་དག་གིས་ཀྱང་ཆུ་མགོ་བཙོག་པ་མ་བཟོ་དང་ཡ་ཤིང་མ་གཅོད་ཅེས་བསླབ་བྱ་མང་བ་དང་དེ་མིན་བོད་ལུགས་གསོ་རིག་གི་ནང་དུའང་ས་གཉེན་བརྐོས་པ་དང་ཤིང་གཉེན་བཅད་པས་འབྱུང་བས་བཅུད་ཤོར་དང་དེ་དུས་སུ་མི་ལ་ནད་ཡམས་དང་ཕྱུགས་ལ་གོད་ཁ་ཡོད་པ་འབྱུང་གདོན་གསོ་བའི་སྐབས་སུའང་བཤད་ཡོད། གོང་གསལ་གྱི་ཚིག་སྐད་དེ་དག་ནི་བྱིས་བ་སྣབས་དྲུད་ལ་འཇིགས་སྐུལ་དང་རྒན་པོ་འོན་པ་ལ་ཆོས་སྐུལ་ཙམ་མ་ཡིན་པར་རང་རེ་བོད་འདི་ཉིད་ལ་གནའ་སྔ་མོའི་དུས་ནས་ཀྱང་ཕྱིའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་བཟང་བོ་ཞིག་ཡོད་པ་ར་སྤྲོད་བྱས་པའོ།།

གཉིས་པ། གཉེན་པོ་དང་འབྲེལ་ནས་སྨན་གྱི་ངོ་ནུས་སྦྱར་ཐབས་སོགས་བཤད་པ།

           དེ་ཡང་བོད་ལུགས་གསོ་རིག་ནི་འབྱུང་བའི་རང་བཞིན་བརྗོད་པའི་གནའ་བོའི་བོད་ཀྱི་རང་བྱུང་གི་མཚན་ཉིད་རིག་པ་ཞིག་ཡིན་ལ་དེར་ནད་རྒྱུ་རྐྱེན་དང་དབྱེ་བ། རྟགས། ནད་དང་གཉེན་པོ་སྤྲོད་པའི་བཅོས་ཐབས་བཅས་སུ་གསུངས་བ་དང་ནད་ལ་བཞི་རྒྱ་རྩ་བཞི་དང་དེ་དག་ཀྱང་གཞི་རླུང་མཁྲིས་བད་གསུམ་ལ་བསྡུས་པ་དང་དེ་གསུམ་ཡང་ངོ་བོ་སྒོ་ནས་ཚ་གྲང་གཉིས་སུ་དབྱེ་བ་སྟེ་རྩ་རྒྱུད་ལས་རླུང་དང་བད་ཀན་གྲང་ཆུ་ཡིན་ཏེ། ། ཞེས་གསུངས་བ་དང་དགོས་འདོད་ཀུན་འབྱུང་ལས་རླུང་གི་ནད་རིགས་བརྒྱ་དང་གཅིག། ། མཁྲིས་པའི་ནད་རིགས་བརྒྱ་དང་གཅིག། ། བད་ཀན་ནད་རིགས་བརྒྱ་དང་གཅིག། ། ལྡན་འདུས་ནད་རིགས་བརྒྱ་དང་གཅིག། ། ཞེས་གསུངས་པ་དང་རྩ་རྒྱུད་ཀྱི་གླེང་གཞིའི་ལེའུ་ལས་དེ་དང་གཅིག་མཚུངས་སུ་གསུངས་བས་དེའི་རྗེས་སུ་འབྲངས་བའོ། ། གཉེན་པོ་ལའང་སྟོང་དང་རྩ་གཉིས་སུ་གསུང་བ་དང་དེ་དག་ཀྱང་མདོར་རུ་བསྡུས་པས་ཟས་སྤྱོད་སྨན་དཔྱད་དུ་གསུང་བ་དང་ཟས་ལ་ཕན་གནོད་གཉིས་ལས་ཕན་པའི་ཟས་སྐོམ་ནི་རྩ་རྒྱུད་ལས་དྲིས་བ་ཉེར་དགུ་རླུང་ཟས་བཅུ་བཞི་དང་། ། མཁྲིས་ཟས་བཅུ་གཉིས་བད་ཀན་ཟས་སྐོམ་དགུ། ། ཞེས་དང་ཕན་པའི་སྤྱོད་ལམ་ནི་རྩ་རྒྱུད་དུ་རླུང་གི་ནད་ལ་ཡིད་འོངས་གྲོགས་བསྟེན་ཞིང་མཁྲིས་པའི་ནད་ལ་བསིལ་སར་དལ་བར་སྡད། ། བད་ཀན་ནད་ལ་རྩོལ་བཅག་དྲོད་སར་བསྟེན། ། ཕན་པའི་སྨན་སྦྱོར་བ་སྨན་ལས་མངར་སྐྱུར་ལན་ཚྭ་བའི་རླུང་འཇོམས་ཤིང་། ། ཁ་དང་མངར་བསྐ་བའི་མཁྲིས་པ་སེལ། ། ཚ་སྐྱུར་ལན་ཚྭའི་བད་ཀན་སེལ་བར་བྱེད། ། ཅེས་དང་ཡང་སྨན་གྱི་ནུས་པ་རོ་ནུས་ངོ་ནུས་གཉིས། ། ཅེས་དང་ནུས་བ་ལྕི་སྣུམ་བསིལ་དང་རྟུལ་བ་དང་། ། ཡང་རྩུབ་ཚ་དང་རྣོ་བ་རྣམ་པ་བརྒྱད། ། དང་བོ་བཞི་ཡིས་རླུང་དང་མཁྲིས་བ་སེལ། ། འོག་མ་བཞི་ཡི་བད་ཀན་སེལ་བར་བྱེད། ། ཅེས་དང་ཡང་ཡང་རྩུབ་བསིལ་བ་གསུམ་གྱི་རླུང་བསྐྱེད་ཅིང་། ། ཚ་རྣོ་སྣུམ་པ་གསུམ་གྱི་མཁྲིས་པ་སྐྱེད། ། ལྕི་སྣུམ་བསིལ་རྟུལ་བཞི་ཡིས་བད་ཀན་སྐྱེད། ། ཅེས་ཉེས་པ་གསུམ་པོ་སོ་སོར་སྐྱེད་ཚུལ་ཡང་གསལ་བོར་བསྟན་ཡོད། གཉེན་པོ་སྨན་དེ་དག་ཀྱང་རང་བྱུང་གི་སྨན་དང་སྦྱོར་བ་སྨན་གཉིས་སུ་དབྱེ་བ་ལས་དང་པོ་རང་བྱུང་གི་སྨན་དེ་ཡང་རིན་པོ་ཆེའི་སྨན་དང་རྡོ་སྨན། ས་ཡི་སྨན། ཤིང་སྨན། སྔོ་སྨན། རྩིའི་སྨན། ཐང་སྨན། སྲོག་ཆགས་ཀྱི་སྨན་བཅས་དབྱེ་བ་བརྒྱད་དུ་གསུང་བ་དང་དེ་དག་ཡང་སྨན་རྫས་ཀྱི་སྦྱོར་བའི་དབང་གིས་ཐང་སྨན་དང་བྱེ་མའི་སྨན། རིལ་བུའི་སྨན། ལྡེའུ་གུའི་སྨན། སྨན་མར་ལྔ་རུ་དབྱེ་བ་དང་ཐལ་བའི་སྨན་དང་སྨན་ཆང་གི་སྦྱོར་བ། ཁཎྡའི་སྦྱོར་བ་གསུམ་བསྣན་ན་བརྒྱད་དུ་གསུངས་བ་དང་རིན་པོ་ཆེ་སྦྱོར་བ་བསྣན་ན་དགུ་དང་དེ་དག་གི་སྟེང་དུ་སྔོ་སྨན་གྱི་སྦྱོར་བ་བསྣན་ན་བཅུ་རུ་གསུང་བ་ཡང་སྨན་ཆང་གི་སྦྱོར་བ་ནི་ཐང་གི་ཁོངས་སུ་འདུས་བ་དང་ཁཎྡའི་སྦྱོར་བ་ལྡེའུ་གུའི་ཁོངས་སུ་བཞག་པ་དང་རིན་པོ་ཆེའི་སྦྱོར་བ་དེ་རིལ་བུ་ཁོངས་སུ་བཞག་པ་དང་སྔོ་ཡི་སྦྱོར་བ་དེ་ཡང་ཐང་གི་ཁོངས་སུ་བཞག་ནས་དབྱེ་བ་ལྔ་གསུང་བ་ནི་སྤྱི་དབང་དུ་བྱས་བ་ཡིན་ལ། དབྱེ་བ་བཅུ་རུ་བྱས་པ་དེ་དག་ཀྱང་ལྔའི་ཁོངས་སུ་མ་འདུས་བ་གཅིག་ཀྱང་མེད། དེ་དག་རེ་རེ་བཞིན་རྒྱས་བར་དབྱེ་ན་ཤིན་ཏུ་མང་བོ་གསུངས་ཡོད་པས་ཞིབ་པར་རྒྱུད་གཞུང་ལ་བལྟ་བར་བྱ། གཉན་པོ་སྨན་དེ་དག་གིས་རང་རང་གི་ནུས་པ་ལ་བརྟེན་ནས་ནད་རིགས་འདྲ་མིན་སྣ་ཚོགས་པ་རྣམས་འཇོམས་ཅིང་ལུས་ཀྱི་ཟུངས་རྣམས་ལ་ཕན་པར་བྱེད་པའི་ཆ་ནས་སྨན་ཞེས་བྱེད་ནུས་ཀྱི་སྒོ་ནས་བཏགས་པ་དང་དེ་ཡང་རང་བྱུང་གི་སྨན་དང་སྦྱོར་བ་སྨན་གཉིས་སུ་དབྱེ་བ་ལས་སྔ་མ་ནི་ཨ་རུ་ར་དང་ཧོང་ལེན་ལ་སོགས་པའི་སྨན་རྫས་སོ་སོ་ལ་རང་རང་གི་ནུས་བ་རེ་ཡོད་པ་དེ་ལ་ཟེར་བ་དང་ཕྱི་མ་ནི་ཨ་གར་སོ་ལྔ་དང་ཛ་ཏི་ཉི་ཤུ་ལ་སོགས་པའི་སྨན་རྫས་མང་བོར་ཕྱོགས་གཅིག་ཏུ་སྦྱར་ནས་གྲུབ་པའི་ཐང་དང་བྱེ་མ་ལྟ་བུ་ལ་ཟེར་བ་ཡིན། དེ་དག་ལ་ལ་རོ་ཡི་སྦྱོར་བ་དང་ལ་ལ་དྲིའི་སྦྱོར་བ། ཡང་འགའ་ཞིག་ནུས་བའི་སྦྱོར་བ་སོགས་སྦྱོར་བ་མི་འདྲ་བ་དུ་མ་ཡོད་ལ་ཕན་ཡོན་ཡང་དུ་མ་ཡོད་པ་འདི་ནི་བོད་ལུགས་གསོ་རིག་གི་སྨན་སྦྱོར་གྱི་ཁྱད་ཆོས་ཡིན་པར་འདོད། སྨན་རྫས་དེ་དག་བེད་སྤྱོད་ཀྱི་ཐད་ནས་ཀྱང་དོན་གློ་སྙིང་གི་དང་སྣོད་ཕོ་ལོང་གི་ནད་ལ་ལྟ་བུ་ལ་ཕྱི་ནས་བྱུག་པ་ཙམ་གྱི་ཕན་པར་མི་འགྱུར་བས་ཁོང་དུ་བཏང་བ་དང་སྲིན་ཐོར་དང་པགས་ནད་ཀྱི་རིགས་ལ་ཁོང་དུ་བཏང་བ་ལས་བྱུག་པ་ཕན་པ་དང་ཡ་མ་དང་ཀླད་སྲིན་གྱི་ནད་ལ་བྱུག་པ་ལས་གདུགས་པ་བཟང་བ་དང་རྩ་དཀར་དང་ཡན་ལག་གི་རུས་ཚིགས་དང་ཆུས་རྒྱུས་ན་བ་སོགས་ལ་སྨན་ལུམས་གྱི་སྦྱོར་བ་ལེགས་པ་སོགས་མདོར་ན་མཁྲིས་བ་བཤལ་དང་བསིལ་སྨན་གཏོང་བ་དང་བད་ཀན་ལ་སྐྱུགས་དང་དྲོད་སྨན་བསྟེན་པ། རླུང་ལ་འཇམ་རྩུབ་དང་སྣུམ་བཅུད་བསྟེན་པ། འདུས་པ་ལ་བསིལ་བཅུད་ཡང་བ་བསྟེན་པ་སོགས་སྨན་སྦྱོར་གྱི་སྤྱོད་སྟངས་མི་འདྲ་བ་མང་བོ་ཡོད། དེ་ལ་བརྟེན་ནས་བཟའ་སྨན་དང་བྱུག་སྨན། གདུགས་སྨན་སྨན་སོགས་སུ་དབྱེ་བ་ཕྱེས་པ་དང་དེ་དག་ཡང་རང་རང་སོ་སོ་ལ་ཁྱད་ཆོས་རེ་དང་དགོས་མཚན་རེ་ནུས་པ་རེ། ཕན་གནོད་རེ་ཡོད་པ་ཡིན། ཁྱད་ཆོས་དང་དགོས་མཚན་ནུས་བ། ཕན་གནོད་ནི་སྨན་རྫས་ཀུན་ལ་ཐུན་མོང་དུ་མངའ་བ་ཡིན། དེ་ཡང་གཉེན་པོ་སོ་སོའི་ནུས་སྟོབས་དབང་གིས་དེ་དག་གི་དགོས་མཚན་ཆུང་མ་ཆེ་གསུམ་དང་ཁྱད་ཆོས་ཡག་མ་བཙོག་གསུམ་དང་ནུས་བ་རབ་འབྲིང་ཐ་གསུམ་དང་ཕན་གནོད་དགེ་སྡུག་ངན་གསུམ་དུ་སྣང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན། སྨན་རྫས་གང་ཞིག་བཀོལ་བ་དང་བསྟུན་ནས་དེས་ནུས་བ་ཐོན་ཐོན་ནས་ཕན་གནོད་བྱུང་། དེ་ལ་བརྟེན་ནས་སྨན་རྫས་དེ་ཡི་ཁྱད་ཆོས་དང་དགོས་མཚན་སོགས་འབྱུང་གི་ཡོད། དེ་བས་གཉེན་པོ་གང་ཞིག་སྟོབས་ཇི་ལྟར་ཆུང་ན་ཆུང་ན་སྨན་རྫས་དེ་ཡི་ནུས་བ་ཡང་དེ་ལྟར་ཆུང་ཞིང་སྨན་རྫས་གང་ཞིག་གི་སྟོབས་ཇི་ལྟར་ཆེ་ན་དེ་ནུས་པ་ཡང་དེ་ལྟར་ཆེན་པོ་ཡོད་པ་ཡིན། སྨན་རྫས་ཀྱི་ནུས་པ་ལ་བརྟེན་ནས་སྨན་གྱི་ཕན་ཡོན་དང་དགོས་མཚན་དང་ཁྱད་ཆོས་གནོད་པ་སོགས་ཀྱང་འབྱུང་གིན་ཡོད། དེ་བས་སྨན་གྱི་བཟང་ངན་ནི་ནུས་སྟོབས་དང་སྦྱོར་སྡེབ་གཉིས་ལ་རག་ལས་ཡིན། དཔེར་ན་ཨ་རུ་རྣམ་རྒྱལ་ལྟ་བུའི་གཉེན་པོ་གཅིག་ལ་སྟོབས་ཀྱི་ནུས་པ་ཤིན་ཏུ་ཆེ་ཞིང་རོ་ལྔ་དང་ལྡན་པས་རླུང་མཁྲིས་བད་གསུམ་དང་འདུས་པའི་ནད་རྣམས་སེལ་བ་དང་ཁྱད་པར་དུ་བཀྲ་ཤིས་ཤིང་དོན་སོགས་འགྲུབ་པར་བྱེད་པའི་སྨན་བཟང་བོ་ལ་རྒྱལ་བོ་དང་དེ་ལས་སྟོབས་ཅུང་ཆུང་བ་ལ་བློན་དང་དེ་ལས་ཀྱང་སྟོབས་ཞེན་པ་ལ་དམག་དཔོན་དང་དེ་ལས་སྟོབས་ཆུང་བ་ལ་དམངས་ཅེས་ནུས་སྟོབས་ཆེ་ཆུང་གི་སྒོ་ནས་རྒྱལ་བོ་དང་བློན་པོ། དམག་དཔོན། དམངས་སོགས་མཚུངས་བར་བྱེད་པ་དང་བྱེ་མའི་སྡེ་ཚན་དུའང་ག་བུར་ལ་བསིལ་གྱི་རྒྱལ་བོ་དང་ཅུ་གང་ལ་བློན་པོ། གཙོ་བོ་བརྒྱད་པ་ལ་རྫེའུ་དང་ཁ་ཐོར་གྱི་སྦྱོར་བ་དམངས་ཅེས་བཤད་པ་དང་ཡང་སེ་འབྲུ་ལ་དྲོད་ཀྱི་རྒྱལ་བོ་དང་ད་ལི་ལ་བློན་པོ། རྒོད་མ་ཁ་ལ་རྗེའུ་སྦྱོར་བ་དང་སྣ་ཚོགས་ཁ་ཐོར་ལ་དམངས་ཀྱི་སྦྱོར་བ་ཞེས་དང་འདྲ་དཔེ་ཡི་སྐབས་སུ་སྙིང་ལ་རྒྱལ་བོ་དང་གློ་བ་ལ་བློན་པོ། མཆིན་མཆེར་ལ་བཙུན་སོགས་སུ་དཔེ་བླངས་ནས་དཔེ་དོན་སྦྱོར་བ་མཚུངས་བར་བསྟན་པ་དང་དམུ་ཆུ་ལ་རྒྱ་མཚོ་དང་ཁྲག་རྩ་ལ་ཡུར་བ། ངན་ཁྲག་ཆུ་སེར་ལ་ཡུར་ཆུ། ཁྲག་གཏེར་བ་ལ་འོལ་ཁུང་། མེ་བཙའ་འཇོག་པ་འོལ་ཁ་གཅོད་པ་སོགས་སུ་བསྟན་ནས་དཔེ་དོན་མཚུངས་བར་བྱེད་པ་ནི་རང་རེའི་བོད་ལུགས་གསོ་རིག་གི་རྗོད་བྱེད་རིག་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ནོ། །

གསུམ་པ། ལུས་ཟུངས་ལ་ཕན་པའི་སྨན་དང་ནད་ལ་གནོད་པའི་དུག་གཉིས་ནི་གཉེན་པོ་སྨན་རྫས་གཅིག་གི་ནུས་པར་ཁྱབ་པ་ཡིན།

          གོང་དུ་བཤད་པའི་སྨན་རྫས་དེ་དག་ལ་ཕན་པ་ཡོད་ལ་གནོད་པ་འང་ཡོད་དེ་སྨན་རྫས་གང་ཞིག་ཁོང་དུ་བཏང་བ་དང་བསྟུན་ནས་ལུས་ལ་ཕན་པ་འབྱུང་བ་དང་ཆབས་ཅིག་གནོད་པ་འང་འབྱུང་གིན་ཡོད། ནམ་རྒྱུན་ང་ཚོས་བཤད་བཞིན་པའི་སེ་འབྲུ་ལྔ་བས་ཕོ་བའི་བད་ཀན་གྱི་ནད་དང་ཟས་མི་འཇུ་བ། གྲང་སྐྲན་གྱི་ནད་ཁ་ཟས་སྐྱུགས་པ། ཡི་ག་འཆིས་བ། སྙིང་རླུང་དང་མཁལ་རྐེད་ན་ལ་མཆོག་ཏུ་ཕན་པ་ནི་གཙོ་བོ་ལུས་ཟུངས་ལ་དགོངས་ནས་གཉེན་པོ་སྨན་གྱི་ཕན་པའི་ཡོན་ཏན་དུ་བཤད་པ་ཡིན་ལ་དེའི་ནུས་པའི་ཤུགས་ལ་ནད་གཞི་གྲང་བ་འཇོམས་པར་བྱས་ནས་གྲང་བ་ལ་གནོད་པ་ནི་གཙོ་བོ་ནད་ལ་ལྟོས་ནས་བཤད་པ་ཞིག་ཡིན། གཉེན་པོ་སྨན་གྱི་ནུས་བས་ནད་བསད་ནས་ལུས་གསོ་བ་ནི་ཆོས་ཉིད་ཅིག་ཡིན། ཡིན་ནའང་ཕན་པ་མ་གཏོགས་གནོད་པ་ལ་བསམ་བློ་མི་གཏོང་། དེའི་རྒྱུ་མཚན་ནི་ནད་སྐྱེད་ན་ལུས་སེམས་ལ་གནོད་ཅིང་དབང་བོ་སོགས་ཀྱང་འཁྲུལ་བར་བྱས་ནས་སྡུག་བསྔལ་སྣ་ཚོགས་འབྱུང་བ་དང་ནད་ངན་དེ་ཉིད་བསད་ན་ལུས་སེམས་སྐྱིད་ཅིང་བྱ་བ་གང་ལའང་འཇུག་ཕོད་པ་སོགས་ཀྱི་ཁྱད་ཆོས་ཡོད། ནད་བསད་པ་དང་ཆབས་ཅིག་འདུས་པ་སྙོམ་པ་དང་ལུས་ཟུངས་ཀྱང་གསོ་བཞིན་ཡོད། གཅིག་བསད་པ་དང་བསྟུན་ནས་ཅིག་ཤས་གསོ་བ་ནི་གཉེན་པོ་སྨན་གྱི་ཡོན་ཏན་ཡིན། དེ་བས་ལུས་ལ་ཕན་པའི་ལས་བྱེད་མཁན་ལ་སྨན་དང་ནད་ལ་གནོད་ཅིང་ལུས་སེམས་ན་བ་དང་འཆི་བར་བྱེད་པ་ལ་དུག་ཅེས་ཟེར་བ་དང་དུག་དེ་ཡང་ནད་ལ་གནོད་པའི་དུག་དང་ལུས་ལ་གནོད་པའི་དུག་གཉིས་སུ་དབྱེ་བ་ལས་སྔ་མ་ནི་སྨན་གྱི་ཕན་ཡོན་དང་ལྷན་དུ་འབྱུང་བ་དང་ཕྱི་མ་ནི་དུག་ནད་གསོ་པའི་སྐབས་སུ་འབྱུང་བའི་དངོས་དུག་དང་གྱུར་དུག། སྦྱར་དུག་གསུམ་དུ་བཤད་པ་དེའོ། ། ནད་ལ་གནོད་པའི་དུག་དང་སྨན་གྱི་ངོ་བོ་གཉིས་ནི་གཅིག་པ་ཡིན་ཏེ་སེ་འབྲུ་ནི་ངོ་བོ་དྲོད་བ་ཡིན་ལ་ངོ་བོ་དྲོད་བས་གྲང་ནད་ལ་གནོད་པ་དང་ལུས་དྲོད་སྐྱེད་པ་ལ་ཕན་པ་ཡིན་ལ་ཏིག་ཏ་ངོ་བོ་བསིལ་བ་དང་ཚ་བའི་ནད་གནོད་པ་དང་ལྷན་དུ་ལུས་བསིལ་བར་བྱེད་པ་ཕན་ཡིན་ལ་ནད་ལ་གནོད་པའི་དུག་དང་ལུས་ལ་ཕན་པའི་སྨན་གཉིས་ཀྱི་ངོ་བོ་གཅིག་ཏུ་གནས་པ་དང་དེ་བཞིན་དུ་ང་ཚོས་རྒྱུན་དུ་བེད་སྤྱོད་གནང་བཞིན་བོད་སྨན་རྣམས་ཀྱང་ནད་ཀྱི་དུག་དང་ལུས་ཀྱི་སྨན་ཡིན་ལ་ངོ་བོ་ཡང་གཅིག་ཏུ་གནས་པ་ཡིན། སྨན་རྫས་གཅིག་ལ་ངོ་བོ་འང་གཅིག་པའི་སྟེང་ནས་ནུས་མི་འདྲ་པའི་ཕན་གནོད་གཉིས་བྱུང་བ་ཡིན། ནུས་བ་དེ་གཉིས་སྨན་རྫས་ཀུན་ལ་ཐུན་མོང་དུ་མངའ་བ་དང་ནུས་པ་དེ་གཉིས་ནམ་ཡང་མཉམ་དུ་གནས་ཤིང་ཕན་ཚུན་ནུས་པ་གཅིག་མཚུངས་ཀྱང་ཡིན། གལ་སྲིད་གཉེན་པོ་སྨན་གང་ཞིག་ལུས་ཅི་ཙམ་ཕན་ན་དེས་ནད་ལ་དེ་ཙམ་གྱིས་གནོད་བཞིན་ཡོད། དཔེར་ན་ཨ་རུ་རྣམ་རྒྱལ་ནི་ནད་ལ་གནོད་པའི་རྒྱལ་བོའང་ཡིན་པ་ལྟྟ་བུའོ། ། ང་ཚོས་རྒྱུན་དུ་གཏོང་བཞིན་བོད་སྨན་རྣམས་དང་དེ་བཞིན་དུ་ཕྱི་གླིང་གསོ་རིག་གི་སྨན་རྫས་རྣམས་ལའང་ངོ་བོ་གཅིག་གི་སྟེང་ནས་ནུས་བ་མི་འདྲ་བའི་ཕན་གནོད་གཉིས་འབྱུང་གིན་ཡོད། ང་ཚོའི་གཉེན་པོའི་གོ་དོན་ལ་ལོག་ཕྱོགས་འཇོམས་བྱེད་བཞག་པ་ཡང་རྒྱུ་ཚན་འདི་ལ་ཐུགས་པ་ཡིན། དེ་མ་ཟད་དམག་འཁྲུག་གི་སྐབས་སུ་འང་དགྲ་ཕྱོགས་དང་རང་ཕྱོགས་གཉིས་ཡོད་པས་རང་རྒྱལ་ན་དགྲ་ལ་གནོད་པ་དང་དགྲ་རྒྱལ་ན་རང་ལ་གནོད་པ་རེད། དེ་བས་ཕན་ཚུན་འཐབ་ན་རྒྱལ་ཕམ་ལ་གཡོ་རྒྱུ་མེད་པ་དང་སྨན་བཏང་ན་ཕན་གནོད་ལས་གདའ་རྒྱུ་མེད། ཡིནའང་གཉེན་པོ་དེ་དག་ལ་ནད་ཀྱི་དུག་ཅེས་བརྗོད་སྲོལ་མེད་ལ་དུག་གི་སྨན་ཞེས་ཀྱང་བརྗོད་ཆོག་པ་མ་ཡིན་ནོ།

བཞི་བ། དུག་གི་དབྱེ་བ་དང་དུག་འདོན་ལས་སྨན་དུ་འགྱུར་ཚུལ་བཤད་པ།

          བོད་ལུགས་གསོ་རིག་ལས་གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ནས་བཟུང་ཕན་གནོད་དང་སྨན་དུག་གི་དབྱེ་བ་གསལ་བོར་ཕྱེས་ཤིང་ལོ་ངོ་བཞི་སྟོང་ལྷག་གི་ཡར་སྔོན་ནས་དུག་ནད་གསོ་ཐབས་ཀྱི་ལག་ལེན་རྣམས་ཁོང་དུ་ཆུབ་ཡོད་དེ་གཉའ་ཁྲི་བཙན་པོར་བོད་ལ་བྱོན་པའི་ཁར་དོགས་པ་ཆེན་པོ་དྲུག་ཡོད་པའི་ནང་དུག་ལ་སྨན་ཡོད་ཅེས་ལན་བཏབ་ཡོད་པ་དང་གཞན་ཡང་སྐབས་དེར་དུག་བཅོས་གཡུང་དྲུང་འཁྱིལ་བ་ལ་སོགས་གསོ་རིག་གླེག་བེམ་ཡང་ཡོད་པར་གྲགས། རྒྱུད་ཀྱི་སྔོ་སྨན་གྱི་སྡེ་ཚན་ལས་དུག་དང་ཕྲལ་བ་རྩ་བ་སྡོང་པགས་རྐང་དུག། ཡལ་ཀའི་ཚིགས་དུགངར་བ་ལོ་མའི་དུག། མེ་ཏོག་གོས་དུག་རུས་པ་འབྲས་བུའི་དུག། ཞོ་རྐང་ཚི་བ་གསུམ་ལ་དུག་མེད་དེ། ། དྲེག་པ་ལྤགས་དུག་ཤ་གདན་བར་ཤུན་དུག། དུག་དང་ཕྲལ་བ་འཇམ་ཞིང་འཇུ་བ་སླ་ཞེས་གསུངས་བ་ལས་སྔོན་སྨན་དུ་མ་ཚད། ཤིང་སྨན་དང་ཐང་སྨན། རིན་པོ་ཆེའི་སྨན། རྡོའི་སྨན། ས་ཡི་སྨན། རྩིའི་སྨན། སྲོག་ཆགས་ཀྱི་སྨན་ལ་སོགས་པའང་དུག་ཡོད་པ་དང་དུག་དེ་དག་ཕྲལ་བ་སྟེ་དུག་འདོན་པ་ཡིན་ན་ནུས་འཇམ་ཞིང་འཇུ་བ་སླ་བ་དང་། རིལ་བུའི་སྡེ་ཚན་དུ་དུག་གི་གཙོ་བྱས་སྲན་མ་ཆུང་ཤས་ཙམ། ། ཞེས་ཁྱུང་ལྔ་ལ་སོགས་པའི་དུག་ཤས་ཆེ་བའི་སྨན་ནི་སྲན་མ་ཆུང་ཤས་ཀྱི་ཚད་རན་པ་དང་གཞན་མྱོས་བྱེད་ཆང་གི་ཉེས་པ་བགྲངས་དུས་ར་རོ་དང་བོ་དང་གཉིས་བ། གསུམ་པ་བཅས་ར་བཟི་གནས་གསུམ་དུ་བསྟན་པ་ཡང་གཙོ་བོ་ཆང་དུག་བཟི་བ་ཡིན། དེ་མ་ཟད་བོད་སྨན་གསེར་མདོག་བཅུ་གཅིག་དང་བླ་མེད། དངུལ་ཆུ་བཅོ་བརྒྱད་ལ་སོགས་པ་ཟོས་ཚེ་ཁ་ལྕེ་སྦྲིད་པར་བྱེད་པ་དེ་ཡང་དུག་གི་བཟི་བས་རེད། དེ་བས་བཟི་ཡོད་ཀུན་ལ་དུག་ལྡན་པ་རེད། དུག་དེ་ལ་འང་དུག་རང་བཞིན་གྱི་དུག། གྱུར་དུག། སྦྱར་དུག་གསུམ་དུ་བཤད་ཡོད་པ་དང་། རང་བཞིན་གྱི་དུག་གླ་རྩི་དང་བཙན་དུག་ལྟ་བུའི་ལྷན་སྐྱེས་རང་བཞིན་གྱི་དུག་ཡོད་པ་ལ་ཟེར་བ་དང་ཁ་ཟས་སོགས་ངོ་བོ་འགྱུར་ནས་དུག་དུ་གྱུར་བ་དང་སྦྱར་དུག་ནི་མི་ལས་བཟོ་བྱས་པའི་དུག་ལ་ཟེར་བ་ཡིན། གཞན་ཡང་མ་ཞུ་དུག་འདྲ་དང་། མཆིན་ནད་དུག་ཐབས་ལ་སོགས་པའི་ནད་ཀྱི་མིང་གི་རྣམ་གྲངས་ཀྱང་མང་པོ་ཡོད། དེ་དག་འགའ་ཞིག་བཟི་ཤེད་ཆེ་ཞིང་ལུས་སྲོག་ལ་གནོད་ཅིང་ཚེ་བར་དུ་གཅོད་པ་དང་ལ་ལ་ཚེ་སྲོག་མི་འཕྲོག་ཀྱང་བཟི་ཡིས་དབང་བོ་སོགས་ཉམས་པར་བྱེད་པ། ཡང་འགའ་ཞིག་གིས་དབང་པོ་སོགས་ལ་གནོད་པ་མེད་ཀྱང་སྣོད་ཕོ་བ་སོགས་ཀྱི་མེ་དྲོད་ཉམས་པའམ་ཡང་ན་དོན་གློ་སྙིང་སོགས་མི་བདེ་བར་བྱེད་པ་ཡིན། དུག་གི་རིགས་དེ་དག་གིས་མིའི་ལུས་ཟུངས་ལ་གནོད་ཅིང་སྲོག་སོགས་འཕྲོག་པར་བྱེད་པས་ན་དུག་ཅེས་དང་སྨན་གྱི་རིགས་དེ་དག་གིས་ལུས་ཟུངས་གསོ་ཞིང་ནད་རླུང་མཁྲིས་བད་གསུམ་ལ་སོགས་འཇོམས་པར་བྱེད་པས་ན་སྨན་ཞེས་བཏགས། དེ་དག་སོ་སོའི་ནུས་པ་ཆེ་ཆུང་གི་དབང་གིས་དུག་ཤེད་ཀྱང་མི་འདྲ་བ་དུ་མ་ཡོད་དེ་དཔེར་ན་དངུལ་ཆུ་ནི་དུག་ཤེད་ཤིན་ཏུ་ཆེ་བས་དུག་གི་རྒྱལ་པོ་དང་བཙན་དུག་ནི་དུག་ཤེད་འབྲིང་དུ་གནས་པ་པ་དང་གཞན་གོང་དུ་བཤད་པའི་སྨན་ཀྱི་རིགས་དག་ལ་དུག་ཤེད་ཐ་མ་གནས་པ་ཡིན། ཡིན་ནའང་སྨན་དུག་ཞེས་མཐའ་གཅིག་ཏུ་འབྱེད་མི་རུང་། རྒྱུ་མཚན་ནི་བཙན་དུག་ཀྱང་རྨ་བྱའི་ཟས་སུ་འགྲོ་བ་དང་དུག་གི་རྒྱལ་བོ་འབོད་པའི་དངུལ་ཆུ་དེ་ཡང་དུག་འདོན་གྱིས་སྨན་གྱི་རྒྱལ་པོ་འགྱུར་བ་དང་དུག་འདོན་པ་ལས་སྨན་དུ་འགྱུར་བ་དང་སྨན་དུ་འགྱུར་བ་ལས་ལུས་ཟུངས་ལ་ཕན་པ་ཡིན། དེ་བས་ཕན་གནོད་དང་སྨན་དུག་ནི་སྨན་རིགས་ཀུན་ལ་ཐུན་མོང་དུ་མངའ་བའི་ཁྱད་ཆོས་ཅིག་ཡིན་ཞེས་བརྗོད་ཆོག།  ང་ཚོའི་དུས་རྒྱུན་གཏོང་བཞིན་པའི་རྒྱུན་བཀོལ་གྱི་བོད་སྨན་རྣམས་ལའང་ཕན་གནོད་གཉིས་ཀ་ལྡན་ཡོད་དེ་དཔེར་ན་སེ་འབྲུ་དྭངས་གནས་དུག་ཡིན་ཏེ་དེས་ནད་གཞི་གྲང་བ་རྣམས་འཇོམས་བཞིན་ཡོད་པ་དང་ཡང་དེ་སྨན་ཡིན་ཏེ་དེས་ལུས་ཀྱི་དྲོད་དང་ཟས་འཇུ་བར་ཕན་ནོ་ལྟ་བུ་དང་དེ་བཞིན་དུ་བཙན་དུག་ནི་སྨན་ཡིན་ཏེ་ནད་ལ་ཕན་ནས་དུག་ནད་བསྐྱེད་པ་ཡིན་ཡང་བཙན་དུག་ནི་ཡིན་ཏེ་དེས་ལས་ཀྱི་སྟོབས་མདངས་ལ་སོགས་བཅོམས་ནས་འཆི་བར་བྱེད་པ་ལྟ་བུའོ། ། དེ་བས་གང་ན་སྨན་ཡོད་ན་དེ་ན་དུག་ཀྱང་ཡོད་ལ། གང་ལ་དུག་ལྡན་ན་དེ་ལ་སྨན་ཡང་མཆིས། དུག་རིགས་དག་གིས་ཀྱང་ནད་བསྐྱེད་པ་དང་སྨན་གྱི་རིགས་དག་གིས་ནད་འཇོམས་པར་བྱེད་པ་ཆོས་ཉིད་ཅིག་ཡིན། མཁས་དབང་རིག་འཛིན་མཆོག་གིས་ནད་ལ་མི་ཕན་ནད་ལ་གནོད། ། ནད་ཀྱིས་བཏབ་པ་དེ་ལ་ཕན། ། ཞེས་པ་ལས་ང་ཚོས་ཤས་ཐུབ་པ་ནི་སྨན་གྱིས་ནད་ལ་གནོད་ནས་ལུས་ལ་ཕན་བཞིན་ཡོད་པ་ཤེས་ཐུབ་མ་ཟད། སྨན་རྫས་ཀུན་ལ་ཕན་གནོད་ལྷན་གཅིག་ཏུ་ཡོད་ཚུལ་ངང་གིས་རྟོགས་ཡོང་། དེ་ཕྱིར་ཕན་གནོད་དང་སྨན་དུག་ནི་སྨན་རིགས་ཀུན་གྱི་ཐུན་མོང་གི་ཁྱད་ཆོས་ཅིག་ཡིན་པ་མ་ཟད། དེ་ཉིད་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཀྱང་ཡིན་པ་གསལ་བཤད་བྱས། མདོར་ན་སྨན་དང་དུག་ནི་ལུས་དང་གྲིབ་མ་ནང་བཞིན་ལྷན་ཅིག་ཏུ་གནས་ཤིང་ངོ་དབྱེ་བ་མེད་ལ་ཕན་གནོད་གཉིས་དང་ལྡན་པ་ཞིག་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1