༄༅།། སྨོན་འདུན།

འཆི་མེད་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། 05-02



ལུའུ་ཞུན་གྱིས་བརྩམས། འཆི་མེད་ཚེ་རིང་གིས་བསྒྱུར།

        སོ་ནམ་ལོའི་ལོ་མཇུག་ནི་ལོ་མཇུག་ཐུན་མོང་མ་ཡིན་པ་ཞིག་ཡིན།  གྲོང་བརྡལ་ནང་དུ་ལྟ་ཅི།  བར་སྣང་གི་དབྱིངས་སུའང་གནམ་ལོ་གསར་ཚེས་ཀྱི་རྣམ་པ་ཞིག་མངོན་པར་གསལ།  ངམ་ནག་ཐལ་མདོག་ནི་མཚན་མོའི་སྤྲིན་གྱི་ཁྲོད་དུ་བར་མཚམས་མེད་པར་འོད་མདངས་འཕྲོ་བ་དང་སྦྲགས།  ལྡིར་སྒྲ་ཆེན་པོ་ཞིག་གྲགས་བྱུང་བ་དེ་ནི་ཐབ་ལྷ་སྐྱེལ་བསུའི་ཤོག་སྦག་གི་སྒྲ་ཡིན་པར་ངེས།  ཉེ་སར་ཡོད་པའི་ཤོག་སྦག་སྤར་མཁན་ནི་དེ་ལས་ཀྱང་ཤུགས་གྲགས་ཆེ་ཤིང་རྣ་བ་འོན་གྲབས་བྱེད་པའི་སྒྲ་ཆེན་པོ་དེ་མ་ཡལ་གོང་ལ་ཁ་རླུང་གི་ནང་དུ་རྫས་མེའི་དྲི་ངད་ཀྱིས་ཡོངས་སུ་ཁེངས།  དེའི་དགོང་མོར་ཁོ་བོ་རང་གི་ཕ་ཡུལ་ལིའུ་ཀྲན་གྲོང་བརྡལ་དུ་སླེབས་པ་ཡིན།  ཕ་ཡུལ་ཟེར་ནའང་རྟེན་སའི་ཁྱིམ་མེད་པས་གནས་སྐབས་སྦྱིན་བདག་ལིའུ་ལགས་ཀྱི་གཞིས་ཀར་འདུག་དགོས་བྱུང་། ཁོང་ནི་ངའི་ཕ་ཁྱིམ་ཡིན་ལ་ང་ལས་མི་རབས་གཅིག་གིས་རྒན་པ་ཡོད།   དངོས་འབྲེལ་བྱས་ན་ཨ་ཁུ་ཞེས་འབོད་དགོས།   ཁོང་ནི་གནས་ལུགས་རིག་པ་བཤད་ཁྲིད་གནང་མཁན་གྱི་སྲོལ་རྒྱུན་གྱི་ཤེས་ཡོན་ཅན་ཞིག་ཡིན།  དེ་སྔོན་དང་བསྡུར་ན་ཅུང་ཟད་རྒས་པ་ཙམ་ལས་འགྱུར་ལྡོག་ཆེ་བ་གང་ཡང་མ་བྱུང་ཞིང་སྨ་ར་ཡང་བཞག་མེད།  འཕྲད་མ་ཐག་ཏུ་འཚམས་འདྲི་བྱེད་པ་དང་འཚམས་འདྲི་བྱས་རྗེས།  "ང་རྒྱགས་པ་ཆགས་འདུག"ཟེར།  "ང་རྒྱགས་པ་ཆགས་འདུག"ཅེས་བཤད་རྗེས་ཏང་གསར་པར་ཤིན་ཏུ་མ་རངས་པའི་དམོད་ཚིག་བོར།  ཡིན་ནའང་དེ་ལ་ཁ་གཡར་ནས་ང་རང་ལ་དམོད་པ་མ་ཡིན་པ་ནི་ངས་ཤེས་ཐུབ་སྟེ།  ཁོང་གིས་དམོད་ཡུལ་ནི་ཁང་ཡོའོ་ཝེ(བྷྲིདྱོཾཀྜ)རང་ཡིན།  འོན་ཀྱང་གཏམ་གྱི་གླེང་ཕྱོགས་མི་མཐུན་པའི་རྐྱེན་གྱིས་དེ་ནས་ཡུན་རིང་མ་སོང་བར་ང་རང་གཅིག་པུ་དཔེ་ཁང་དུ་ལུས།  ཉིན་གཉིས་པར་ང་རང་ཕྱི་པོ་ནས་ཡར་ལངས་ཏེ་ཉིན་གུང་གི་ཟ་མ་ཚར་རྗེས་ཕྱིར་ཐོན་ནས་གཉེན་ཚན་དང་གྲོགས་པོ་ཁ་ཤས་ཐུག་པར་ཕྱིན་པ་ཡིན།  ཉིན་གསུམ་པར་ཡང་དེ་ལྟར་བྱས།   ཁོང་ཚོའང་ཅུང་ཟད་རྒས་པ་ཙམ་ལས་འགྱུར་ལྡོག་ཆེ་བ་གང་ཡང་མི་འདུག  ཁོང་ཚོའི་ནང་དུ་མི་ཚང་མ་སྨོན་འདུན་ཞུ་བའི་གྲ་སྒྲིག་གི་བྱ་བར་བྲེལ་ཞིང་གནས།  འདི་ནི་ལིའུ་ཀྲན་གྲོང་བརྡལ་གྱི་ལོ་མཇུག་གི་དུས་སྟོན་ཆེན་མོ་ཞིག་ཡིན་པས།  དད་གུས་ཤིན་ཏུ་ཆེན་པོའི་ངང་ནས་ནོར་ལྷ་ཕེབས་བསུ་ཞུས་ཏེ་ལོ་རྗེས་མའི་ནང་དུ་བསམ་དོན་ལྷུན་གྱིས་འགྲུབ་པའི་གསོལ་བ་སྨོན་ལམ་འདེབས་པར་བྱེད།   བྱ་དེ་དང་ངང་པ་གསོད་ཅིང་ཕག་ཤ་ཉོས་ནས་དོ་ནན་ཞིབ་ཚགས་ཀྱིས་འཁྲུ་བ་དང་བུད་མེད་ཀྱི་ལག་ངར་ཆུའི་ནང་སྦང་དྲགས་པས་དམར་ནག་ཏུ་གྱུར་ལ་ཁ་ཤས་ཀྱིས་ད་དུང་དངུལ་ཚགས་ཀྱི་ལག་གདུབ་ཐོགས་ཡོད།  ཤ་ཚོས་རྗེས་དེ་དག་གི་སྟེང་དུ་རྒྱུག་ཐུར་བཙུགས་ཏེ་ནོར་གྱི་རྟེན་འབུལ་དུ་བརྩི་བར་བྱེད།  ནམ་ཐུན་ལྔ་པར་ནམ་རིམ་གྱིས་གསལ་ཐོག་མཆོད་མེ་དང་བདུག་སྤོས་སྦར་ཏེ་ནོར་ལྷ་རྣམས་དགྱེས་བཞེས་སུ་འབུལ་བར་བྱེད།  མཆོད་པ་བྱེད་མཁན་ནི་སྐྱེས་པ་ཁོ་ན་ཡིན།  མཆོད་འབུལ་ཚར་རྗེས་སྔར་བཞིན་ཤོག་སྦག་སྦར་གྱི་ཡོད།  གལ་ཏེ་ནོར་གྱི་རྟེན་འབུལ་དང་ཤོག་སྦག་ཉོ་ཐུབ་མཁན་གྱི་རིགས་ནི་ལོ་ལྟར་ཁྱིམ་ཚང་ཚང་མ་དེ་ལྟར་ཡིན་ལ་ད་ལོའང་དེ་བཞིན་དུ་ཡིན་ནོ། །གནམ་གཤིས་རིམ་བཞིན་འཐིབས་ནས་ཕྱི་དྲོ་ ཁངས་ཀྱང་བབས།  ཁ་བའི་ལོ་འདབ་ནི་ཁམ་བུའི་མེ་ཏོག་བཞིན་ཆེ་ལ་གང་སར་གར་སྟབས་སྒྱུར་བཞིན་སྨུག་སྤྲིན་དང་བྲེལ་འཚུབ་མཉམ་འགྲོགས་ཀྱི་རྣམ་པས་ལིའུ་ཀྲན་གྲོང་བརྡལ་ཟང་ཟིང་དུ་ཆགས།  ང་རང་ཨ་ཁུའི་དཔེ་ཁང་ནང་དུ་ལོག་སླེབས་དུས། ཁང་པའི་རྫ་གཡམ་གྱ་ཐོག་ཏུ་ཁ་བས་དཀར་རྐྱང་དུ་གྱུར་ལ་ཁང་པའི་ནང་དུ་ཅུང་ཟད་དཀར་མདངས་དོད་ཅིང་གྱང་ལྡེབས་སུ་བཀལ་བའི་མཚལ་མདོག་གི"ཚེ་རིང"ཞེས་པའི་ཡིག་འབྲུ་དེ་ཡང་མངོན་པར་གསལ།   མཆོད་ཁྲིའི་གཡས་གཡོན་དུ་མེས་པོ་རྗེས་དྲན་གྱི་ཆེད་དུ་སྦྱར་བའི་སྙན་ངག་
        `གི་ཤོག་ལྷེ་གཅིག་མར་ཟགས་ནས་སྒྲོག་ཙེ་རིང་པོའི་སྟེང་དུ་ལྷུག་ལྷུག་ཏུ་བསྒྲིལ་ནས་བཞག་འདུག  ཡ་གཅིག་ནི་ད་དུང་གྱང་ལྡེབས་སུ་གནས་ཡོད་པས་དེར"དོན་རྣམས་གྲུབ་ཅིང་ལུས་སེམས་བདེ"ཞེས་འཁོད།  ངས་སླར་ཡང་དོན་མེད་རྣམ་གཡེང་གིས་མགོ་བོ་སྒེའུ་ཁུང་འོག་ཏུ་དུད་དེ་བསྔོགས་པས་ཧ་ལམ་ཆ་མི་ཚང་བའི《ཁང་ཤིའི་ཚིག་མཛོད》གཅིག་དང《ཅིང་སི་ལུའི་འབྲེལ་བ》གཅིག《སི་ཧྲུའུ་ཚན》གཅིག་བཅས་ལས་མ་མཐོང་།  གང་འདྲ་བྱས་རུང་ང་རང་སང་ཉིན་ཐོན་རྒྱུའི་བློ་ཐག་ཡོངས་སུ་བཅད། 
        ཡིན་ནའང་།  ཁེ་ས་ཞང་ལིན་སོའོ་ཕྲད་པའི་གནས་ཚུལ་དེ་དྲན་མ་ཐག་ང་རང་ལ་བློ་མི་བདེ་བ་ཞིག་བྱུང་།  དེ་ནི་ཕྱི་དྲོ་ཞིག་ལ་ང་རང་གྲོང་བརྡལ་གྱི་ཤར་ངོས་སུ་ཡོད་པའི་གྲོགས་པོ་ཞིག་བལྟ་བར་ཕྱིན་ནས་ཚུར་ལོག་ཡོང་བའི་ཆུ་འགྲམ་དེར་མོར་ཕྲད་པ་མ་ཟད། མོའི་མིག་གི་ལྟ་སྟངས་དེ་མཐོང་དུས་དེ་ནི་ངའི་ཕྱོགས་སུ་ཆེད་དུ་ཡོང་བ་ཤིན་ཏུ་གསལ་པོར་རྟོགས་ཐུབ།  ད་ཐེངས་ངས་ལིའུ་ཀྲང་གྲོང་བརྡལ་དུ་མཐོང་བའི་མི་རྣམས་ཀྱི་ནང་ནས་འགྱུར་ལྡོག་ཆེ་ཤོས་ནི་ཁོ་མོ་ལས་གཞན་མེད་པ་བཤད་ཆོག    ལོ་ལྔའི་གོང་ཅུང་ཟད་དཀར་བའི་མགོ་སྐྲ་དེ་ད་ལྟ་ཡོངས་སུ་དཀར་པོར་གྱུར་ཟིན་ལ་ལོ་བཞི་བཅུ་ཡས་མས་ཀྱི་མི་ཡིན་བཟོ་རྩ་བ་ནས་མི་འདུག  ངོ་གདོང་རིད་ལ་བལྟ་མི་བཟོད་ཅིང་སེར་ལ་ནག་པ་མ་ཟད། སྔོན་བསགས་ལས་ངན་གྱིས་གདུང་པའི་སྐྱོ་སྣང་གི་གདོང་གཤིས་དེ་ནི་ཤིང་བརྐོས་དང་འདྲ་བར་སྣང་།   མིག་འབྲས་གཡོ་བ་གཅིག་པོས་མོ་ནི་མི་གསོན་པོ་ཞིག་ཡིན་པར་མངོན་ཐུབ།  མོའི་ལག་གཅིག་གིས་སྨྱུག་གཟེབ་ཅིག་ཁྱེར་ཡོད་པ་དེའི་ནང་ཕོར་པ་ཆག་རོ་སྟོང་པ་ཞིག་དང་ལག་པ་གཞན་དེས་རང་ལས་ཀྱང་རིང་བའི་སྨྱུག་མའི་རྒྱུག་པ་རྩེ་མོ་གས་ཆག་ཤོར་བ་ཞིག་ཐོགས་པས་མོ་ནི་དངོས་འབྲེལ་སློང་མོ་བ་ཞིག་རང་རེད།
        ངས་ཡར་ལངས་ནས་མོ་དངུལ་སློང་བ་ཡོང་རྒྱུར་གྲབས་ནས་"ཁྱེད་རང་སླེབས་སོང་ངམ"ཞེས་མོས་སྔོན་ལ་དེ་ལྟར་དྲིས།  "ཡིན""དེ་ཡག་པོ་བྱུང།  ཁྱེད་རང་ནི་ཡི་གེ་ཤེས་མཁན་ཞིག་ཡིན་པ་མ་ཟད་གང་སར་འགྲོ་མྱོང་བས་མཐོང་ཐོས་ཆེ།   ངས་རང་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད"མོའི་ཉོབ་མདངས་ཀྱི་མིག་ནས་གློ་བུར་དུ་འོད་མདངས་ཤིག་འཕྲོས་སོང་།  མོས་སྐད་ཆ་དྲིས་པ་འདྲ་ཞིག་དེ་ནི་ངའི་བསམ་ཡུལ་ལས་འདས་པས་རེ་ཞིག་ང་རང་ཧོན་ཐོར་ནས་རང་སར་ལངས་ནས་བསྡད།  "ད་ག་རེད"མོས་ཚུར་གོམ་པ་གཉིས་ཙམ་སྤོས་ནས་སྐད་གདངས་དམའ་ཞིང་ཆེས་གསང་བའི་ངང་ནས"མི་ཤི་ཚར་རྗེས་ཡང་སྙིང་རྣམ་ཤེས་ཡོད་དམ"ཞེས་བཤད། 
        ང་རང་ཞེད་སྣང་ཤིན་ཏུ་སྐྱེས་ཤིང་མོའི་མིག་ཅེ་རེར་བགྲད་པ་དེ་མཐོང་ཚེ་སྒལ་པར་ཚེར་མ་ཟུག་པ་དང་འདྲ།  སློབ་གྲྭའི་ནང་དུ་གྲ་སྒྲིག་བྱེད་ལོང་མེད་པར་གནས་སྐབས་ཀྱི་རྒྱུགས་ཚད་ལེན་དུས་དགེ་རྒན་གྱིས་ཀྱང་ཆེད་མངགས་བལྟ་སྲུང་བྱེད་པའི་སྐབས་ལས་ཀྱང་དངངས་སྐྲག་ཆེ་བ་བྱུང་།  རྣམ་ཤེས་ཡོད་མེད་ཀྱི་སྐོར་རང་ཉིད་ལ་སྔས་ནས་རྣམ་རྟོག་མེད་མོད།  དུས་འདིར་མོ་ལ་ལན་གང་འདྲ་ཞིག་བཏབ་ན་ལེགས་སམ།  ངས་དུས་ཐུང་གི་ཐེ་ཚོམ་ངང་ནས་བསམ་པར།  འདི་གའི་མི་རྣམས་ནི་སྔར་རྒྱུན་བཞིན་གདོན་འདྲེ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།  འོན་ཀྱང་མོ་ལ་བློ་དོགས་ཤིག་བྱུང་འདུག  ཡང་ན་དེ་ལས་གཞན་པའི་འདུན་པ་ཞིག་ཡིན།  འདུན་པ་དེ་ཡོད་དམ་མེད། མི་ལྔ་ལམ་དུ་ཕྱིན་པའི་སྡུག་བསྔལ་དེ་སྣོན་པའི་དགོས་པ་མེད་པས་མོའི་ཆེད་དུ"ངའི་བསམ་པར་གཅིག་བྱས་ན་ཡོད་ཀྱི་རེད"ཅེས་ཁ་ནས་ཐོན་ལ་མ་ཐོན་གྱིས་བཤད།
        "བྱས་ན།  དམྱལ་བ་ཡོད་ཀྱི་རེད""ཨཱ།  དམྱལ་བ"ང་རང་ཧ་ལས་པའི་སྒོ་ནས་ཆིག་ལབ་བྱེད་བཞིན"དམྱལ་བ"གནས་ལུགས་ཐོག་ཡོད་དགོས་པའི་ངེས་པ་མེད།  དོན་དེའི་རིགས་སུས་ཐེ་ཇུས་བྱེད་དམ"དེ་ལྟར་ན་ཤི་ཟིན་པའི་ཁྱིམ་ཚང་གཅིག་གི་མི་ཚང་མ་མཉམ་དུ་འཕྲད་སྲིད་དམ""ཨའེ་ཨའེ།  ཕྲད་སྲིད་དམ"སྐབས་དེར་ང་རང་ནི་རྦད་དེ་མི་གླེན་པ་ཞིག་ཡིན་པ་ཤེས་སོང་།  ཐེ་ཚོམ་དང་འཆར་གཞི་ག་རེ་ཡིན་རུང་དྲི་བ་གསུམ་པོ་དེ་འགོག་མ་ནུས།  དེ་མུར་ང་རང་དཔའ་ཞུམ་ཞིང་བསམ་པར་སྔར་གྱི་སྐད་ཆ་དེ་རྣམས་ཡོངས་སུ་འགོག་འདོད་ཀྱིས"དེ་རེད"དངོས་འབྲེལ་ངས་གསལ་པོར་ཤེས་མ་སོང་།   དོན་དངོས་ཐོག་ཡང་སྙིང་རྣམ་ཤེས་ཡོད་མེད་དེ་ང་རང་གིས་ཀྱང་གསལ་པོར་ཤེས་མ་སོང་།  མོས་ཡང་བསྐྱར་མུ་མཐུད་ནས་སྐད་ཆ་མི་འདྲི་བའི་སྐབས་དང་བསྟུན་ནས་ངས་གོམ་ཞེང་ཆེན་པོས་འཚབ་འཚུབ་ངང་ཨ་ཁུའི་ནང་ལོག་ཕྱིན་པ་ཡིན་པས་ཤིན་ཏུ་བློ་མི་བདེ་བའི་ཚོར་སྣང་ཞིག་བྱུང་།  ང་རང་གི་བསམ་པར་ངའི་ལན་དེས་མོ་ལ་ཉེན་ཁ་འབྱུང་བ་མིན་ནམ་སྙམ།   མི་གཞན་གྱིས་སྨོན་འདུན་ཞུ་བའི་དུས་སུ་ཕལ་ཆེར་མོ་ལ་རང་ཉིད་ཁེར་རྐྱང་དུ་ལུས་པའི་ཚོར་སྣང་བྱུང་།  ཡིན་ནའང་དེའི་ནང་དུ་དོན་སྙིང་གཞན་གང་ཞིག་ལྡན་ཡོད་དམ་ཡང་ན་སྔོན་ཚོར་གང་ཞིག་ལྡན་ཡོད།  གལ་སྲིད་དོན་སྙིང་གཞན་ཞིག་ལྡན་ན་ཡང་དེའི་རྐྱེན་གྱིས་གནས་ཚུལ་གཞན་ཞིག་བྱུང་ན་ངས་དྲིས་ལན་དེ་དངོས་འབྲེལ་འགན་འཁུར་དགོས་པ་ཡིན།  ཡིན་ན་ཡང་དེ་རྗེས་ཁོ་རང་ཁོང་དགོད་ཅིག་ཤོར་ཏེ་དེ་ནི་རེ་འགའ་བའི་དོན་ཞིག་ཏུ་སྣང་།  སྤྱིར་དོན་སྙིང་གཏིང་ཟབ་ནི་གང་ཡང་མེད་མོད།  ང་རང་གིས་བསམ་བློ་བཏང་དྲགས་པའི་རྐྱེན་གྱིས་དེ་ནི་དངོས་གནས་སློབ་གསོ་མཁས་ཅན་གྱིས་བཤད་པའི་སྨྱོ་ནད་ན་བ་ཟེར་པ་དེ་རང་རེད།  དེར་མ་ཟད"གསལ་པོ་བཤད་ཤེས་མ་སོང"ཞེས་གསལ་གསལ་ཐིང་ཐིང་དུ་བཤད་པས་དྲིས་ལན་དེ་རྦད་དེ་རྩིས་མེད་དུ་བཏང་ཟིན་ནའང་གནས་ཚུལ་གང་ཞིག་བྱུང་ཡང་ང་དང་འབྲེལ་བ་ཅི་ཡང་མེད།
        "གསལ་པོ་བཤད་ཤེས་མ་སོང"ཟེར་པའི་ཚིག་དེ་ཆེས་ནུས་པ་ལྡན་པའི་སྐད་ཆ་ཞིག་རེད།  ལས་ཀའི་མྱོང་བས་དབེན་པའི་བློ་སྟོབས་ཅན་གྱི་གཞོན་ནུས་རྒྱུན་དུ་གཞན་གྱི་དོགས་གནད་ཐག་གཅོད་བྱེད་ཕོད་ཅིང་སྨན་པ་བདམས་ནས་མཐའ་འབྲས་ཡག་པོ་མ་བྱུང་ཚེ་ཧ་ལམ་ཀུན་གྱིས་སྡང་བའི་ཡུལ་དུ་གྱུར།  འོན་ཀྱང་གསལ་པོ་བཤད་ཤེས་མ་སོང་ཞེས་པ་དེས་མཇུག་བསྡུས་རྐྱེན་དོན་དེ་ད་གཟོད་སེམས་བདེ་པོ་བྱུང་སོང་།  དེ་དུས་ངའི་བསམ་པར་སྐད་ཆ་དེ་དེ་བས་ཀྱང་དགོས་ངེས་ཡིན་པའི་ཚོར་སྣང་ཞིག་བྱུང་།  བུད་མེད་སློབ་མ་བ་ཞིག་དང་སྐད་ཆ་བཤད་ནའང་སྐད་ཆ་དེ་ནི་མེད་དུ་མི་རུང་བ་ཞིག་རེད།
        ཡིན་ནའང་གང་ལྟར་ང་བློ་མི་བདེ་བ་ཞིག་བྱུང་ལ་མཚན་ཡུག་གཅིག་ཕྱིན་ནའང་ད་དུང་ལྷང་ངེར་དྲན་གྱི་འདུག  ཡིད་ལ་སྔོན་ཚོར་ངན་པ་གང་ཞིག་འཆར་བ་བཞིན་རབ་རིབ་ཀྱི་དུས་དང་ཆོ་མེད་ཀྱི་དཔེ་ཁང་ནང་དུ་མི་བདེ་བའི་བློ་དེ་ནི་དེ་བས་ཤུགས་ཇེ་ཆེར་ཕྱིན་སོང་།  དེ་ལས་སང་ཉིན་གྲོང་ཁྱེར་ནང་དུ་ཕྱིན་པ་ཡག ནོར་འཕེལ་ཟ་ཁང་ནང་གི་ཉ་གཤོག་དམར་བཙོས་དེ་ཐ་སྦག་ཆེན་པོ་གང་ལ་སྒོར་གཅིག་ཡིན་པས་གོང་ཚད་ཆུང་ལ་སྤུས་ལེགས་ཤིང་། ད་ལྟ་གོང་ཚད་འཕར་སྣོན་བྱུང་ཡོད་མེད་ནི་མ་ཤེས།  དུས་རྒྱུན་མཉམ་དུ་འགྲོགས་པའི་གྲོགས་པོ་དག་མཁའ་ཡི་དུད་སྤྲིན་བཞིན་ཡལ་ཟིན་ནའང་ཉ་གཤོག་དམར་བཙོས་དེ་ནི་ང་རང་གཅིག་པུ་ལས་མེད་ཀྱང་མ་བཟས་ན་ག་ལ་འགྲིག  གང་འདྲ་བྱས་ཀྱང་ང་རང་སང་ཉིན་ཐོན་འགྲོ་རྒྱུར་སེམས་ཐག་བཅད་ཟིན།
        ངས་རྒྱུན་དུ་གནས་ཚུལ་གང་ཞིག་དེ་བཞིན་དུ་མི་འབྱུང་བར་སྨོན་ནའང་གནས་ཚུལ་དེ་ཏག་ཏག་དེ་བཞིན་དུ་བྱུང་བས་དོན་དེ་ཡང་ཕལ་ཆེར་དེ་དང་མཚུངས་པས་དངོས་འབྲེལ་གནས་ཚུལ་དམིགས་བསལ་ཞིག་འབྱུང་མགོ་བརྩམས་སོང་།  མཚན་མོ་དེར་ངས་མི་ཁ་ཤས་ཤིག་ཁང་པ་སྦྲིག་མའི་ནང་དུ་བགྲོ་གླེང་བྱས་པ་ཐོས་བྱུང་བས་གནས་ཚུལ་ཞིག་གཏམ་གླེང་བྱེད་ཀྱི་ཡོད་པ་འདྲ་པོ་འདུག  ཡིན་ནའང་ཡུད་ཙམ་མ་སོང་བར་སྐད་ཆ་བཤད་མཚམས་བཞག་སོང་།  ཨ་ཁུ་གཅིག་པུ་འགྲོ་བཞིན་དུ་སྐད་ཤུགས་ཆེན་པོས"སྔ་མིན་ཕྱི་མིན།  ཏག་ཏག་སྐབས་འདི་འདྲ་ཞིག་ལ་འཁེལ་རྒྱུར།   འདི་ནི་ལྟས་ངན་མཐོང་བ་རང་རེད། "
        སྔོན་ལ་ང་རང་ཡ་མཚན་སྐྱེས་ནས་དེ་རྗེས་བློ་མི་བདེ་བ་ཞིག་བྱུང་།  ཕལ་ཆེར་སྐད་ཆ་དེ་ང་དང་འབྲེལ་བ་འདུག  སྒོའི་ཕྱིར་བལྟས་པས་སུ་ཡང་མཐོང་རྒྱུ་མི་འདུག  དགོང་ཟས་གོང་དུ་ཁོང་ཚོའི་གླ་པ་རྣམས་ཇ་འཐུང་བར་ཡོང་རྒྱུར་སྒུག་ཐུབ་ཙམ་བྱུང་བས་ང་ལ་གཞི་ནས་གནས་ཚུལ་ཉན་ཞིབ་བྱ་རྒྱུའི་གླགས་རྙེད་བྱུང་།
        ངས"ད་ལྟ།  སྦྱིན་བདག་སུ་ཁོང་ཁྲོ་ལངས་པ་རེད། "ཅེས་དྲིས།  ཉིན་གླ་མཁན་དེས་ཐད་ཀར"ཞང་ལིན་སོའོ་དང་གཞན་སུ་ཡོའོ་རེད"ཅེས་བཤད།
        "ང་མགྱོགས་མྱུར་དུ""ཞང་ལིན་སོའོ།  ག་རེ་བྱས་འདུག"ཅེས་དྲིས།
         "རྒས་འདུག"
        "ཤི་བ་རེད་པས""ངའི་སེམས་གློ་བུར་དུ་དམ་སྦྲེང་ངེར་གྱུར་ཏེ་ཧ་ལམ་མཆོངས་གྲབས་ཀྱིས་གདོང་གཤིས་ཀྱང་ལོག་པ་འདྲ།  ཡིན་ནའང་ཁོང་གིས་མགོ་བོ་ཡེ་ནས་མ་བཏེག་པས་ཚོར་སྣང་གང་ཡང་བྱུང་མ་སོང་།  ང་རང་ཡང་བབ་བརླིང་གིས་མུ་མཐུད་ནས་དྲིས་པར"ག་དུས་ཤི་བ་རེད"
        "ག་དུས་རེད་པས།  མདང་དགོང་གི་མཚན་གུང་རེད་ཡང་ན་དེ་རིང་རེད།    ངས་གསལ་པོ་བཤད་ཤེས་མ་སོང་།"
        "གང་འདྲ་བྱས་ནས་ཤི་བ་རེད"
        "གང་འདྲ་བྱས་ནས་ཤི་བ་རེད་ཨས།  སྐྱོ་དྲགས་ནས་ཤི་བ་མ་རེད་པས"ཞེས་ཁོང་གིས་སྣང་མེད་ངང་ལན་བཏབ་སྟེ་སྔར་བཞིན་ང་ལ་བལྟ་ཙམ་ཡང་མ་བྱས་པར་ཕྱིར་ཐོན་སོང་།  འོན་ཀྱང་ང་རང་གི་དངངས་སྐྲག་དེ་ནི་གནས་སྐབས་ཙམ་ཞིག་ཡིན་པས་དེ་ནས་གནས་ཚུལ་ལྷགས་ཡོང་སྙམ་པ་དེ་ང་རང་གིས"བཤད་ཤེས་མ་སོང"ཟེར་བ་དེར་བརྟེན་ཁོང་གིས"སྐྱོ་དྲགས་ནས་ཤི་བ་རེད"ཟེར་བ་དེ་ཡིས་སེམས་གསོ་བྱེད་པའི་དགོས་པ་མེད་པས་བློ་རིམ་བཞིན་ལྷོད་པོར་གྱུར།  ཡིན་ནའང་སྐབས་སྐབས་སུ་ད་དུང་འགྱོད་སེམས་ཅུང་ཟད་སྐྱེ་ཡི་འདུག
        དགོང་ཟས་བསྒྲིགས་རྗེས་ཨ་ཁུས་རྫིག་ཉམས་ཀྱིས་མཉམ་དུ་འདུག་རོགས་བྱས།  ང་རང་གིས་ཀྱང་ད་དུང་ཞང་ལིན་སོའོ་ལ་གནས་ཚུལ་འདྲི་འདོད་སྐྱེས།  འོན་ཀྱང་ཁོང་གིས"ལྷ་འདྲེ་ནི་ལས་འབྲས་ལ་བརྟེན་ནས་འབྱུང་བ"ཟེར་བ་དེ་ལྟ་ཀློག་བྱས་མྱོང་ཡང་ད་དུང་འཛེམ་བྱ་ཤིན་ཏུ་མང་པོ་ཡོད་པ་ཤེས་ཀྱིན་ཡོད།
        སྨོན་འདུན་ཞུ་ཉིན་གྱི་སྐབས་སུ་ཤི་དང་ན་ཚ་བཅས་ཀྱི་སྐད་ཆ་ནི་རྩ་བ་ནས་བཤད་མི་རུང་།  གལ་སྲིད་མི་ཤོད་ཐབས་མེད་ཡིན་ཚེ་གསང་ཚིག་གིས་ཚབ་བྱས་ནས་བཤད་དགོས་པས་བློ་ཕངས་པ་ཞིག་ལ་ང་རང་གིས་ཀྱང་དེ་མི་ཤེས་པའི་རྐྱེན་གྱིས་ཐེངས་ཁ་ཤས་སྐད་ཆ་འདྲི་འདོད་ཡང་མཐར་ཐུག་འདྲི་མཚམས་འཇོག་དགོས་བྱུང་།  ངས་ཁོང་གི་གདོང་གཤིས་རྫིག་ཉམས་དང་གློ་བུར་དུ་ཁོང་གིས་ང་ནི་སྔ་མིན་ཕྱི་མིན་གྱི་སྐབས་དེ་འདྲ་ཞིག་ལ། ཁོང་སུན་པོ་བཟོས་པ་དེ་ཡང་ལྟས་ངན་ཞིག་ཡིན་པར་བསམ་བཞིན་དུ་ལམ་སེང་ཁོང་ལ་ང་སང་ཉིན་ལིའུ་ཀྲན་གྲོང་བརྡལ་ནས་ཐོན་ཏེ་གྲོང་ཁྱེར་དུ་འགྲོ་གི་ཡིན་ཞེས་བཤད་པ་ཡིན་པས་དེ་མ་ཐག་ཁོང་གི་བློ་ལྷོད་དུ་ཕྱིན།  ཁོང་གིས་ཀྱང་དེ་ཙམ་ཉར་འདོད་མི་བྱེད།  དེ་འདྲའི་ཡིད་མུག་པའི་ངང་ནས་དགོངས་ཟས་བཟས་པ་ཡིན།  དགུན་དུས་ཉི་མ་ཐུང་ལ་ཁ་བ་ཡང་བབས་པའི་རྐྱེན་གྱིས་གྲོང་བརྡལ་དེ་སྔ་ས་ནས་མུན་པས་བཏུམས་པར་གྱུར།  མི་ཚང་མ་བཞུ་མར་གྱི་འོག་ཏུ་བྲེལ་འཚུབ་ཡོད་ནའང་སྒེའུ་ཁུང་གི་ཕྱི་ལོགས་སུ་ཤིན་ཏུ་ཁུ་སིམ་མེར་གནས།  ང་རང་གཅིག་པུ་སེར་མདངས་འཚེར་བའི་སྣུམ་བཞུའི་འོག་ཏུ་བསྡད་ནས་བསམས་པར་བློ་གཏད་རེ་བཅོལ་གང་ཡང་མེད་པའི་ཞང་ལིང་སོའོ་འདི་མི་རྣམས་ཀྱིས་གད་སྙིགས་ཁྲོད་དུ་མཐོང་ན་ཞེན་པ་ལོག་པའི་ཟོག་རོ་བཞིན་དོར།  དེ་གད་སྙིགས་ཁྲོད་གཟུགས་དབྱིབས་ད་དུང་མངོན་རྒྱུ་ཡོད་རྐྱེན་འཚོ་བར་དགའ་བའི་མི་རྣམས་ཀྱིས་བལྟས་ན་མོ་ད་དུང་གང་གི་ཕྱིར་འཚོ་གནས་བྱེད་པར་ཕལ་ཆེར་ཡ་མཚན་པར་བྱེད།  གང་ལྟར་ད་ཆ་སྣང་མེད་ཀྱིས་གཙང་མར་ཆགས་ཟིན།  རྣམ་ཤེས་ཡོད་མེད་དེ་ངས་ཤེས་ཀྱི་མེད་ཀྱང་ཚེ་འདིར་བློ་གཏད་རེ་བཅོལ་གང་ཡང་མེད་ཀྱང་ཆོག་ལ་དེ་ལས་ཀྱང་མཐོང་མི་འདོད་པ་དེ་མ་མཐོང་ཆོག་པས་དེ་མི་གནས་ལ་མཐོང་འདོད་མི་སྐྱེ་བ་དེ་ཡང་མཐོང་དགོས་མེད་པས་རང་གཞན་གང་ལའང་ཐམས་ཅད་ལེགས་པར་སེམས།  ངས་ཁ་ཁུ་སིམ་པོས་སྒེའུ་ཁུང་ཕྱི་རོལ་གྱི་ཁ་བའི་འདབ་མ་ལྷུག་ལྷུག་ཏུ་བབས་པའི་སྒྲར་ཉན་བཞིན་ཕྱོགས་གཅིག་ནས་བསམ་ཀྱང་རིམ་བཞིན་བློ་བདེ་བག་ཕེབས་སུ་གྱུར། 
        ཡིན་ཡང་སྔོན་མཐོང་ཐོས་སུ་གྱུར་པའི་མོའི་མི་ཚེ་ཕྱེད་ཀྱི་ལག་རྗེས་ཆ་ཤས་རྣམས་འདིར་སླེབས་དུས་ཀྱང་ཆ་ཡོངས་སུ་རྫོགས་པར་བྱེད།
        མོ་ནི་ལུའུ་ཀྲན་གྲོང་བརྡལ་གྱི་མི་མིན།  ལོ་གཅིག་གི་དགུན་སྟོད་དུ་ཨ་ཁུའི་ནང་དུ་གཡོག་མོ་བརྗེ་དགོས་བྱུང་ཞིང་ངོ་སྤྲོད་བྱེད་མཁན་རྒན་མོ་ཝེ་ལགས་ཀྱིས་མོ་ཁྲིད་ནས་ཡོང་བ་རེད།  མོའི་མགོ་ལ་སྐྲ་འཆིང་དཀར་པོ་ཞིག་བརྒྱབ་ཡོད་ལ་སྨད་གོས་ནག་པོ་ཞིག་གྱོན་ཡོད་ཅིང་བར་འཚངས་ཅན་གྱི་སྟོད་ཐུང་སྔོན་མོའི་འོག་ཏུ་རྔུལ་ལེན་དཀར་པོ་ཞིག་ཀྱང་གྱོན་ཡོད།  ལོ་ནི་ཕལ་ཆེར་ཉི་ཤུ་རྩ་དྲུག་རྩ་བདུན་དུ་སླེབས་ཤིང་གདོང་མདོག་སེར་སྐྱར་གྱུར་ནའང་མཁུར་ཚོས་གཉིས་ནས་ད་དུང་དམར་མདངས་མངོན།  རྒན་མོ་ཝེ་ལགས་ཀྱིས་མོ་ལ་ཞང་ལིན་སོའོ་ཞེས་འབོད་པ་དང་ཟེར་རྒྱུ་ལ་རང་གི་མ་ཁྱིམ་གྱི་ཁྱིམ་མཚེས་ཡིན་ཟེར།  མོའི་ཁྱོ་ག་གྲོངས་རྗེས་ཕྱི་ལ་ལས་ཀ་བྱེད་པར་ཡོང་བ་རེད།  ཨ་ཁུས་སྨིན་མ་བསྡུ་ཙམ་བྱས་པས་ཨ་ནེས་ཁོང་ནི་ཡུགས་མོ་ལ་སུན་སྣང་བྱེད་ཀྱི་ཡོད་པ་ཤེས་པར་གྱུར།  འོན་ཀྱང་མོའི་བཟོ་ལྟ་ལ་བལྟས་ན་ཚུལ་མཐུན་ཡིན་པར་ངེས་ཤིང་ལུས་སྟོབས་ཀྱང་རྒྱས་པ་མ་ཟད་མིག་ལའང་མཐོང་བདེ་པོར་སྣང་།  ངག་ནས་གང་ཡང་མི་བཤད་པར་ཤིན་ཏུ་ནས་ཡིན་ལུགས་ཚུལ་དང་ལྡན་ཞིང་ལས་ལ་བཟོད་བསྲན་ཆེ་མདོག་འདུག་པས་ཨ་ཁུའི་རྣམ་འགྱུར་ལ་མ་བལྟས་པར་མོ་ཉར་བ་རེད།  ཚོད་ལྟའི་ལས་ཀའི་དུས་ཚོད་ནང་དུ་མོས་ཉིན་གང་ལས་ཀ་བྱེད་ཅིང་ལས་ཀ་མེད་ན་ཧ་ལམ་སུན་སྣང་སྐྱེ་ཡི་ཡོད་པ་ལྟ་བུར་སྣང་།  ལུས་ཤུགས་ཆེ་བས་ཕོ་གཞོན་ཞིག་གི་དོ་ཟླར་ནུས།  དེར་བརྟེན་ཉིན་གསུམ་པ་ནས་མོ་ཉར་རྒྱུར་གཏན་འཁེལ་བྱས།  ཟླ་རེའི་གླ་ཆ་ནི་དངུལ་སྲང་ལྔ་བརྒྱ་ཡིན།
        ཚང་མས་མོ་ལ་ཞང་ལིན་སོའོ་ཞེས་འབོད་ཀྱི་ཡོད།  མོའི་རུས་མིང་འདྲིས་མེད་ཀྱང་ངོ་སྤྲོད་བྱེད་མཁན་ནི་ཝེ་ཅཱ་ཧྲན་གྱི་མི་ཡིན་ལ་བཤད་སྲོལ་ལ་ཁྱིམ་མཚེས་ཡིན་ཟེར་བས་མོ་རང་ཡང་ཕལ་ཆེར་རུས་ཝེ་ཡིན་ངེས།  མོ་སྐད་ཆ་བཤད་རྒྱུར་དགའ་པོ་དེ་ཙམ་མེད་ལ་གཞན་གྱིས་སྐད་ཆ་དྲིས་རྗེས་གཞི་ནས་ལན་འདེབས་པ་དང་དེ་ཡང་མང་པོ་མི་བཤད།  ཉིན་བཅུ་གྲངས་ཕྱིན་པའི་རྗེས་སུ་གཞི་ནས་མོའི་ནང་དུ་ད་དུང་སྒྱུག་མོ་ནན་པོ་ཞིག་ཡོད་པ་རིམ་བཞིན་ཤེས་རྟོགས་བྱུང་བ་དང་། ཨ་ཁུའི་བུ་ཞིག་ཡོད་པ་དེ་ཡང་ལོ་བཅུ་ལྷག་ལོན་ཞིང་བུད་ཤིང་འཐུ་ཐུབ་ཙམ་ཡོད།  མོའི་ཁྱོ་ག་ནི་དཔྱིད་ཀར་ཚེ་ལས་འདས་པ་དང་མ་གཞི་ཁོང་ཡང་བུད་ཤིང་འཐུས་ནས་འཚོ་བ་སྐྱེལ་མཁན་ཞིག་ཡིན།  མོ་ལས་ལོ་བཅུ་ཡིས་ཆུང་།  ཚང་མས་ཤེས་རྟོགས་བྱུང་བ་ནི་དེ་ཙམ་ཞིག་ཡིན་ནོ། །
        ཉི་མ་ནི་ཤིན་ཏུ་འགྲོ་མགྱོགས་པོ་ཞིག་ཡིན་ལ་མོའི་ལས་ཀ་ཡང་དལ་ལྷོད་ཡེ་ནས་མ་བྱུང་། མི་ཚང་མས་སྦྱིན་བདག་ལིའུ་ཚང་གིས་གླས་པའི་གཡོག་མོ་དེ་དངོས་གནས་གཞོན་པ་ཧུར་པོ་ཞིག་ལས་ཀྱང་ཧུར་བ་འདུག་ཟེར།  ལོ་མཇུག་ལ་སླེབས་དུས།  གཙང་སྦྲ་བྱ་རྒྱུ་དང་དེ་བཞིན་བྱ་དེ་དང་ངང་པ་གསོད་ཅིང་མཚན་ཡུག་ཏུ་ནོར་གྱི་རྟེན་དེ་དག་བཙོ་བ་སོགས་ཚང་མ་མི་གཅིག་གིས་བྱེད་ཀྱིན་ཡོད་པས་གླ་པ་གཞན་སྣོན་དགོས་པ་མ་བྱུང་། ཡིན་ཡང་མོ་ནི་དེ་ལས་ལྡོག་སྟེ་བློ་ཡིད་ཚིམ་པར་གྱུར་ཞིང་མཆུ་སྒྲོས་ཀྱི་ཟུར་ནས་རིམ་གྱིས་འཛུམས་མདངས་ཕྱུང་ལ་གདོང་ཡང་བག་གྲོ་བའི་རྣམ་པར་གྱུར།
        ལོ་གསར་བཏང་ཚར་མཚམས་ལ་མོ་ཆུ་ཁ་ནས་འབྲས་བཀྲུས་ཏེ་ལོག་ཡོང་དུས་གློ་བུར་དུ་གདོང་གཤིས་ལོག  ད་གིན་ཆུ་ཕར་ངོས་ནས་ཐག་རིང་པོར་སྐྱེས་པ་ཞིག་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང་བྱུང་ཟེར།  དེ་ནི་རང་གི་ཁྱོ་གའི་ཨ་ཁུ་འདྲ་ཆེ་ལ་ཕལ་ཆེར་མོ་རང་འཚོལ་བར་ཡོང་བ་མིན་ནམ་སྙམ།  ཨ་ནེ་དོགས་པ་དང་དངངས་འཚབ་སྐྱེས་ཏེ་ཞིབ་པར་བྲིས་ཀྱང་མོས་མ་བཤད།  ཨ་ཁུས་ཤེས་མ་ཐག་སྨིན་མ་བསྡུས་ཏེ་བཤད་པར"དེ་ཡག་པོ་མ་རེད།  མོ་ཕལ་ཆེར་བྲོས་ཡོང་བ་རེད"
        མོ་ཏན་ཏན་བྲོས་ཡོང་བ་ཞིག་རེད།  དུས་ཚོད་རིང་པོ་མ་སོང་བར་སྔོན་དཔག་དེ་ར་སྤྲོད་བྱུང་།  
        ཕལ་ཆེར་ཉིན་བཅུ་གྲངས་ཤིག་ཕྱིན་རྗེས་མི་རྣམས་ཀྱིས་དེ་སྔོན་གྱི་གནས་ཚུལ་དེ་རིམ་གྱིས་བརྗེད་པར་གྱུར།  རྒན་མོ་ཝེ་ལགས་ཀྱིས་གློ་བུར་དུ་བུད་མེད་ལོ་སུམ་ཅུ་ཅན་ཞིག་ནང་དུ་ཁྲིད་ཡོང་ནས་དེ་ནི་ཞང་ལིན་སོའོ་ཡི་སྒྱུག་མོ་རེད་ཟེར།  བུད་མེད་དེ་གྲོང་གསེབ་ཀྱི་མི་ཡིན་པ་འདྲ་ཡང་མི་ལ་འབྲེལ་བ་བྱེད་སྐབས་བག་ཕེབས་ལ་སྐད་ཆ་བཤད་མཁས་པས་འཚམས་འདྲི་བྱས་རྗེས་དགོངས་དག་ཐུགས་བདེན་ཞུས་ནས་མོ་རང་ནི་ཆེད་དུ་བུའི་མནའ་མ་འཁྲིད་པར་ཡོང་བ་ཡིན་ཟེར།     དཔྱིད་ཚུགས་ལས་བྲེལ་ཆེ་བས་ནང་དུ་རྒན་འཁོགས་དང་ཕྲུ་གུ་ལས་མེད་པས་ལག་རོགས་མི་འདང་ཟེར།  
        ཨ་ཁུས"མོ་རང་གི་སྒྱུག་མོས་ཁྲིད་དེ་ཡོང་ན་དེ་ལ་བྱེད་ཐབས་གང་ཡོད"ཟེར།
        དེ་ནས་གླ་ཆ་རྩིས་བརྒྱབ་སྟེ་ཁྱོན་བསྡོམས་དངུལ་སྲང་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་ཐོབ་པས་མོས་ཚང་མ་སྦྱིན་བདག་ཚང་ལ་བཅོལ་ནས་དངུལ་སྲང་གཅིག་ཀྱང་བེད་སྤྱོད་བཏང་མེད་པར་ཚང་མ་མོ་རང་གི་སྒྱུག་མོར་སྤྲད།  བུད་མེད་དེས་གྱོན་གོས་རྣམས་བླངས་ཏེ་ཐུགས་རྗེ་ཆེ་ཞུས་ནས་ཕྱིར་ཐོན། དེ་དུས་ཉིན་གུང་གི་དུས་ཚོད་ཟིན།"ཨཱ་ཡ།  འབྲས།  ཞང་ལིན་སོའོ་འབྲས་འཁྲུ་བར་ཕྱིན་པ་མ་རེད་པས"གང་མཚམས་ཤིག་ལ་ཨ་ནེས་གཞི་ནས་ཧང་སངས་བའི་སྐད་ཅོར་ཆེན་པོ་ཞིག་བརྒྱབ།  ཕལ་ཆེར་མོ་རང་གྲོད་པ་ལྟོགས་པས་ཉིན་གུང་གི་ཟ་མ་ཡིད་དུ་འཁོར་བ་མིན་ནམ་སྙམ།  དེས་ན་ཚང་མ་ཁག་བགོས་ནས་འབྲས་འཁྲུ་སའི་ཚགས་སེ་འཚོལ་བར་ཕྱིན།  ཨ་ནེ་དང་ཐོག་ཐབ་ཚང་དང་དེ་ནས་ཚོམས་ཆེན་མདུན་མ།  དེ་རྗེས་ཉལ་ཁང་བཅས་ལ་བཙལ་ཡང་གང་སར་ཚགས་སེའི་གྲིབ་བཟོ་ཙམ་ཡང་མཐོང་བར་མ་གྱུར།  ཨ་ཁུས་དལ་བུས་སྒོ་ཕྱིར་ཐོན་ནས་བལྟས་ཀྱང་མཐོང་ཡུལ་དུ་མ་གྱུར་པས་ཆུ་འགྲམ་དུ་སླེབས་དུས་གཞི་ནས་ཆུ་ངོགས་སུ་ཡོ་འཁྱོག་མེད་པར་བཞག་པ་མཐོང།  དེའི་འགྲམ་དུ་ད་དུང་ཚལ་ཆག་པ་ཞིག་ཀྱང་བཞག་འདུག
        དེ་མཐོང་མཁན་གྱི་མི་ཚོས་བཤད་པ་ལྟར་ན།  ཆུ་ནང་དུ་སྔ་དྲོ་ནས་ཐོག་ཁེབས་དཀར་པོ་བྱས་པའི་གྲུ་ཞིག་བསྡད་འདུག་ལ་དེ་ཚང་མ་ཐོག་ཁེབས་ཀྱིས་གཡོག་འདུག་པས་ནང་དུ་མི་སུ་འདྲ་ཞིག་ཡོད་མེད་མི་ཤེས།  འོན་ཀྱང་གནས་ཚུལ་དེ་མ་བྱུང་གོང་ལ་མི་སུས་ཀྱང་ཁོ་ལ་ཁ་ཡ་བྱེད་མཁན་མ་བྱུང་།  ཞང་ལིན་སོའོ་འབྲས་འཁྲུ་བར་ཡོང་ནས་མར་སྒུག་ཙམ་བྱས་མ་ཐག་གློ་བུར་དུ་གྲུ་དེའི་ནང་ནས་སྐྱེས་པ་གཉིས་མཆོངས་ཡོང་བ་དེ་ནི་རི་ཁུལ་གྱི་མི་འདྲ་ཞིང་གཅིག་གིས་མོ་འཇུས་ཏེ་གཞན་དེས་རོགས་པ་བྱས་ནས་གྲུའི་ནང་དུ་དྲུད་ནས་ཕྱིན།  ཞང་ལིན་སོའོ་ཡིས་ད་དུང་ངུ་སྐད་ཁ་ཤས་བརྒྱབ་རྗེས་སླར་ཡང་ངུ་སྒྲ་གང་ཡང་མ་བྱུང་བས་ཕལ་ཆེར་ཁ་བཀག་པ་འདྲ།  དེ་རྗེས་བུད་མེད་གཉིས་ཡོང་ཞིང་གཅིག་ནི་ངོ་མི་ཤེས་ལ་ཅིག་ཤོས་དེ་ནི་རྒན་མོ་ཝེ་ལགས་རེད་འདུག  གསང་སྟབས་ཀྱིས་གྲུའི་སྦྲིག་ཏུ་བལྟས་པས་གསལ་པོ་དེ་ཙམ་མེད།  མོ་ནི་ཐག་པས་བཀྱིགས་ཏེ་གྲུ་པང་སྟེང་དུ་བཞག་པ་འདྲ།
        ཨ་ཁུས"སྡུག་ཅག  ཡིན་ནའང"ཞེས་བཤད།  ཉིན་དེར་ཨ་ནེ་སོ་སོས་ཉིན་གུང་གི་ཟ་མ་བཟོས་པ་དང་ཁོང་ཚོའི་བུ་ཨ་ཉུའུ་ཡིས་མེ་བཏང་བ་རེད།
        གུང་ཟས་ཟོས་ཚར་རྗེས་རྒན་མོ་ཝེ་ལགས་ཡང་ནང་དུ་སླེབས་ཡོང་།   ཨ་ཁུས"སྡུག་ཅག"ཅེས་བཤད།
        "ཁྱེད་རང་ག་རེ་ཡིན་ཟེར་གྱི་ཡོའོ་རེད།  རང་ད་དུང་ང་ཚོའི་ནང་དུ་ཡོང་ནུས་སམ"ཨ་ནེས་ཕོར་པ་འཁྲུ་བཞིན་དུ་མོ་ཕྲད་མ་ཐག་ཁོང་ཁྲོའི་ངང་ནས"ཁྱེད་རང་གིས་མོ་ངོ་སྤྲོད་བྱས་ནས་ཡོང་བ་རེད་ལ་ཡང་གཞན་དང་ཁ་མཐུན་བྱས་ནས་མོ་འཕྲོག་ཕྱིན་པས་གང་སར་ལབ་གླེང་བྱ་རྒྱུ་བཟོས།  མི་ཀུན་གྱིས་བལྟས་ན་གང་འདྲ་ཞིག་འགྱུར་རམ།  ཁྱེད་རང་གིས་ང་ཚོའི་ནང་འདི་རྩེད་མོའི་ཡུལ་དུ་བྱེད་ཀྱི་ཡོད་དམ"ཞེས་བཤད།  "ཨ་ཙི།  ཨ་ཙི།  ང་དངོས་གནས་མགོ་སྐོར་ཐེབས་བཞག  ད་ཐེངས་ང་ཆེད་མངགས་གསལ་བཤད་བྱ་བར་ཡོང་བ་ཡིན"མོས་ང་ལ་ལས་ཀ་འཚོལ་རྒྱུའི་རེ་བ་བཏོན་བྱུང་བས་མོས་རང་གི་སྒྱུག་མོར་གསང་ནས་ཡོང་བ་ཡིན་པ་ནི་ངས་ག་ནས་ཤེས། སྦྱིན་བདག་དང་ལྕམ་སྐུ་ཞབས་གཉིས་དགོངས་འགལ་མེད་པ་ཞུ།  ང་ནི་རྟག་ཏུ་རིག་པ་མི་གསལ་ལ་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་བདག་པོར་དགོངས་པ་ཚོམས་པ་བཟོས་སོང་།  སྟབས་ལེགས་པར་གཟིམ་ཤག་མཆོག་རྒྱུན་པར་ནས་ཐུགས་དཀྱེལ་ཆེ་བས་ཅོལ་ཆུང་གི་ལས་ལ་ཇི་མི་སྙམ་པར་ཡིན།  ད་ཐེངས་ངས་ངེས་པར་དུ་མི་ཡག་པོ་ཞིག་ངོ་སྤྲོད་བྱས་ནས་ཉེས་པ་གསབ་ཐུབ་པ་བྱེད་ཀྱི་ཡིན"
        ཨ་ཁུས"ཡིན་ནའི"ཞེས་བཤད།
        དེ་ནས་བཟུང་ཞང་ལིན་སོའོ་ཡི་དོན་རྐྱེན་དེ་མཇུག་བསྒྲིལ་བས་མི་རིང་བར་དེ་ཡང་བརྗེད་པར་གྱུར་རོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1