དཔལ་ལྡན་ཉི་མ། ① འདབ་པ་བློ་བཟང་ཆོས་འཕེལ།②
[གནད་བཏུས] དཔྱད་རྩོམ་འདིར་དུས་རབས་གསར་པའི་བོད་ཀྱི་སློབ་གསོའི་འཕེལ་རྒྱས་ཀྱི་གནས་བབ་དང་གྲུབ་འབྲས། གནད་དོན་བཅས་ལ་དབྱེ་ཞིབ་བྱས་ཏེ་བོད་ཀྱི་སློབ་གསོའི་དཀའ་གནད་གླེང་བ་དང་། མ་འོངས་པར་བོད་ཀྱི་སློབ་གསོས་ཀྱང་བོད་ཀྱི་རིག་གནས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་དང་བསྟུན་ནས་བསམ་གཞིག་གཏོང་དགོས་ཚུལ་གླེང་ཡོད།
[གནད་ཚིག] བོད་ཁམས་སློབ་གསོའི་གནས་བབ། གྲུབ་འབྲས། གནད་དོན། དཀའ་གནད།
ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས། ཐོག་མའི་བསམ་འདུན་མ་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་སློབ་གསོ་འཕེལ་རྒྱས་བྱ་གཞག་སྔོན་དུ་སྤེལ་དགོས་ཞེས་བསྟན་ཏེ། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་སྟེ། སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་ལག་བསྟར་བྱེད་པ་དང་། སྤུས་ཚད་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་། སློབ་གསོ་འདྲ་མཉམ་ཐོབ་པར་སྐུལ་སྤེལ་མཛད་ནས་སྤྱོད་པ་དང་བློ་རིག ལུས་རྩལ། མཛེས་དཔྱོད་བཅས་ཕྱོགས་ཡོངས་སུ་ལྷད་མེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱ་དགོས་ཞེས་གསུངས་པ་དེ་ནི། དུས་རབས་གསར་པའི་ནང་དུ་ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོར་བཅངས་པའི་རེ་བའམ་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་དུ་དོར་ཐབས་མེད་པ་དང་དང་ལེན་བྱ་དགོས་པའི་འོས་འགན་ཡིན་ཞིང་། དེ་བཞིན་དུ་བོད་ཁམས་ཀྱི་སློབ་གསོས་ཀྱང་མཚོ་བོད་མཐོ་སྒང་མི་འབངས་ཀྱི་སེམས་ཁམས་བདེ་སྡུག་དང་འཚོ་བའི་འཕེལ་རྒྱས་ཀྱི་འགན་འཁུར་ཕྲག་ཏུ་ཁུར་ཡོད་པས། དུས་རབས་འདིའི་ནང་དུ་བོད་ཁམས་སློབ་གསོར་མཚོན་ན་གོ་སྐབས་བཟང་པོ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་དགོས་པར་མ་ཟད། ཀུན་གྱིས་སེམས་གཏིང་ནས་དོ་སྣང་བྱ་དགོས་པའི་ཧ་ཅང་དཀའ་ངལ་ཆེ་བའི་འགྲན་བྱ་ཞིག་ཡིན་པའང་ངོས་ཟིན་དགོས། ཀྲུང་གོ་གསར་པ་བཙུགས་ནས་བཟུང་བོད་ཁམས་སུ་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་བཙུགས་ནས་སློབ་གསོ་སྤེལ་བ་དང། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་དང་བསྟུན་ནས་ཏང་གི་མི་རིགས་སྲིད་ཇུས་བཟང་པོ་ལག་བསྟར་བྱས་ཏེ་བོད་ཁམས་སུ་དེང་རབས་ཅན་གྱི་སློབ་གསོའི་བྱ་གཞག་དབྱར་དུས་ཀྱི་མཚོ་མོ་རྒྱས་པ་ཇི་བཞིན། མིག་སྔར་བོད་ཁམས་ཀྱི་རྫོང་དང་ཞང་རིམ་པའི་སློབ་གྲྭར་སློབ་ཆུང་ནས་སློབ་འབྲིང་བར་གྱི་སློབ་གསོའི་མ་ལག་ཆ་ཚང་བཙུགས་ཚར་བ་དང་། མུ་མཐུད་དུ་སློབ་སྔོན་སློབ་གསོར་ཤུགས་བསྣན་ཏེ་བྱིས་སྐྱོང་ཁང་གསར་འཛུགས་བྱེད་བཞིན་པ་སྟེ། 2017ལོ་དང2018ལོའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ལས་བསྟན་པ་ལྟར་ན། 2016ལོར་བོད་ལྗོངས་སུ་སྐད་གཉིས་བྱིས་སྐྱོང་ཁང442གསར་དུ་བཙུགས་པ་དང་གཞི་རིམ་སློབ་གསོའི་སློབ་གྲྭ234རྒྱ་ཆེར་ཞིག་གསོ་བྱས་པ། ཞིང་འབྲོག་མི་དམངས་ཀྱི་བྱིས་པའི་མཐོ་རྒྱུགས་ཀྱི་རྒྱུགས་འཕྲོད་སྡུད་ལེན་ཐོན་པའི་ཚད་བརྒྱ་ཆའི75.4ཟིན། 2017ལོར་སློབ་ཆུང་དང་སློབ་འབྲིང་གི་བྱིས་པའི་སློབ་ཞུགས་ཚད་བརྒྱ་ཆའི99.8དང99.4ཟིན། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་བྱས་ཚད་བརྒྱ་ཆའི93.4ཟིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན། 2018ལོའི་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ལས་བསྟན་པ་ལྟར་ན། 2017ལོར་མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་རྒྱུགས་འཕྲོད་སྡུད་ལེན་ཐོན་པའི་ཚད་བརྒྱ་ཆའི92དང96ལ་སླེབས་ཟིན། དེ་དག་ཐམས་ཅད་ནི་དུས་སྐབས་ངེས་ཅན་ཞིག་གི་ནང་དུ་བོད་ཁམས་སུ་དེང་རབས་སློབ་གསོ་ལས་སྨིན་པའི་གྲུབ་འབྲས་ལེགས་པོ་ཞིག་ཡིན་ན་ཡང་དེ་དང་ཆབས་ཅིག་ཏུ་གནད་དོན་དང་དཀའ་ངལ་ཡང་མང་པོ་ཞིག་འཕྲད་ཡོད་པ་སྨོས་ཅི་དགོས།
དང་པོ། བོད་ཁམས་སློབ་གསོའི་གྲུབ་འབྲས་དང་གནད་དོན།
ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ལ་བོད་ཁམས་སུ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་དུ་དེང་རབས་ཅན་གྱི་སློབ་གྲྭ་བཙུགས་ཏེ་བོད་འབངས་འཚོ་བའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ཁམས་བསྐྲུན་པར་ཕན་བཏགས་ཤིང་གྲུབ་འབྲས་ཐོབ་ཡོད། གོང་དུ་ཞུས་པ་ཇི་བཞིན་དུ། བོད་ཁམས་ཀྱི་དེང་རབས་སློབ་གསོའི་དགེ་མཚན་དང་གྲུབ་འབྲས་དེ་ཕྱོགས་རེ་འགའ་ནས་མདོ་ཙམ་བསྟན་ན། གཅིག བོད་ཁམས་ཡོངས་ཀྱི་ཞང་རིམ་པའི་ཡན་ཆད་དུ་སློབ་གྲྭ་ཆ་ཚང་བཙུགས་ཡོད་པས་སློབ་ཆུང་ནས་སློབ་འབྲིང། མཐོ་འབྲིང་སློབ་གསོ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་བ་དང་། སློབ་སྔོན་སློབ་གསོའང་བརྒྱ་ཆའི50ཡས་མས་སུ་ཆགས་ཟིན། གཉིས། བྱིས་པ་དེང་རབས་སློབ་གྲྭར་བསྐྱལ་ནས་དེང་རབས་སློབ་གསོ་ཐོབ་མཁན་གྱི་མི་གྲངས་འཕར་ཞིང་། བོད་རང་སྐྱོང་ལྗོངས་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྲིད་གཞུང་གི་ལས་དོན་སྙན་ཞུ་ལས་བསྟན་པ་ལྟར། བྱིས་པ་སློབ་ཞུགས་ཀྱི་ཚད་ཆ་སྙོམས་བརྒྱ་ཆའི97ཡས་མས་ཟིན་ཡོད། གསུམ། དེང་རབས་སློབ་གསོར་ཞིང་འབྲོག་ཁྱིམ་བདག་གིས་དགའ་བསུ་དང་རྒྱབ་སྐྱོར་ཐོབ་ཡོད་པ་སྟེ། ཁོ་བོས་དཀར་མཛེས་དང་རྔ་བ་ཕྱོགས་ཀྱི་གཞི་རིམ་དུ་རྟོག་དཔྱོད་ཕྱིན་དུས་མཐོང་བ་ལས། ཁྱིམ་བདག་གིས་སློབ་གྲྭ་བཟང་ངན་བདམས་ནས་བྱིས་པ་དག་རྫོང་ཐོག་གམ་དེའི་ཡན་གྱི་སློབ་ཁྲིད་སྤུས་ཀ་བཟང་བའི་སློབ་གྲྭར་སྐྱེལ་བ་དང་། ཕ་མ་རེ་འགས་དུས་རྒྱུན་བྱིས་པར་ལྟ་སྐྱོང་དང་བསུ་སྐྱེལ་མ་ཁོམ་རུང། ཨ་མྱེས་ཨ་ཕྱི་དག་གིས་འགན་དེ་བཞེས་ནས་རྫོང་དང་གྲོང་རྡལ་སོགས་སུ་ཁང་པ་གླས་ནས་བྱིས་པ་ལྟ་སྐྱོང་བྱེད་པ་དེ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད། འདི་དག་ཐམས་ཅད་ནི་མིག་སྔར་བོད་ཁམས་ཞིང་འབྲོག་མི་འབངས་ཀྱིས་སློབ་གསོར་མཐོང་ཆེན་བྱེད་ཚུལ་དང་སློབ་གསོ་ལས་ལོན་པའི་གོ་བ་རིགས་ཤིག་ཏུ་ངོས་འཛིན་བྱས་ཀྱང་ཆོག
གང་ལྟར་ཀྱང་བོད་ཁམས་དེང་རབས་སློབ་གསོའི་དགེ་མཚན་དང་ཕན་ནུས་བཅས་ལས་སྨིན་པའི་འབྲས་བུ་ནི་གནས་ཚུལ་དངོས་ཡིན་ལ། དེ་དག་ལས་གནད་དོན་དང་ནོར་སྐྱོན་མེད་པའང་མ་ཡིན་ཏེ། དུས་རབས་གང་ཞིག་ལ་སློབ་གསོ་པ་དང་མཚན་ཉིད་སྨྲ་པ་དག་གིས་དུས་རབས་དེ་དང་བསྟུན་ནས་སློབ་གསོའི་ཕན་ནུས་དང་གོ་དོན་སྟེང་ནས་སློབ་གསོའི་ལྟ་བ་བཏོན་པ་དེ་ནི། གཏིང་ཟབ་ཀྱིས་རྒྱལ་ཁབ་དང་མི་རིགས་རིག་གནས་ཀྱི་ས་རྒྱུད་གཤིན་པོར་རྒྱབ་ཏུ་བཅོལ་ཡོད་པས། ལོ་རྒྱུས་ཀྱི་ཡུལ་དུས་ངེས་ཅན་ཞིག་ལ་གཞིར་འཛིན་པར་མ་ཟད། དངོས་གནས་བཤད་ན་སློབ་གསོའི་ལྟ་བ་དེ་དག་དུས་རབས་གང་དེས་སློབ་གསོ་པ་དག་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་པར་ངོས་འཛིན་དགོས། དུས་རབས་བཅུ་བདུན་པའི་ནུབ་ཕྱོགས་ཀྱི་སློབ་གསོ་པ་གྲགས་ཅན་ཁོ་མེ་ནེ་སྲིས(J.A.Comenius,1592-1670)བསྟན་དོན། “གང་ལྟར་ཡང་བྱ་དངོས་མཐའ་དག་མིའི་རིགས་མཐའ་དག་ལ་སྤྲོད་པའི་སྒྱུ་རྩལ་ཡོད་ཚད་གསལ་བོར་སྟོན་པ”③ ལ་སློབ་གསོ་ཞེས་བྱ་སྟེ། སྐབས་དེའི་ཆོས་ལུགས་ཀྱིས་མིའི་སློབ་གསོ་སྒེར་གཅོད་བྱེད་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དེར་བརྟེན་ནས་སློབ་གསོའི་ཉིང་ཁུ་བསྲུབས་ནས་ལྟ་བ་སྟོན་པ་ལགས། ཕྱིས་སུ་ཕེ་སཱི་ཐེ་ལོ་ཆེན(Pestalozzi,1746-1827)གྱིས“སློབ་གསོ་ནི་མིའི་ལྷན་སྐྱེས་ཀྱི་ནུས་སྟོབས་ཡོད་ཚད་དེ་འཆམ་མཐུན་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱེད་པའི་རིགས་ཤིག”④ དང་། ཏོ་ཝུད(Dewey,1859-1952)ཀྱིས
“སློབ་གསོ་ནི་འཚར་ལོངས་དང་སློབ་གསོ་ནི་འཚོ་བའི་ཉམས་མྱོང་མུ་མཐུད་དུ་བསྒྱུར་བཀོད་དང་བཅོས་སྒྲིག”⑤བྱེད་པའི་བརྒྱུད་རིམ་ཞིག་ལགས་པའི་ལྟ་བ་བཏོན། སློབ་གསོའི་ལྟ་བ་རྩ་ཆེན་པོ་དེ་དག་ངེས་གཏན་གྱི་སྤྱི་ཚོགས་ཁོར་ཡུག་དང་རིག་གནས་རྒྱབ་ལྗོངས་ལས་ཁ་འབྲལ་ཐབས་མེད་པས། བོད་ཁམས་ཀྱི་སློབ་གསོའང་དུས་རབས་འདིའི་སྤྱི་ཚོགས་ཁོར་ཡུག་དང་། རིག་གནས་རྒྱབ་ལྗོངས་བཅས་སུ་བརྟེན་ནས་གོ་བ་ཡང་དག་ཅིག་ལོན་དགོས་པ་ཤིན་ཏུ་ནས་ཀྱང་གལ་ཆེ། དེས་ན་ཅི་ཞིག་ལ་སློབ་གསོ་ཟེར། ཅིའི་ཕྱིར་སློབ་གསོ་འཐོབ་དགོས་པ། སློབ་གསོ་འཐོབ་དགོས་པའི་དམིགས་ཡུལ་དང་དོན་སྙིང་ཇི་ལྟར་རྟོགས་དགོས་པ་བཅས་བོད་པ་དག་གིས་མི་རིགས་རང་གི་སྤྱི་ཚོགས་ཁོར་ཡུག་དང་རིག་གནས་རྒྱབ་ལྗོངས་དང་བསྟུན་ནས་རང་ཉིད་ཀྱི་སློབ་གསོའི་ལྟ་བ་ཆགས་དགོས་ཀྱང་། མིག་སྔར་བོད་ཁམས་སུ་བོད་མི་རིགས་རང་གི་རིག་གནས་དང་མཐུན་པའི་ཐུན་མོང་མ་ཡིན་པའི་བོད་ཀྱི་སློབ་གསོའི་ལྟ་བ་ཞིག་གྲུབ་མེད་སྟབས། རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་སློབ་གསོས་ཤུགས་རྐྱེན་ཐེབས་ནས་ནང་ལོགས་ཀྱི་སློབ་གསོ་སྤེལ་ལུགས་དེ་བོད་ཁམས་སུ་ཚུར་དྲངས་པས། བོད་པའི་བྱིས་པས་རང་ཉིད་ཀྱི་ཕ་སྐད་ཁོར་ཡུག་དང་ཕ་སྐད་སློབ་ཁྲིད་རྒྱབ་ཏུ་གཡུགས་ནས་མི་འཕྲོད་བཞིན་དུ་ནང་ལོགས་ཀྱི་སློབ་གསོའི་སློབ་ཁྲིད་དུ་ཞུགས་པ་དང་། དེ་མ་ཚད་དེ་ལུགས་ཐམས་ཅད་སྔོན་ཐོན་དང་ཡ་རབས་ཚུལ་མཐུན་དུ་བརྩིས་ནས་གཙིགས་སུ་འཛིན་པའི་རྒྱུ་མཚན་གཙོ་བོའང་རྒྱུགས་སྤྲོད་པ་ཁོ་ནར་བརྟེན་ནས་སློབ་གསོ་རྙེད་པའི་མཐར་ཐུག་གི་དམིགས་ཡུལ་ཕུ་ཐག་ཆོད་མེད་པའི་རྐྱེན་དུ་ཟད། རྒྱ་ནག་གི་སློབ་གསོ་པ་གྲགས་ཅན་ཁུང་ཙིས(孔子 སྤྱི་ལོ་སྔོན 551-སྤྱི་ལོ་སྔོན479)ལོ་ཉིས་སྟོང་སྔོན་ལ“སློབ་གཉེར་མཁན་ལ་སེམས་ཤུགས་ཀྱིས་ལྕོགས་ཚེ་དཔོན་གནས་གཉེར་བར་བྱ”⑥ ཞེས་བསྟན། ཕྱིས་སུ་དབང་སྒྱུར་གྲལ་རིམ་གྱིས་མན་ངག་འདི་བྱེ་བྲག་རྒྱུགས་སྤྲོད་ལམ་ལུགས་སུ་ལག་བསྟར་བྱས་ཤིང་སུའེ་རྒྱལ་རབས(隋朝)
ནས་ལམ་ལུགས་དེ་མགོ་ཚུགས་ཏེ་སྤྱི་ལོ1905ལོར་མཇུག་བསྒྲིལ། ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་རྒྱ་ནག་གི་གཞུང་སྒྲུབ་འཇོན་ཐང་མི་སྣ་ཡོད་ཚད་རྒྱུགས་སྤྲོད་ལམ་ལུགས་ཁོ་ན་ལ་བརྟེན་ནས་གདམ་ཐོན་བྱུང་བ་སྟེ། མི་སུས་རྒྱུགས་འཕྲོད་ཚེ་མི་དེ་གཞུང་སྒྲུབ་འཇོན་ཐང་མི་སྣར་འགྱུར་བ་དང་། མི་དེ་དཔོན་པོར་འགྱུར་བས། སློབ་གཉེར་པ་དག་ལ་མཚོན་ན་རྒྱུགས་སྤྲོད་ལམ་ལུགས་ནི་རང་ཉིད་ཀྱི་མི་ཚེའི་ལས་དབང་སྒྱུར་བྱེད་ཀྱི་ཐབས་ལམ་ཉག་གཅིག་གམ། སློབ་གསོ་ཐོབ་པའི་དམིགས་ཡུལ་ནི་དཔོན་པོ་བྱེད་རྒྱུའམ་དབང་སྒྱུར་གྲལ་རིམ་གྱི་གྲས་སུ་ཚུད་བྱེད་ཀྱི་ལག་ཆ་རྗེན་པ་ཞིག་ཏུ་ངོས་འཛིན་པ་ཡིན། དངོས་གནས་བཤད་ན་འདི་དག་ཐམས་ཅད་མིག་སྔར་རྒྱ་ནག་གི་སློབ་གསོའི་ཡོང་ཁུངས་དང་རིག་གནས་རྒྱབ་ལྗོངས་སུ་ངོས་འཛིན་ཆོག་པར་སྙམ། མདོར་ན་ལོ་རྒྱུས་དང་དངོས་ཡོད་ཀྱི་གནས་ཚུལ་གང་ལ་བརྟག་ཀྱང་རྒྱའི་སློབ་གསོ་ལས་རྙེད་པའི་གོ་བ་དེ། སློབ་གསོ་ནི་རང་ཉིད་དཔོན་པོར་སྒྱུར་བྱེད་དང་སྤྱི་ཚོགས་གྲལ་རིམ་སྒྱུར་བྱེད་ཀྱི་ལག་ཆ་ཞིག་ཏུ་གཙིགས་སུ་འཛིན་པ་རེད། སྤྱིར་བོད་ཀྱི་སློབ་གསོའི་ལྟ་བ་ནི་བོད་ཀྱི་ལོ་རྒྱུས་དང་རིག་གནས་རྒྱབ་ལྗོངས་ཀྱི་ཞིང་ས་ནས་བརྡོལ་བའི་ནོར་བུ་ཞིག་ཡིན་ནའང་། རྩིས་འདང་མེད་པར་ནང་ལོགས་ཀྱི་སློབ་གསོར་གོ་བ་ལོན་པ་དེར་ལད་མོ་དང་གཡམ་རྒྱུགས་ངང་རྩ་བ་བོར་ནས་ཡལ་གར་འཇུས་པའི་གནས་ཚུལ་དེ་བོད་ཁམས་སྤྱི་ཚོགས་དང་། བོད་མིའི་སེམས་ཁམས་སུ་མཐུན་ཐབས་བྲལ་བར་མ་ཟད། མིག་སྔའི་བོད་ཁམས་སློབ་གསོ་དང་བོད་ཀྱི་རིག་གནས་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ཀྱང་དེ་ཡིན་པར་འདོད།
གཉིས་པ། བོད་ཁམས་སློབ་གསོའི་གྲུབ་འབྲས་དང་གནད་དོན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ།
འདིར་བོད་ཁམས་སློབ་གསོའི་དུས་སྐབས་ངེས་ཅན་གྱི་གྲུབ་འབྲས་དང་། གནད་དོན་བྱུང་བའི་རྒྱུ་རྐྱེན་དག་ལ་ཅུང་ཙམ་དབྱེ་ཞིབ་བྱས་ན། བོད་ཁམས་ཀྱི་ཞང་རིམ་པ་ཡན་ཆད་ཀྱི་གཞི་རིམ་སྲིད་འཛིན་ལས་ཁུངས་སུ་སློབ་གྲྭ་ཆ་ཚང་བཙུགས་ཡོད་ཅིང་། སློབ་ཆུང་དང་སློབ་འབྲིང་གི་སློབ་གསོའི་མ་ལག་འཐུས་སྒོ་ཚང་བར་མ་ཟད། སློབ་སྔོན་སློབ་གསོའི་མ་ལག་ཀྱང་བརྒྱ་ཆའི50 ཡས་མས་སུ་ཆགས་ཐུབ་པ་དེ་གཙོ་བོ་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་ལ་འགྲོ་གྲོན་ཆེན་པོ་བཏང་བའི་དྲིན་ཡིན་ཞིང། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་ཐད་ཀྱི་འགྲོ་སོང་གྲངས་ཀ་ཡར་ལ་སྤར་བས། བོད་ཁམས་ཡོངས་ཀྱི་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་དང་སློབ་མའི་སྡོད་ཁང་། ལུས་རྩལ་ར་བ་བཅས་རྣམ་པ་གསར་པར་བསྒྱུར་ཡོད། དཔེར་ན། ཉེ་བའི་ལོ་ངོ་བཅུའི་རིང་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན། ཁུལ་ཡོངས་ཀྱི་སློབ་གྲྭ་ཡོངས་རྫོགས་རྣམ་པ་གསར་པར་གྱུར་ཅིང་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དེ་སྲིད་གཞུང་གིས་རྒྱབ་སྐྱོར་དང་འགྲོ་སོང་མ་དངུལ་འབེལ་པོོ་བཏང་བའི་འབྲས་བུ་ཡིན། དེ་བཞིན་དུ་བོད་འབངས་ཁྱིམ་བདག་རྒན་གཞོན་གྱིས་བྱིས་པ་དེང་རབས་སློབ་གྲྭར་སྐྱེལ་བ་དང་བྱིས་པ་སློབ་ཞུགས་ཀྱི་གྲངས་ཀ་འཕར་བ་དེ་གཙོ་བོ་ནང་ལོགས་ཀྱི་སློབ་གསོར་གོ་བ་ལོན་པ་ཇི་བཞིན། སློབ་གསོ་ནི་ལག་ཆར་ངོས་འཛིན་ཞིང་། སློབ་གསོས་མིའི་སྤྱི་ཚོགས་གོ་གནས་བསྒྱུར་ཐུབ་པ་དང་། དཔོན་པོར་བསྒྱུར་ཐུབ་པར་ཡིད་ཆེས་བརྟན་པོ་འཆང་བས། བྱིས་པ་སློབ་ཆེན་ནས་མཐར་ཕྱིན་ཏེ་སྤྱི་ཚོགས་སུ་ལས་དོན་བཙལ་དུས་སུ་ཁྱིམ་བདག་གིས་ཀྱང་ལས་རིགས་བཟང་ངན་གདམ་ཐོན་ཤེས་ཤིང་། གཞུང་ཞབས་པའི་ལས་རིགས་དེ་བཟང་ཤོས་ཀྱི་གྲས་སུ་བརྩི་བ་སྟེ། ལས་རིགས་དེའི་ཟླ་ཕོགས་མཐོ་བར་མ་ཟད། མ་འོངས་པར་དཔོན་པོར་ཡང་འགྱུར་སྲིད་པས། བོད་ཁམས་ཀྱི་ན་གཞོན་ཤེས་ཡོན་པས་ཆེས་དགའ་བསུ་ཐོབ་པའི་ལས་རིགས་ཤིག་ཏུ་གྱུར། ཉེ་བའི་ལོ་ཤས་རིང་ལ་ཁོ་བོས་བོད་ཁམས་སྤྱི་ཚོགས་སུ་ན་གཞོན་ལས་འཚོལ་པ་དག་གིས་ཁ་བརྡ་ལས་གོ་ཐོས་སུ། ང་ཇི་ལྟར་སྡུག་རུང་དགེ་རྒན་ཞིག་ཏུ་འགྱུར་ལོས་ཐུབ་ཅེས་ཟེར་བས། དགེ་རྒན་བྱ་རྒྱུ་དེ་ལས་རིགས་ཡག་ཤོས་སུ་མི་བརྩི་བར། ཚང་མས་གཞུང་ཞབས་པ་ཞིག་བྱ་རྒྱུ་དེར་བརྩོན་བཞིན་ལགས། གནས་ཚུལ་དེ་དཀར་མཛེས་དང་རྔ་བ་ས་ཕྱོགས་སུ་དེ་ལས་ཀྱང་ཚབས་ཆེན་པོར་གནས་འདུག ཀུན་གྱིས་སློབ་གསོ་ཐོབ་པའི་དམིགས་ཡུལ་ནི་གཞུང་ཞབས་པ་ཁོ་ནར་འགྱུར་བའི་ཆེད་དུ་ཡིན་པ་ར་སྤྲོད་གསལ་པོ་བྱས། དེར་བརྟེན་ངེད་ཅག་གིས་སློབ་གསོ་ཞེས་པ་དང་སློབ་གསོའི་དོན་གྱི་སྙིང་པོ་ལ་ཡང་བསྐྱར་བསམ་གཞིག་མི་བྱེད་ཀ་མེད་དུ་ཐུག་ཡོད།
དཔལ་འབྱོར་དང་རྒྱུ་ནོར་ཁོ་ན་གཙིགས་སུ་འཛིན་པའི་དུས་རབས་འདིར། ང་ཚོས་རང་ཉིད་དང་། རང་ཉིད་འཚོ་གནས་བྱ་དགོས་པའི་རིན་ཐང་དེ་བོར་དང་འབོར་བཞིན་པ་དང་། ལྷག་པར་དུ་རྒྱུགས་སྤྲོད་སློབ་གསོའི་ཚ་རླབས་དགུང་དུ་འཕྱུར་བའི་དེང་སྐབས་ཀྱི་སློབ་གསོའི་ཁོར་ཡུག་ཆེན་པོའི་འོག་ཏུ། ཚང་མས་བློ་ཁ་གཅིག་ཏུ་འཁོར་ནས་རང་ཉིད་ཀྱི་སྤྱི་ཚོགས་ཐོབ་ཐང་བསྒྱུར་ཅི་ཐུབ་བྱེད་ཅིང་། སྤྱི་ཚོགས་སུ་རྒྱུ་དང་དབང་ཐང་ལྡན་པའི་གྲལ་རིམ་མཐོ་ཤོས་ཀྱི་གྲས་སུ་ཚུད་པར་བརྩོན་པ་ལས། སེམས་བག་ཕེབས་ནས་སློབ་གསོའི་དོན་སྙིང་དང་མིའི་ཚེ་སྲོག་གི་རིན་ཐང་འཚོལ་སྙེག་བྱེད་མཁན་ནི་ཤིན་ཏུ་དཀོན་པས། ད་སྐབས་སློབ་གསོ་ཞེས་པ་བགྲོ་གླེང་བྱེད་དུས། ངེས་པར་དུ་སློབ་གསོའི་གོ་དོན་དང་དོན་སྙིང་དེ་གསལ་པོ་ཤེས་དགོས་པ་རེད། གལ་སྲིད་གནད་དོན་འདི་ཐག་གཅོད་ཡག་པོ་བྱེད་མ་ཐུབ་ན་སློབ་གསོ་དང་འབྲེལ་བའི་སློབ་གྲྭའི་སློབ་ཁྲིད་ཡོད་ཚད་ཀྱང་གཟུངས་གཞུག་མེད་པའི་སྐུ་རྟེན་དང་རྣམ་ཤེས་མེད་པའི་ཕུང་པོ་ལྟར་དུ་སྙིང་པོ་ཅི་ཡང་མེད་པ་ཞིག་ཆགས་འགྲོ་ངེས་རེད། དོན་དངོས་སུ་བོད་ཁམས་སློབ་གསོའི་གནས་བབ་དེ་སྔར་ནས་ཆགས་ཡོད་པ་ཡིན་ཏེ། སྤྱིར་སློབ་གསོར་ཡུལ་དུས་ཀྱི་ཚད་བཀག་མེད་པ་ལ།“དུས་ཀྱི་ཆ་ནས་བཤད་ན། མིའི་རིགས་ཡོད་པ་ནས་བཟུང་གནའ་ནས་ད་ལྟའི་བར་དང་། མ་འོངས་པར་གནས་པའི་ཡོད་ཚད་ཀྱི་ཡོད་ཚད་ལ་སློབ་གསོའི་ཚུལ་སྤྱོད་དེ་ལྡན་པ་རེད། ཡུལ་གྱི་ཆ་ནས་བཤད་ན། སའི་གོ་ལའི་སྟེང་གི་རྒྱལ་ཁབ་དང་མི་རིགས། ས་གནས་ཡོད་ཚད་ལ་སློབ་གསོའི་སྤྱོད་ཚུལ་དང་སློབ་གསོའི་གནད་དོན་ཡོད་པས། སློབ་གསོའི་བྱ་ཡུལ་ལ་བསམ་གཞིག་བྱས་ན། དེ་ནི་སྤྱི་ཚོགས་ཐོག་གི་མི་བུ་གང་ཞིག་སྐྱེ་བ་ནས་འཆི་བའི་བར་གྱི་བརྒྱུད་རིམ་དུ་གཏོགས་སོ། །”⑦ ཡིན་ན་ཡང་མིག་སྔའི་ནང་ལོགས་ཀྱི་གཙོ་བོར་རྒྱུགས་སྤྲོད་ལ་བརྟེན་ནས་སློབ་གསོའི་དོན་སྙིང་བླངས་པ་དེས་སློབ་གསོའི་ཡུལ་དུས་ཀྱང་ཚད་ཡོད་ཅན་དུ་བསྒྱུར་བ་སྟེ། སློབ་གསོའི་དུས་ནི་སློབ་གྲྭར་འགྲིམ་པ་ནས་སློབ་མཐར་མ་ཕྱིན་བར་གྱི་དུས་རིམ་དེར་ཚང་ཞིང་། སློབ་གསོའི་ཡུལ་ནི་ངེས་གཏན་གྱི་ལས་རིགས་སམ་སྤྱི་ཚོགས་ཐོག་རང་ཉིད་ཀྱི་ཐོབ་ཐང་བསྒྱུར་བའི་བརྒྱུད་རིམ་དེ་ཉིད་དོ། ། དེས་མིའི་བསམ་གཞིག་ལ་ཚད་བཀག་བྱེད་པར་རིག་ལམ་མེད་པའི་ཤེས་ཡོན་པ་གསོ་སྐྱོང་བྱེད་པ་སྟེ། སྦྱངས་འབྲས་ལེགས་པོས་རྒྱུགས་འཕྲོད་ནའང་ཁོག་པ་དོག་ཅིང་ཧམ་པ་ཆེ་བ། ཁྲེལ་ངོར་འཛེམ་དོགས་མེད་པ། ལྷག་པར་དུ་མི་གཤིས་ཀུན་སྤྱོད་ཀྱི་ཚད་གཞིར་འཛེམ་དོགས་མེད་པའི་མགོ་བདེ་སྐབས་འཚོལ་ཅན་གྱིས་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་ཁེབས་ཡོད་པ་ནི། མིའི་རིགས་དང་མིའི་རིགས་ཀྱི་སློབ་གསོར་གནོད་འཚེ་དང་གོད་ཆག་ཆེན་པོ་ཞིག་ཡིན། སྤྱིར་བོད་ཀྱི་རིག་གནས་ཀྱི་མཚན་ཉིད་ལྟ་གྲུབ་དང་བསམ་གཞིག་གིི་ཚད་གཞི་མི་དམའ་བས་སློབ་གསོའི་ཡུལ་དུས་ལའང་ཚད་བཀག་མེད་ཀྱང་། དོན་དམ་པར་བོད་ཁམས་སྤྱི་ཚོགས་སུ་རིམ་བཞིན་གོང་དུ་བརྗོད་པའི་ཤེས་ཡོན་པ་དེ་རིགས་ཀྱིས་གང་བཞིན་པ་ལགས། འདི་བོད་མི་རིགས་དང་བོད་ཀྱི་རིག་གནས་ལ་མཚོན་ན་ཆག་སྒོ་ཞིག་ཡིན།“བོད་མི་རྣམས་ཀྱིས་གངས་རིའི་ལྗོངས་སུ་ལོ་ངོ་འབུམ་ཕྲག་དུ་མར་འཚོ་གནས་བྱས་པས། རང་བྱུང་ཁམས་དང། ཕྱི་སྣོད་ཀྱི་འཇིག་རྟེན་དང་མིའི་འགྲོ་བ་བཅས་ཀྱི་ངོ་བོ་དང་རང་བཞིན་ལ་རྟོགས་པ་སྨིན་པའི་ལེགས་འབྲས་དེས་བོད་མི་རིགས་འདི་ཉིད་འཚོ་བའི་ཆ་རྐྱེན་ཞན་ཡང། ཁོར་ཡུག་གི་མཛེས་ལྗོངས་ཀུན་ཡིད་འཕྲོག་པའི་གནས་སུ་འཚོ་སྡོད་བྱེད་པ་དང་། མིའི་འགྲོ་བ་ཇི་སྲིད་དུ་འཚོ་ཞིང་གནས་ལ། འཕེལ་རྒྱས་སུ་འགྲོ་བའི་ཆོས་ཉིད་སྤྱི་དང་རང་སྟོབས་ཀྱང་མཚོན།”⑧ འོན་ཀྱང་མིག་སྔར་བོད་མིར་མི་རིགས་རང་གི་ལོ་རྒྱུས་རིག་གནས་གཞིར་བཞག་འོག་དུས་དང་མཐུན་པའི་སློབ་གསོའི་ལྟ་བ་ཞིག་ཆགས་མེད་སྟབས། ནང་ལོགས་ཀྱི་སྤྱོད་ལུགས་དེར་ལད་མོ་བྱས་ཏེ་སློབ་གསོ་ནི་ལག་ཆར་ངོས་འཛིན་ཞིང་དུས་སྐབས་ཤིག་གི་གྲུབ་འབྲས་སུ་བརྩི་བ་དང་། སློབ་གསོ་ནི་འབྲས་བུའམ་དམིགས་འབེན་འགྲུབ་བྱེད་ཀྱི་ལག་ཆ་ཡག་ཤོས་ཤིག་དང་། དེ་ལས་མི་གཞིའི་ལུགས་ཇི་ལྟར་སྐྱོང་དགོས་པ་དང་། འཚོ་བ་ཇི་ལྟར་རོལ་དགོས་པ། མི་དང་མིའི་བར་གྱི་འབྲེལ་བ་ཇི་ལྟར་འཛུགས་དགོས་པའི་སྐོར་ལ་སློབ་གསོ་དེ་ཉིད་ཀྱིས་ཕན་ནུས་ཆེན་པོ་ཐོན་མེད་པར་སྙམ། དོན་དངོས་སུ་སློབ་གསོ་ནི་མི་གཞི་བཟང་པོ་ཞིག་སྐྲུན་པའི་བརྒྱུད་རིམ་ཞིག་དང་། མི་ཚེའི་དོན་དམ་རྙེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན། སློབ་གསོས་དུས་ནམ་ཡང་མིའི་རིགས་ཀྱི་རིག་པའི་དཔལ་ཡོན་བརྒྱུད་སྤེལ་བྱེད་པ་དང་རྒྱུན་སྲིང་བའི་འོས་འགན་བཞེས་ཡོད་པས། གལ་སྲིད་སློབ་གསོས་གོང་དུ་བྱུང་བའི་གནད་དོན་དག་ཐག་གཅོད་ལེགས་པོ་བྱེད་མ་ཐུབ་ན། མ་འོངས་པར་སྤྱི་ཚོགས་ཀྱི་གནད་དོན་ཇེ་ཆེར་སོང་ནས་བོད་མི་རིགས་ཙམ་མ་ཡིན་པར་གཞན་མི་རིགས་དང་རྒྱལ་ཁབ་ཀུན་ལ་དཀའ་ངལ་ཆེན་པོ་ཞིག་འབྱུང་སྲིད་པ་གོར་མ་ཆག
གསུམ་པ། བོད་ཁམས་སློབ་གསོའི་དཀའ་གནད་གླེང་བ།
ང་ཚོས་བོད་ཁམས་ཀྱི་སློབ་གསོ་བགྲོ་གླེང་བྱེད་དུས། བོད་ཀྱི་རིག་གནས་དང་བཅས་པའི་བོད་ཀྱི་རིག་གནས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་དེ་གླེང་མོལ་ཅུང་ཙམ་བྱ་དགོས་པ་སྟེ། རིག་ཚན་གང་མང་ཞིག་རིག་ཚན་སྣོལ་འདྲེས་ཀྱི་ཁྲོད་དུ་གྲུབ་ཡོད་པས། སློབ་གསོའི་རིག་ཚན་ཡང་དེ་བཞིན་ནོ། ། སློབ་གསོ་བགྲོ་གླེང་བྱེད་སྐབས་སུ་རིག་ཚན་གཞན་ལས་བྱུང་བའི་ཤེས་བྱའི་གནས་གང་མང་ཞིག་བརྗོད་བྱར་འགྱུར་སྲིད། དེང་སྐབས་བོད་ལ་ཐུན་མོང་མ་ཡིན་པའི་བོད་ཁམས་སློབ་གསོའི་ལྟ་བ་ཞིག་ཆགས་མེད་པ་དེའང་གཙོ་བོར་བོད་ཀྱི་རིག་གནས་ཀྱི་རྩ་བའི་མཚན་ཉིད་རིག་པའི་གཏིང་རིམ་ནས་ཉམས་ཞིབ་དང་བསམ་གཞིག་མེད་པའི་རྐྱེན་ལས་བྱུང་། བོད་ཀྱི་རིག་གནས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་ཅེས་པ་ནི་བོད་མིས་མཚོ་བོད་མཐོ་སྒང་དུ་མི་ལོ་འབུམ་ཕྲག་དུ་མར་འཚོ་གནས་བྱས་ཤིང་། རང་བྱུང་ཁམས་དང་མི་ཕན་ཚུན་བར་མཉམ་འདྲེས་བྱས་པ་ལས་བྱུང་བའི་རིག་པ་ཞིག་ཡིན།“བོད་ཀྱི་རིག་གནས་ལས་རང་བྱུང་དང་མི་གཉིས་དབྱེར་མེད་ཀྱི་རྟོགས་པ་ཞིག་གིས་མཚོན་ཏེ། རྟོགས་པ་འདི་ཉིད་དང་རྒྱ་ནག་གི་གནའ་བོའི་ལྷ་མི་ངོ་བོ་གཅིག་གི་རིག་པ་ལས་རང་བྱུང་ཁམས་ཀྱི་དོན་ནི་ཤིན་ཏུ་ཉུང་ཞིང་། ལྷའི་དོན་ནི་མིའི་རིགས་རུས་ཀྱི་རིམ་པ་རྒྱ་ཆེར་འདུས་སོ། ། རང་བྱུང་ཁམས་ཀྱི་དོན་སྐབས་བསྟུན་གྱིས་མཚོན་ཡོད་པ་དེའང་མིས་བཅོས་སྒྱུར་བྱས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་གོ ལྷའི་བུ་ནི་ལྷ་སྲས་ཞེས་གོང་མ་རྒྱལ་པོ་ཡིན་ལ། རྒྱལ་པོ་ནི་གོང་དུ་བླ་ན་འཕགས་ཤིང། མིའི་ཐུ་བོར་འཛིན། མི་དང་ལྷ་འདྲ་མཉམ་ཡིན་ལ་མི་ལྷ་ལས་རྒྱལ་བའང་སྲིད་པར་ངོས་འཛིན།”⑨ བོད་ཀྱི་མཚན་ཉིད་རིག་པའི་རྟོགས་པ་ལས་རང་བྱུང་ཁམས་ཀྱི་དོན་དང་ལྟ་བ་དེ་རྒྱ་ནག་ལྟར་མིན་པར། བདག་ཅག་གིས་བོད་ཀྱི་སྲིད་པ་ཆགས་གླུ་ལས་རང་བྱུང་ཁམས་དང་མིའི་བར་གྱི་འབྲེལ་བ་དེ་ཉིད་གསལ་པོར་ཤེས་ནུས་ཏེ། “གནའ་བོའི་བོད་མིས་རང་བྱུང་ཁམས་ལ་ངོས་ཟིན་གྱི་རྟོགས་པ་སྨིན་པ་ལས་ཆོས་ལུགས་ཀྱི་རིག་པ་ཆེར་མེད་ཅིང་། ལྷ་རྣམས་ནི་མིའི་འཚོ་གནས་དང་གཉིས་སུ་མི་འབྱེད་པའི་རང་བྱུང་གི་དངོས་པོ་ཞིག་ཡིན་ཏེ། ཉི་མ་དང་ཟླ་བ། ཁྱུང་ཆེན་ལྟ་བུ་དང་། ལྷ་ལའང་མིའི་ངོ་བོ་ལྡན་ལ། དེ་དང་མིའི་ཁྱད་པར་ནི་ལྷ་ལ་འཆི་བ་བྲལ་ཞིང་སྟོབས་དང་རྫུ་འཕྲུལ་བསམ་ཡུལ་ལས་འདས་པ་ཡོད་པར་ངོས་འཛིན་པ་དེ་ཡིན། ཀུན་སྤྱོད་ཀྱི་ཆ་ནས་མིས་དེར་ལད་མོ་བྱ་དགོས་པའང་ཅུང་མེད། བདག་ཅག་གིས་བློ་རྣལ་དུ་ཕབ་སྟེ་དཔྱད་པ་བཏང་ཚེ། རང་བྱུང་ཁམས་ལ་འདི་འདྲའི་ངེས་ཤེས་ཐོབ་པའི་ཁྲོད་མི་རྣམས་ཀྱི་གདོད་མའི་ཆོས་ལུགས་ཀྱི་འདུ་ཤེས་འདུས་ལ། འདུ་ཤེས་དེའང་བླ་ན་མཐོ་བའི་རྟོགས་པའི་དབང་དུ་མ་གྱུར་ཅིང་། རི་ཀླུང་ཆུ་བྲག་དང་ནེའུ་གསིང་རྩྭ་ཐང་སོགས་ཀྱིས་ཀྱང་ལས་དབང་དང་ཆོས་ཉིད་ལྡོག་མེད་དེ་དང་ལེན་བྱེད་ཀྱིན་ཡོད། ལས་དབང་གི་འདུ་ཤེས་ཀྱིས་བོད་རིགས་ཀྱི་སྤྱིའི་བསམ་བློར་ཤུགས་རྐྱེན་ཆེས་ཆེར་ཐེབས་པ་མ་ཟད། བོད་མིས་རང་གི་མ་འོངས་པ་རང་བྱུང་གི་དབང་དུ་བཞག་པའི་རྒྱུ་མཚན་ཞིག་ཀྱང་ཡོད་ཚོད་རེད། དོན་དངོས་སུ་དེ་ནི་བཟང་པོའི་དབུ་ཚུགས་པ་ཡིན་ལ། ད་ལྟའི་ཚན་རིག་ཞིབ་འཇུག་གི་སྡོམ་ཚིག་ནི་ཚན་རིག་གི་རིག་པས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་ཡིད་ཆེས་བྱུང་བ་དེ་ལྟར་ཡིན།”⑩ འཛམ་གླིང་གི་ཡང་རྩེར་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་ཡང་བོད་མིས་གནའ་ནས་མི་རབས་ནས་མི་རབས་སུ་འཚོ་གནས་ཐུབ་པ་དེའང་མི་རང་ཉིད་རང་བྱུང་ཁམས་ཀྱི་ཆ་ཤས་ཙམ་དང་། རང་བྱུང་ཁམས་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་བདེན་པར་ངོས་ཟིན་ཞིང། རང་བྱུང་ཁམས་ཀྱི་མདུན་དུ་རང་ཉིད་ནམ་ཡང་དམའ་སར་བཟུང་ནས་ཕྲ་ཞིང་ཕྲ་བའི་རྡུལ་ཕྲན་ཙམ་གྱི་འདུ་ཤེས་འཛིན་པ་དེ་ནི། བོད་ཀྱི་རིག་གནས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་ཀློང་དུ་བརྡོལ་བའི་བློ་ཁོག་རྒྱ་ཆེན་གྱི་ཞིང་ས་གཤིན་པོ་དེ་རུ་གྲུབ་པ་ལགས། རིམ་བཞིན་དུ་མི་དང་རང་བྱུང་། མི་དང་མི། མི་དང་སེམས་ཅན་ཐམས་ཅད་ཕན་ཚུན་བར་ལའང་ཆོས་ཉིད་དེ་བདེན་པར་བརྩི་སྲུང་གི་གཞིར་བཞག་འོག་ཚེ་སྲོག་འདྲ་མཉམ་དང་གཅིག་ཕན་གཅིག་རོགས། ཐུགས་ཁུར་བྱམས་སྐྱོང་གི་འབྲེལ་བ་ཞིག་ཆགས་པ་ལགས། བོད་ཀྱི་རིག་གནས་ནི་བདེ་སྡུག་ཡོད་ཚད་ནང་དུ་ཤོང་བའི་སྣོད་ཆེན་པོ་ཞིག་དང་འདྲ་བར། མཚན་ཉིད་རིག་པའི་ལྟ་གྲུབ་ནི་སྣོད་དེ་ཉིད་དུ་ཤོང་ཆོག་པའི་ཆོད་སེམས་དང་སྤོབས་པ་དེ་ཉིད་དོ། །
དེས་ན་དེང་རབས་སློབ་གསོའི་སྒུལ་ཤུགས་དང། ལྷག་པར་དུ་ནང་ལོགས་སློབ་གསོའི་ཤུགས་རྐྱེན་གྱིས་བོད་ཁམས་སུ་ཁེ་ཕན་འབའ་ཞིག་ལ་དམིགས་པའི་ཤེས་ཡོན་པ་གང་མང་འཚར་ལོངས་བྱུང་སྟེ། དེ་ཉིད་ཀྱིས་ཡོན་ཏན་དང་ཡོན་ཏན་པ་རྣལ་མར་བརྩི་བཀུར་མི་བྱེད་པས། བོད་ཀྱི་རིག་གནས་དང་བོད་ཀྱི་སློབ་གསོ་སྟབས་བདེ་ཅན་དང་ཁེ་ཕན་ཅན་གྱི་ཕྱོགས་སུ་བསྒྱུར་དང་སྒྱུར་བཞིན་དུ་བོད་མི་རིགས་དང་བཅས་པའི་རིག་གནས་སློབ་གསོར་ཤུགས་རྐྱེན་ངན་པ་ཐེབས། སྤྱིར་མིག་སྔའི་བོད་ཁམས་སྤྱི་ཚོགས་སུ་ཁྱབ་པའི་ཤེས་ཡོན་པར་རིགས་གཉིས་སུ་དགར་ཆོག་སྟེ། ཤེས་ཡོན་པ་རིགས་གཅིག་ནི་རང་བྱུང་ཁམས་ནི་མིས་བཅོས་སྒྱུར་བྱས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་། མི་དང་ལྷ་འདྲ་མཉམ་མམ་མི་ལྷ་ལས་རྒྱལ་བའི་རིག་གནས་ལྟ་གྲུབ་ཀྱིས་ཤན་ཞུགས་པ་དང་མཚན་ཉིད་རིག་པའི་རྟོགས་པ་དམན་པས། ཤེས་ཡོན་སྦྱོང་བ་དང་སློབ་གསོ་མྱོང་བའི་དམིགས་ཡུལ་ནི་མི་རང་ཉིད་ཚེ་འདིར་རྒྱུ་དཔལ་འབྱོར་དང་མཚན་སྙན་གྲགས། ཐོབ་གོ་སའི་ཆེད་དུ་ཡིན་ཞིང་། ནང་ལོགས་ཀྱི་ལྟ་བ་ཇི་བཞིན་སློབ་གསོ་ནི་ལག་ཆ་དང་དུས་སྐབས་ཙམ་དུ་ཐོབ་པའི་འབྲས་བུར་ངོས་ཟིན་པ་མ་ཟད། བོད་ཁམས་སུ་ཤེས་ཡོན་པ་འདི་རིགས་ཀྱི་གྲངས་ཀ་འཕེལ་སྟོབས་ཆེ་བས་སྲིད་འཛིན་ལས་ཁུངས་དང་ལས་རིགས་ཀུན་ལ་ཁྱབ་ནས་བོད་ཁམས་སྤྱི་ཚོགས་ཀྱི་ཐོན་ཁུངས་ཚོད་འཛིན་བྱས་ཏེ་རང་ཉིད་ཀྱི་དབང་ཆར་བསྒྱུར་ཅིང་། བོད་ཀྱི་རིག་གནས་དང་བཅས་པའི་སློབ་གསོ་དང་འཕྲོད་བསྟེན་དག་ལ་ཅི་མོས་སུ་ལམ་སྟོན་དང་དཔྱད་འཇོག་བྱེད་པ་དང་། མི་འདི་རིགས་ཀྱི་སྨྲ་ལྕེ་སུ་ལས་ཀྱང་མཁས་པ་དང་། སྤོབས་པ་སུ་ལས་ཀྱང་ཆེ་བ། མི་རིགས་རིག་གནས་ཀྱི་བརྩེ་སེམས་སུ་ལས་ཀྱང་ཆེ་མོད། དོན་དམ་པར་རྒྱུ་དཔལ་འབྱོར་དང་དབང་ཐང་འབའ་ཞིག་གི་དོན་དུ་བརྩོན་པ་ལགས། དོན་དངོས་སུ་འདི་ནི་ང་ཚོ་ཀུན་ལ་སྤྲད་པའི་ལོ་རྒྱུས་རང་བཞིན་གྱི་ཚོད་བགམ་ཞིག་ཡིན། ཤེས་ཡོན་པ་རིགས་ཅིག་ཤོས་ནི་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་པར་གོ་ཆོག སྲོལ་རྒྱུན་ཤེས་ཡོན་པའི་མི་གྲངས་ནི་གཏན་འཇགས་མིན་པར། དོན་དངོས་སུ་མར་འགྲིབ་བཞིན་ཡོད་ཅིང་། སྤྱིར་སྲོལ་རྒྱུན་ཤེས་ཡོན་པ་དེ་དག་བོད་ཀྱི་རིག་གནས་ལ་རྒྱུས་མངའ་བ་དང་། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཁས་ཤིང་། བོད་ཀྱི་རིག་གནས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་ཟབ་མོ་ཞིག་ཆགས་ཐུབ་དགོས་མོད། དོན་དམ་པར་ཤེས་ཡོན་པ་ཕལ་མོ་ཆེའི་བསམ་ཕྱོགས་རྦད་དེ་ཁ་ཁ་རེད་དེ། གདུལ་བྱའི་འགྲོ་དོན་དང་བསྟན་པའི་ཁ་གཡར་ནས་སྲོལ་རྒྱུན་གྱི་ཤེས་ཡོན་ཁྲོམ་ར་ཅན་དུ་བསྒྱུར་ནས་ཚོང་གཉེར་བཅས་ལ་འབད་པ་ལགས། བོད་ཁམས་སྤྱི་ཚོགས་སུ་སྲོལ་རྒྱུན་ཤེས་ཡོན་གྱི་རིན་ཐང་ཆེར་བསྐྱེད་པ་དང་སྒྲོ་འདོགས་ངང་བོད་འབངས་མི་སེར་ལ་བསྒྲགས་ཏེ། རང་ཉིད་མ་གཏོགས་སུས་ཀྱང་རིན་ཐང་བྲལ་བའི་ཤེས་ཡོན་དེ་ཉིད་རྟོགས་མེད་པར་སྙམ་སྟབས། རང་ཉིད་ནི་ཡུལ་ཕྱོགས་དེའི་མི་རྣམས་ལས་མཆོག་ཏུ་གྱུར་པ་དང་། རང་ཉིད་མིའི་ཐུ་བོར་བསམས་ཏེ་ཀུན་གྱིས་རང་ཉིད་ལ་བཀུར་དགོས་པའི་འདུ་ཤེས་དྲག་པོ་བཅངས་ཡོད། དེ་རིགས་ནི་བོད་ཀྱི་རིག་གནས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་སྟེ། ཚེ་སྲོག་འདྲ་མཉམ་དང་བློ་ཁོག་ཡངས་པ། གཞུང་དྲང་བ། བྱམས་སྙིང་རྗེ་སྒོམ་པའི་དོན་སྙིང་དེ་དང་རྒྱབ་འགལ་དུ་སོང་འདུག མིའི་རིགས་ཀྱི་རིག་པའི་དཔལ་ཡོན་དང་མིའི་རིགས་ཀྱི་ཚེ་སྲོག་འབྲེལ་བའི་ཁྲོད་དུ་བོད་ཀྱི་རིག་གནས་དང་སློབ་གསོར་བསམ་ཞིབ་བྱས་ན། ད་གཟོད་བོད་ཀྱི་རིག་གནས་ཀྱི་གཏིང་རིམ་གྱི་དོན་སྙིང་དང་རིན་ཐང་གཞལ་དུ་མེད་པ་དེ་ཉིད་རྟོགས་ཤིང་། མ་འོངས་པར་རིག་གནས་ཡིད་ཆེས་ལྡན་པའི་ཤེས་ཡོན་པ་ཞིག་འབྱུང་སྲིད། གོང་གི་ཤེས་ཡོན་པ་རིགས་འདི་གཉིས་ཀྱིས་བོད་ཁམས་སྤྱི་ཚོགས་ཀྱི་ཤེས་ཡོན་དང་ཐོན་ཁུངས། དབང་ཆ་བཅས་ཡོངས་རྫོགས་དམ་དུ་བཟུང་ཞིང། ད་སྐབས་བོད་སྤྱི་ཚོགས་སུ་རྣལ་དུ་ཕབ་པའི་ཤེས་ཡོན་པ་གསར་བྱུང་ཚེགས་མེད་བདེ་བླག་ངང་འཚར་ལོངས་འབྱུང་མི་ནུས་པ་ཡང་ཤེས་ཡོན་པ་རིགས་འདི་གཉིས་ཀྱིས་སྒེར་དབང་གཅོད་པའི་རྐྱེན་དུ་ཟད་དོ། །
འོ་ན་བདག་ཅག་གིས་སློབ་གསོའམ་བོད་ཀྱི་སློབ་གསོའི་གོ་དོན་ཇི་ལྟར་རྟོགས་དགོས་ཤེ་ན། གོང་དུ་ཞུས་པ་བཞིན་སློབ་གསོར་ཡུལ་དུས་ཀྱི་ཚད་བཀག་མེད་པས་དུས་རབས་གང་ཞིག་ཏུའང་སློབ་གསོ་དེ་མི་སྒེར་དང་ཚོ་པ་སུ་ལའང་མི་དབང་ཞིང་། སློབ་གསོ་ནི་མིའི་ཚེ་སྲོག་གི་དོན་དམ་རྙེད་པའི་བརྒྱུད་རིམ་ཞིག་ཡིན། སློབ་གསོ་དེ་ལག་ཆ་ཞིག་དང་དུས་སྐབས་ཤིག་གི་འབྲས་བུ་ཙམ་དུ་བརྩི་བ་དེ་རིག་གནས་ཀྱི་མཚན་ཉིད་རིག་པའི་རྟོགས་པ་དམན་པས་སློབ་གསོ་ཐ་མལ་ཅན་དུ་བསྒྱུར་བའི་སྤྱོད་ཚུལ་ཞིག་ལས་མ་འདས། སློབ་གསོ་ལག་ཆ་ཅན་དང་ཐ་མལ་ཅན་གྱིས་སྐྱེད་སྲིང་བྱས་པའི་མི་སྣ་ཕལ་མོ་ཆེ་ནི་ཁེ་འདོད་གྲགས་འདོད་དང་ཁེ་ཕན་འབའ་ཞིག་ལ་དམིགས་པ་ཤ་སྟག་ཡིན་པས། མི་སྣ་འདི་རིགས་འཕེལ་སྟོབས་ཆེ་ན་མཚོ་བོད་མཐོ་སྒང་དུ་བོད་མིའི་འཚོ་གནས་ལ་དཀའ་ངལ་སྤྲད་འོང་ཞིང་། མཐར་མི་རིགས་འདི་ཉིད་མེད་པར་འགྱུར་བའི་ཉེན་ཁ་འབྱུང་བ་དེ་ཡང་། མི་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཙམ་དང་། རང་བྱུང་ཁམས་ནི་ཆོས་ཉིད་བདེན་པར་ངོས་ཟིན་པའི་རང་རེའི་རིག་གནས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་དེ་དང་འགལ་སོང་བ་ལགས་པས། འདོད་ཆུང་ཆོག་ཤེས་དང་བློ་ཁོག་ཡངས་པ། ཚེ་སྲོག་འདྲ་མཉམ་གྱི་འདུ་ཤེས་འཛིན་པའི་མི་སྣ་སྐྱེད་སྲིང་བྱ་རྒྱུ་ནི་བོད་ཀྱི་སློབ་གསོའི་འོས་འགན་དང་དོན་གྱི་སྙིང་པོ་ཡིན། དེས་ན་བདག་ཅག་གིས་ཆ་འཕྲིན་མྱུར་འཕེལ་གྱི་དུས་རབས་འདི་དང་བསྟུན་ནས་བོད་ཀྱི་སློབ་གསོའི་འགག་རྩ་ཇི་ལྟར་སེལ་དགོས་པའི་གནས་དེ་བརྗོད་གཞི་ཆེན་པོ་ཞིག་ཡིན་པས་འདིར་ཞིབ་ཏུ་གླེང་བར་མི་བྱའོ། །
བཞི་པ། བོད་ཁམས་སློབ་གསོའི་བསམ་གཞིག།
བོད་མིས་གནའ་ནས་འཛམ་གླིང་ཡང་རྩེའི་གནས་མཆོག་མཚོ་བོད་མཐོ་སྒང་དུ་མི་ལོ་འབུམ་ཕྲག་དུ་མར་འཚོ་གནས་བྱས་ཤིང་། རང་བྱུང་ཁམས་ལ་བཀུར་ནས་མི་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཙམ་དང་། རང་བྱུང་ནི་ལས་དབང་ངམ་ཆོས་ཉིད་བདེན་པར་བསྒོམས་ཏེ། བོད་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་ཆགས་ཤིང་། འདོད་ཆུང་ཆོག་ཤེས་དང་ཁོག་ཡངས་གཞུང་དྲང་། ཚེ་སྲོག་འདྲ་མཉམ་འཛིན་པའི་མི་སྣ་བྱུང་བ་དེ་དག་ནི་དོན་དངོས་སུ་བོད་ཀྱི་སློབ་གསོ་ལས་སྨིན་པའི་འབྲས་བུ་ཁོ་ན་ཡིན་པ་སྨོས་ཅི་དགོས། རིག་གནས་ཀྱི་མཚན་ཉིད་ལྟ་གྲུབ་དེ་ལས་སློབ་གསོ་ལག་ཆ་དང་སློབ་གསོ་ཁེ་ཕན་ཅན་དུ་འཛིན་པ་དེ་མཚོ་བོད་མཐོ་སྒང་གི་སྤྱི་ཚོགས་སུ་འཕྲོད་ཐབས་བྲལ་བ་མ་ཟད། འཛམ་གླིང་གི་ཡུལ་གྲུ་གཞན་གང་རུང་དུ་གནས་ཐབས་བྲལ་བ་ལགས། མིག་སྔའི་སྤྱི་ཚོགས་སུ་སློབ་གསོ་ལག་ཆ་ཅན་དང་སློབ་གསོ་ཁེ་ཕན་ཅན་དུ་བསྒྱུར་བ་ནི་བོད་ཀྱི་རིག་གནས་དང་བཅས་པའི་བོད་ཀྱི་སློབ་གསོར་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་ཡིན་ཞིང་། བདག་ཅག་གིས་བློ་བག་ཕབ་ནས་སློབ་གསོའི་དོན་སྙིང་ལ་མནོ་བསམ་བཏང་ན། སློབ་གསོ་ནི་ལག་ཆ་དང་ཁེ་ཕན་ཅན་ཞིག་མིན་པར། སློབ་གསོས་མི་ཁེ་འདོད་གྲགས་འདོད་དང་བློ་ཁོག་དོག་པོ། མི་གཤིས་ཀུན་སྤྱོད་ཀྱི་ཚད་གཞིར་འཛེམ་དོགས་མེད་པ་ཞིག་སྐྱེད་སྲིང་བྱེད་པ་མ་ཡིན་པར། སློབ་གསོ་ནི་མིའི་ཚེ་སྲོག་གི་དོན་དམ་རྙེད་པའི་བརྒྱུད་རིམ་ཞིག་དང་། མི་གཤིས་དང་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་བརྒྱུད་རིམ་ཞིག་སྟེ། མིའི་རིགས་ཀྱི་སྤྱི་ཚོགས་ལ་འདོད་ཆུང་ཆོག་ཤེས་དང་བརྩེ་བ་ཆེན་པོ། ཁོག་ཡངས་གཞུང་དྲང་། ཚེ་སྲོག་འདྲ་མཉམ་འཛིན་པའི་མི་གཤིས་དམ་པ་སྐྱེད་སྲིང་བྱ་རྒྱུ་ནི་མིའི་རིགས་ཀྱི་སློབ་གསོའམ་བོད་ཀྱི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་དེ་ཁོ་ནའོ། །
དཔྱད་གཞིའི་ཡིག་ཆ།
[1] 中国共产党十九大报告,报告主题:不忘初心,牢记使命,高举中国特色社会主义伟大旗帜,决胜全面建成小康社会,夺取新时代中国特色社会主义伟大胜利,为实现中华民族伟大复兴的中国梦不懈奋斗。
[2]2017年和2018年西藏自治区人民政府工作报告。
[3]2017年和2018年甘孜藏族自治州人民政府工作报告。
[4]胡德海,教育学原理(第三版)[M]人民教育出版社,2013年。
[5]巴登尼玛著,益西邓珠译,文明的困惑之藏族教育之路(藏文)[M]民族出版社,2014年。
[6](捷)夸美纽斯著,傅任敢译,大教学论[M] 教育科学出版社,1999年5月。
[7](瑞士)裴斯泰洛齐著,夏之莲译,裴斯泰洛齐的教育论著选[M]人民教育出版社2001年5月。
[8](美)杜威著,王承绪译,民主主义与教育[M]人民教育出版社,2011年5月。
[9]杨伯峻译注,论语译注(简体字本)[M]中华书局,2017年8月。
(《བོད་ཀྱི་སློབ་གསོ》སྤྱིའི་དེབ་236ལས་བཤུས།)