ཞི་ཅིན་ཕིང་གིས་ཏ་ལན་དུ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་མཇལ་མོལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-09


            སྤྱི་ཟླ་5པའི་ཚེས་7ཉིན་ནས་ཚེས་8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ལན་དུ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་དང་མཇལ་མོལ་གནང་ཡོད་པ་རེད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུ་ཉིང་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
            སྤྱི་ཟླ་༥པའི་ཏ་ལན་དུ། རི་བོ་སྔོ་ཞིང་མཚོ་མོ་དྭངས་བས། ཧ་ཅང་གི་མཛེས་སྡུག་ལྡན་པ་ཞིག་ཡོད། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་མཇལ་མོལ་གནང་བ་མ་ཟད། ཅིན་ཀྲེང་ཨན་ལ་དགའ་བསུ་ཞུ་བའི་དགོང་སྟོན་བཤམས་ཡོད། མཉམ་དུ་འཆམ་འཆམ་ལ་སྐྱོད་པ་དང་། ཉིན་དགུང་གི་གསོལ་སྟོན་ལ་ཞུགས་ནས། མཛའ་བརྩེ་དང་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་དང་། ཐུན་མོང་ཐོག་དོ་འཁུར་བྱེད་པའི་གལ་ཆེའི་གནད་དོན་ཐད་ཁྱོན་ཡོངས་དང་གཏིང་ཟབ་པའི་དགོངས་འཆར་བརྗེ་རེས་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། བློ་མཐུན་ཨུ་ཡོན་ཀྲང་གིས་མིག་སྔའི་ཁོ་རེ་ཡ་ཕྱེད་གླིང་ཕྲན་ལ་རྙོག་འཛིང་ཆེ་བའི་འགྱུར་བ་གཏིང་ཟབ་འགྲོ་བའི་འགག་རྩའི་སྐབས་སུ། དུས་ཡུན་ཉིན་༤༠ལྷག་གི་རྗེས་སུ་སླར་ཡང་ཆེད་མངགས་ཀྲུང་གོར་ཕེབས་ནས་ང་དང་མཇལ་མོལ་གནང་བ་དེས། བློ་མཐུན་ཨུ་ཡོན་ཀྲང་དང་བྱང་ཁོ་རེ་ཡའི་ཏང་ཀྲུང་དབྱང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་ཐུག་ལ་ཚད་མཐོའི་མཐོང་ཆེན་གནང་བ་མངོན་གྱི་ཡོད་པས། ང་རང་ནས་གདེང་འཇོག་མཐོ་པོ་བྱ་རྒྱུ་ཡིན། ང་རང་ནས་བློ་མཐུན་ཨུ་ཡོན་ཀྲང་དང་མཇལ་མོལ་ཐེངས་དང་པོ་ཞུ་ཚུན། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་དང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནས་བབས་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད་པས། ང་རང་ནས་དེའི་ཐད་དགའ་ཚོར་བྱེད་ཀྱི་ཡོད་། བློ་མཐུན་ཨུ་ཡོན་ཀྲང་དང་སླར་ཡང་མཇལ་མོལ་ཞུས་ནས། ཐུན་མོང་ཐོག་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཡུན་གནས་བདེ་འཁོད་མངོན་འགྱུར་ཡོང་བ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
            ཅིན་ཀྲེང་ཨེན་གྱིས། ད་ལོའི་སྤྱི་ཟླ་3པ་ནས་བཟུང་། བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་དང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནས་བབས་ལ་དོན་སྙིང་ཟབ་པའི་འཕེལ་རིམ་ཐོན་ཡོད་པ་དང་། དེ་ནི་ང་རང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་ལོ་རྒྱུས་རང་བཞིན་གྱི་མཇལ་མོལ་གྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ཞིག་ཡིན། མིག་སྔར་ས་ཁུལ་གྱི་གནས་བབས་གོང་འཕེལ་མྱུར་པོ་འགྲོ་བའི་འགག་རྩའི་སྐབས་སུ། ང་རང་སླར་ཡང་ཀྲུང་གོར་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ་མོལ་ཞུ་བ་མ་ཟད་གནས་ཚུལ་བརྡ་ཁྱབ་བྱས་ཡོད་པ་དང་། ཀྲུང་གོ་དང་འཐབ་ཇུས་འབྲེལ་ཐུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་གོང་འཕེལ་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་ཐེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ད་ལོའི་སྤྱི་ཟླ་3པ་ནས་བཟུང་། ང་རང་དང་བློ་མཐུན་ཨུ་ཡོན་ཀྲང་གིས་པེ་ཅིང་དུ་ལོ་རྒྱུས་རང་བཞིན་གྱི་མཇལ་མོལ་ཐེངས་དང་པོ་ཞུས་པ་དང་། དུས་ཡུན་རིང་བའི་སྤེལ་རེས་གཏིང་ཟབ་བྱས་ཡོད་ཅིང་། དུས་རབས་གསར་པའི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་ཐད་ཕྱོགས་བཞིའི་རྩ་དོན་གྱི་ཐུན་མོང་ངོས་འཛིན་བྱུང་ཡོད། དེའང་གཅིག་ནས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཡིན་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་མཉམ་ལས་འབྲེལ་བ་གོང་འཕེལ་གཏོང་བ་ནི་ཕྱོགས་གཉིས་པོའི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་གཞིག་ཡིན་ལ། ཡང་དག་པའི་འདམ་ཁ་ཉག་གཅིག་དེ་ཡིན་པ་དང་། གཉིས་ནས། ཀྲུང་གོ་དང་བྱང་ཁོ་རེ་ཡ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཡིན་པ་དང་། ཕྱོགས་གཉིས་འབྲེལ་བར་འཐབ་ཇུས་དོན་སྙིང་གལ་ཆེན་ལྡན་ཡོད་པས། མཐུན་སྒྲིལ་མཉམ་ལས་དང་སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས། ཏང་གཉིས་པོའི་མཐོ་རིམ་སྤེལ་རེས་དེས་ཕྱོགས་གཉིས་འབྲེལ་བའི་སྣེ་ཁྲིད་བྱེད་པར་འཐུས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ལྡན་ཡོད་པས། ཕྱོགས་གཉིས་པོས་རྟག་ཏུ་འགྲོ་འོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་འབྲེལ་ཐུག་ལ་ཤུགས་སྣོན་རྒྱག་པ། བསམ་བཤེས་དང་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་བཅས་བྱེད་དགོས། བཞི་ནས། དམངས་ཁྲོད་ཀྱི་མཛའ་གྲོགས་རྨང་གཞི་བརྟན་དུ་གཏོང་བ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། རྣམ་པ་སྣ་ཚོགས་བརྒྱུད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྤེལ་རེས་དང་འགྲོ་འོང་ལ་ཤུགས་སྣོན་རྒྱབ་ནས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་གོང་འཕེལ་ཆེད་དམངས་འདོད་རྨང་གཞི་བཟང་པོ་སྐྲུན་དགོས་པ་བཅས་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཐུན་མོང་ངོས་འཛིན་ཁག་ད་ལྟ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་བཞིན་ཡོད། དུས་ཡུན་ཟླ་བ་གཅིག་ལྷག་གི་ནང་། ང་རང་དང་བློ་མཐུན་ཨུ་ཡོན་ཀྲང་གིས་མཇལ་མོལ་ཐེངས་གཉིས་ཞུས་ནས། འབྲེལ་ཐུག་ཟབ་མོ་རྒྱུན་འཁྱོངས་བྱས་ཡོད། ང་རང་ནས་བློ་མཐུན་ཨུ་ཡོན་ཀྲང་དང་མཉམ་དུ། མུ་མཐུད་ནས་ཕྱོགས་གཉིས་པོའི་འབྲེལ་ཡོད་ཚན་པས་ང་ཚོའི་བར་གྲོས་འཆམ་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱ་རྒྱུར་འཛུབ་ཁྲིད་བྱེད་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་པ་དང་། ས་ཁུལ་དེ་གའི་ཞི་བདེ་དང་བརྟན་ལྷིང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་ད་དུང་བྱང་ཁོ་རེ་ཡར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཐོན་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོའི་སྤྱི་དམངས་འཆི་རྨས་བྱུང་རྗེས་ཅིན་ཀྲེང་ཨེན་ནས་མཐོང་ཆེན་པོ་དང་ལྷག་བསམ་དག་པའི་རྣམ་འགྱུར་བསྟན་པར་ཐུགས་ཆེ་རྗེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
            ཅིན་ཀྲེང་ཨེན་གྱིས། བྱང་ཁོ་རེ་ཡ་དང་ཀྲུང་གོ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཀྱི་བློ་མཐུན་ལྟར་གྱི་ཕན་ཚུན་ཡིད་ཆེས་དང་བརྩེ་བ་ནི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་འབྲེལ་ཐག་དང་སྲ་ཞིང་བརྟན་པའི་རྨང་གཞི་ཡིན། ང་རང་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། ཕན་འབྲས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་མཇལ་འཛོམས་བྱས་པ་དེས་བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་སྔར་ན་མེད་པའི་གསོན་ཤུགས་རྒྱས་ཡོད། དུས་ཡུན་ཟླ་བ་གཅིག་ལྷག་ཙམ་རྗེས་སླར་ཡང་མཇལ་འཛོམས་བྱས་པ་དེས་ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་འགྲོ་བ་དང་། བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ལས་འབྲེལ་བ་དུས་རབས་གསར་པའི་བླང་བྱ་དང་འཚམ་ཐུབ་རྒྱུར་སྐུལ་འདེད་ཐེབས་རྒྱུ་དང་། དེ་བས་ཟབ་པའི་ཁྱོན་ཡོངས་གོང་འཕེལ་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
            ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་སྐོར་གླེང་སྐབས་ཞི་ཅིན་ཕིང་གིས། ང་རང་ནས་བློ་མཐུན་ཨུ་ཡོན་ཀྲང་དང་མཇལ་འཛོམས་ཐེངས་དང་པོ་བྱེད་དུས་དོན་དེའི་ཐད་དགོངས་འཆར་བརྗེ་རེས་བྱས་ནས་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད། ཉེ་བའི་དུས་མཚམས་ནང་། བློ་མཐུན་ཨུ་ཡོན་ཀྲང་ནས་ཕྱེད་གླིང་ཕྲན་གྱི་གནད་དོན་ཐད་ཀྱི་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཞི་ལྷོད་དུ་འགྲོ་བར་འབད་བརྩོན་ཧུར་ཐག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། འབྲེལ་ཡོད་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ཕྱེད་གླིང་ཕྲན་གྱི་གནད་དོན་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཞི་ལྷོད་དུ་འགྲོ་ཚུལ་བརྟན་དུ་སོང་བ་དང་། ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཕྱོགས་སུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོའི་ཕྱོགས་ནས་བྱང་ཁོ་རེ་ཡའི་ཕྱོགས་ཀྱིས་ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་རྒྱུན་འཁྱོངས་བྱས་པར་རྒྱབ་སྐྱོར་དང་། བྱང་ཁོ་རེ་ཡ་དང་ཨ་རིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཕྱེད་གླིང་ཕྲན་གྱི་གནད་དོན་ཞི་བའི་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། ས་ཁུལ་གྱི་ཡུན་རིང་བརྟན་ལྷིང་མངོན་འགྱུར་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
            ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བའི་ལྟ་བར་གདེང་འཇོག་མཐོ་པོ་གནང་བ་དང་། ཀྲུང་གོའི་ཕྱོགས་ནས་དུས་ཡུན་རིང་པོའི་ནང་ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་། ཁོང་གིས། ཁོ་རེ་ཡ་ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་ཡོང་བ་བྱེད་པ་ནི་བྱང་ཁོ་རེ་ཡའི་ཕྱོགས་ནས་སྔར་ནས་ད་བར་གྱི་ལངས་ཕྱོགས་ཁ་གསལ་ཞིག་ཡིན། འབྲེལ་ཡོད་ཕྱོགས་ཁག་ནས་བྱང་ཁོ་རེ་ཡར་དགྲ་འཛིན་གྱི་སྲིད་ཇུས་དང་བདེ་འཇགས་འཇིགས་སྣང་མེད་པ་བཟོས་ཚེ། བྱང་ཁོ་རེ་ཡའི་ཕྱོགས་ལ་རྡུལ་ཉིང་ཡོད་པའི་དགོས་པ་མེད་པ་དང་། རྡུལ་ཉིང་མེད་པ་ཅན་ནི་མངོན་འགྱུར་ཐུབ་པ་ཞིག་ཡིན། བྱང་ཁོ་རེ་ཡ་དང་ཨ་རིས་སྐད་ཆ་ཤོད་རེས་བྱ་རྒྱུར་ཕན་ཚུན་ཡིད་ཆེས་བྱེད་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཁག་ནས་འགན་ཁུར་བའི་རྣམ་པའི་ཐོག་ནས་དུས་མཚམས་དབྱེ་བ་དང་། དུས་མཉམ་གྱི་བྱ་ཐབས་བཟུང་ནས། ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མཐར་ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་ཅན་དང་ཡུན་རིང་ཞི་བདེ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
            ཅིན་ཀྲེང་ཨེན་གྱིས་ཞི་ཅིན་ཕིང་ལ་ཉེ་བའི་བྱང་ཁོ་རེ་ཡའི་རྒྱལ་ནང་གོང་འཕེལ་དང་ཏང་གི་འཛུགས་སྐྱོང་གནས་ཚུལ་བརྡ་ཁྱབ་བཏང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྟོབས་ཤུགས་ཐ་དག་གཅིག་སྡུད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ཇུས་ལམ་ཕྱོགས་བཏོན་པ་དང་། རྡུལ་ཉིང་ཚོད་ལྟ་དང་གླིང་ཆེན་ནས་གླིང་ཆེན་ལ་འཕེན་པའི་མདེལ་ལམ་མེ་ཤུགས་འཕུར་མདེལ་གྱི་འཕེན་གཏོང་ཚོད་ལྟ་མཚམས་འཇོག་དང་། བྱང་རྒྱུད་རྡུལ་ཉིང་ཚོད་ལྟའི་ཁུལ་དོར་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་བློ་མཐུན་ཨུ་ཡོན་ཀྲང་ནས་དཔལ་འབྱོར་གོང་འཕེལ་དང་། དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་མཐོང་ཆེན་པོ་གནང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྲ་ཞིང་བརྟན་པའི་བློ་སྟོབས་མངོན་ཡོད། ང་ཚོས་དོན་དེར་བསྔགས་བརྗོད་ཞུ་རྒྱུ་དང་། བྱང་ཁོ་རེ་ཡའི་ཕྱོགས་ནས་འཐབ་ཇུས་ཀྱི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ལ་སྒྱུར་བར་རྒྱབ་སྐྱོར་དང་། བྱང་ཁོ་རེ་ཡའི་བློ་མཐུན་ནས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1