ཝུན་ཁྲོན་ས་ཡོམ་གྱི་ལྟེ་བར་གནས་པའི་དབྱིན་ཞིའུ་མང་ཚོགས་ཀྱིས་ནམ་ཡང“དུར་སྲུང་པ”ཞིག་བྱས་ནས་སྡོད་མི་རུང་བར་མདུན་ཕྱོགས་ལ་འབད་བརྩོན་ཆེན་པོས་སྙེག་དགོས་ཞེས་བརྗོད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤེལ་དུས། 05-11


        ཟླ5 ཚེས6 ཉིན།ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པ“ཡར་བརྩོན· འཕོ་འགྱུར· རྒྱང་ལྟ”ཞེས་པའི་ཝུན་ཁྲོན་ས་ཡོམ་ལོ10 འཁོར་བར་འཚམས་འདྲི་ཕེབས་པ་བརྗོད་གཞིར་བཟུང་བའི་དྲ་རྒྱའི་བྱེད་སྒོ་སྤེལ་བའི་འགྲོས་དང་བསྟུན་ཏེ། 5.12ཝུན་ཁྲོན་ས་ཡོམ་གྱི་ལྟེ་བ་དབྱིན་ཞིའུ་གྲོང་རྡལ་དུ་བསྐྱོད་དེ་དེ་གའི་མང་ཚོགས་ལ་འཚམས་འདྲིའི་ཚུལ་དུ་བཅར་འདྲི་བྱས་ཤིང་། ཡུལ་དེའི་དཀའ་སྤྱད་ཡར་བརྩོན་ལ་བརྟེན་ནས་འཕོ་འགྱུར་ཆེན་པོ་བྱུང་བའི་བརྒྱུད་རིམ་ར་སྤྲོད་དང་ཡོམ་རྗེས་ཀྱི་བསྐྱར་སྐྲུན་འབད་འབུངས་ལ་གཞོལ་བའི་དྲང་ནུས་དར་སྤེལ་གང་ལེགས་བྱས།

        རྡོ་ལ་རི་མོ་བརྐོས་ཇི་བཞིན་བརྗེད་ཐབས་མེད་པའི“ཝུན་ཁྲོན་དུས་ཚོད།
    2008ལོའི་ཟླ5པའི་ཚེས12ཉིན་གྱི་ཆུ་ཚོད14 དང་སྐར་མ28ཐོག སི་ཁྲོན་ཞིང་ཆེན་ནུབ་བྱང་རྒྱུད་དུ་ཆགས་པའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཆར་གཏོགས་པའི་ཤར་ལྷོའི་མཚམས་ཀྱི་ཝུན་ཁྲོན་རྫོང་དུ་རིམ་པ8.0ཅན་གྱི་ས་ཡོམ་ཆེན་པོ་བྱུང་སྟེ། བསམ་དབང་རྒྱུས་དབང་མེད་པར་སྐད་ཅིག་དེ་ཉིད་ལ་རི་ཉིལ་ཤིང་གཙང་པོས་འོ་དོད་འབོད། ཁང་པ་བརྡིབས་ཤིང་ཁྱིམ་གཞིས་བགས་མེད་དུ་བརླག་པ་སོགས་དབྱིང་ཞིའུ་གྲོང་རྡལ་གྱི་མང་ཚོགས་ཀྱི་མགོ་ལ་འཇིགས་ཡེར་བའི་ཆག་སྒོ་གནམ་ལས་འགོངས་པ་བྱུང་སྟེ། གཉེན་ཉེ་སྤུན་ཟླ6566སྐད་ཅིག་དེ་ཙམ་ལ་འཇིག་རྟེན་དཀར་ངོགས་འདི་ནས་གཏན་དུ་གྱེས། དབྱིང་ཞིའུ་གྲོང་རྡལ་གྱི་ཞོན་ཁུའུ་སློབ་འབྲིང་གི་ས་ཡོམ་རྗེས་ཤུལ་དུ་ལུས་པའི་གཡང་ཊིའི་ཆུ་ཚོད་འཁོར་ཆེན་དེ་ཆུ་ཚོད14 དང་28ཐོག་གཏན་དུ་རྒྱུ་མཚམས་འཇགས་སོང་བ་དེས་ང་ཚོ་ཉམ་ཐག་པའི་མི་རྣམས་ལ“ཝུན་ཁྲོན་དུས་ཚོད” ཀྱི་སྐྱི་ཡ་བའི་ཆག་སྒོ་ཆེན་པོ་དེ་དུས་གཏན་ཡིད་ལ་དམ་པོ་འཆང་དགོས་པའི་དྲན་སྐུལ་ཞིག་ཅི་ལ་མིན།

པར་ནི《ཝུན་ཁྲོན་དུས་ཚོད》 ཡིན་ལ། དེ་ནི་སི་ཁྲོན་སློབ་ཆེན་སྒྱུ་རྩལ་ཇུས་འགོད་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཏུན་ཡུས་ནོང་གིས་ཞོན་ཁུའུ་སློབ་འབྲིང་གི་འཛིན་གྲྭ་དང་པོའི་གས་ཆག་ཤོར་བའི་བའི་ཆུ་ཚོད་འཁོར་ལོར་གཞིགས་ནས་ཇུས་འགོད་བྱས་པ་རེད།

        ཞོན་ཁུའུ་སློབ་འབྲིང་གི་ཡོམ་ཤུལ་ནི་ཝུན་ཁྲོན་རྫོང་ཡོངས་ནས་ས་ཡོམ་གྱི་རྗེས་ཤུལ་ཇི་མ་ཇི་བཞིན་སོར་འཇོག་བྱས་པ་ཅུང་ཆ་ཚང་བའི་རྗེས་ཤུལ་ཆེ་གྲས་གཅིག་པུ་རེད། ས་ཡོམ་ཁྲོད་དུ་ཞོན་ཁུའུ་སློབ་འབྲིང་གི་ཁང་པ་མང་ཆེ་བ་བརྡིབས་སྐྱོན་ཆེན་པོ་ཤོར་བ་དང་། སློབ་མ་43 དང་དགེ་རྒན8། ལས་བཟོ་པ་གཉིས་དང་སློབ་མའི་ཁྱིམ་བདག་གཉིས་བཅས་ཐེངས་དེའི་ས་ཡོམ་ཁྲོད་རྐྱེན་དུ་ཤོར། ཞོན་ཁུའུ་སློབ་འབྲིང་གི་ཐོས་བསམ་ཐོག་ཁང་ལ་མ་གཞི་ཐོག་བརྩེགས་ལྔ་ཡོད་མོད།ད་ལྟ་ང་ཚོས་དངོས་སུ་མཐོང་ཐུབ་པ་ནི་རིམ་པ་གཅིག་ལས་མེད་ལ། ལྷག་མ་རྣམས་ས་འོག་ཏུ་མནུབས་སོང་བ་རེད།
པར་ནི5•12ཝུན་ཁྲོན་ས་ཡོམ་ཆེན་པོའི་ཁྲོད་དུ་ལུས་པའི་ཞོན་ཁུའུ་སློབ་འབྲིང་གི་ཡོམ་ཤུལ་ཡིན།
        མི་རྣམས་ཧང་སངས་དགོས་པའི་རྣམ་པ་འདི་འདྲ་དང་།དབྱིན་ཞིའུ་རྫོང་དུ་གནོད་སྐྱོན་ཐེབས་པ་ཆེས་ཆུང་བའི་ཡུལ་དངོས་འདི་ཙམ་གྱིས་ང་ཚོ་གསར་འགོད་པ་རྣམས་ལ་གནོན་ཐེབས་བྲལ་བའི་གདུང་སེམས་ཚད་མེད་ཅིག་གིས་ཀུན་ནས་གཡོས་བྱུང་། ཞོན་ཁུའུ་སློབ་འབྲིང་གི་ཡོམ་ཤུལ་དུ་འགྲེལ་བཤད་པ་ཧྲེན་ཝུན་ཅུན་གྱིས་གསར་འགོད་པར་འདི་སྐད། “ ས་ཡོམ་བརྒྱབ་རྗེས་སུ་སྐབས་དེར་གསོན་ཐུབ་ཡོད་པའི་བྱིས་པ་མང་པོ་ཞིག་གིས་སོ་སོའི་སྐྱེས་སྐར་དེ་ཟླ་5 ཚེས་12 ཉིན་ལ་བསྒྱུར་ཞིང་། ཁོང་ཚོས་དེ་ནི་ཁོ་ཚོ་ཡང་བསྐྱར་འཇིག་རྟེན་འདིར་སྐྱེས་པའི་ཉིན་མོ་ཡིན་ཟེར་ལ། ལོ་ལྟར་ཟླ5པའི་ཚེས་12ཉིན་ལ། ཁོང་ཚོ་ཡོམ་ཤུལ་འདིར་འཛོམས་ནས་དེ་གར་གཏན་དུ་གྱེས་པའི་དགེ་རྒན་དང་སློབ་གྲོགས་རྣམས་ལ་འཇལ་དུ་ཡོང་སྲོལ་ཡོད་ཟེར། ”
        “ང་ཚོས་ནམ་ཡང་‘དུར་སྲུང་མཁན’ཞིག་བྱས་ནས་མི་སྡོད་པར་ཧུར་བརྩོན་ཆེན་པོས་མདུན་ཕྱོགས་ཀྱི་ལམ་ལ་སྙེག་དགོས། ”
        1988ལོར་སྐྱེས་པའི་འགྲེལ་བཤད་པ་ཧྲེན་ཝུན་ཅུན་ཡང5.12ཝུན་ཁྲོན་ས་ཡོམ་གྱི་ཆག་འཇིག་དངོས་བརྒྱུད་མྱོང་པ་ཞིག་ཡིན། སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་མོའི་ཁྱིམ་གཞིས་ཞོན་ཁུའུ་སློབ་འབྲིང་དང་ཐག་ཉེ་བའི་རིའི་སྟེང་དུ་ཡོད། ས་ཡོམ་གྱི་སྐབས་སུ་གྲོང་ཚོ་ཡོངས་སྐད་ཅིག་དེ་ཉིད་ལ་ཐལ་རྡུལ་དུ་བརླག་ཅིང་། མོའི་ཕུ་བོ་ཆེ་བ་སྐབས་དེའི་ས་ཡོམ་ཁྲོད་དུ་བུ་མོ་ཆུང་ཆུང་ཤུལ་དུ་བསྐྱུར་ནས་ཁོ་ཚོ་དང་གཏན་དུ་གྱེས། ཁོ་མོས་འདི་སྐད། “གོད་ཆག་འདི་འདྲ་བརྒྱུད་མྱོང་མཁན་ཞིག་ཡིན་ཚེ་བརྗེད་ཐབས་ནི་ག་ནས་ཡོད། དུས་རྒྱུན་གླེང་མི་ཕོད” ཟེར། ལོ༡༠ཕྱིན་ཡོད་ནའང་། དོན་དེ་གླེང་སྐབས་ཁོ་མོའི་མིག་རྩ་དམར་པོར་གྱུར་ནས་མཆི་མ་བརྡོལ་བར་བྱེད། “ ཁྱིམ་གཞིས་མེད་གྱུར་ཡང་ང་ཚོས་ཡང་བསྐྱར་བསྐྲུན་ཆོག གཉེན་ཉེ་མེད་པར་གྱུར་དུས། ང་ཚོས་ཕན་ཚུན་གཉེན་ཉེ་རུ་བརྩིས་པ་ཡིན”ཟེར།
        ས་ཡོམ་རྗེས་སུ་དབྱིན་ཞིའུ་གསར་པ་བསྐྱར་སྐྲུན་བྱེད་དུས་སུ། ཡུལ་དེ“ ཡུལ་སྐོར་གྱི་བརྩེ་དྲོན་སྐྱོང་བའི་གྲོང་རྡལ་ཆུང་ངུ་དང་། ཡོམ་འགོག་གེགས་སེལ་གྱི་དཔེ་སྟོན་ཁུལ” ཞིག་ཏུ་བསྐྲུན་རྒྱུ་བྱས་ཏེ། ཁྱོན་མ་དངུལ་དུང་ཕྱུར17.19བཏང་ཞིང་། འཆར་འགོད་ཀྱི་འགན་འཁུར་མཁན་སྡེ་ཚན་གཙོ་བོ་ནི་ཧྲང་ཧའེ་ཐུང་ཅི་སློབ་ཆེན་ཡིན་པ་དང་། ལས་གཞི་འཛུགས་སྐྲུན་གྱི་ཆ་དེ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་གྱིས་འགན་འཁུར། དབྱིན་ཞིའུ་གྲོང་རྡལ་གསར་པའི་གྲོང་མི་ཡོངས་ལ་ས་ཡོམ་གྱི་ཚད་རིམ་བརྒྱད་འགོག་ཐུབ་པའི་ཁང་པ་གསར་དུ་བསྐྲུན་པ་དང་། སྤྱི་གཞུང་གི་ཁང་པ་རྣམས་ས་ཡོམ་གྱི་ཚད་རིམ་དགུ་འགོག་ཐུབ་པའི་ཇུས་བཀོད་ལྟར་བསྐྲུན་ཡོད་པས་མིང་དོན་མཚུངས་པའི་“ ཡོམ་འགོག་གེགས་སེལ་གྱི་དཔེ་སྟོན་ཁུལ་” ཡིན། ཧྲེན་ཝུན་ཅུན་གྱི་ཁྱིམ་ཡང་ས་གས་ཤོར་བའི་སྔོན་གྱི་ཁྱིམ་ཤུལ་ཉེ་འགྲམ་དུ་བསྐྱར་བསྐྲུན་བྱས་ཡོད་པ་རེད། མོས་ཚ་མོ་དང་གཉེན་ཉེ་གཞན་དག་ཁྲིད་དེ་མི་ཚང་གཅིག་བཞིན་དུ་མཉམ་དུ་འཚོ་བཞིན་ཡོད་ཅིང་། ཕ་མས་ཁོམ་ལོང་གི་དུས་སུ་ས་ཞིང་ཅུང་ཟད་རེ་རྨོས་ནས་བློ་བདེ་བག་ཕེབས་ཀྱི་འཚོ་བ་རོལ་ནས་བསྡད་ཡོད་པ་རེད།

པར་ནི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་བཞིན་པའི་ཧྲེན་ཝུན་ཅུན་ཡིན།

        2011ལོར་དབྱིན་ཞིའུ་གྲོང་རྡལ་གྱི་བསྐྱར་སྐྲུན་གཞི་རྩའི་ཐོག་ལེགས་གྲུབ་བྱུང་། 2012ལོར་དབྱིན་ཞིའུ་གྲོང་རྡལ་གྱིས་ཡུལ་མི་སྒོའི་ཕྱིར་འགྲོ་མི་དགོས་པར་ཁྱིམ་ནས་ལས་ཞུགས་ཐུབ་ཆེད་དུ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཤུགས་ཆེན་པོ་གཏོང་འགོ་ཚུགས་ཤིང་། ཧྲེན་ཝུན་ཅུན་ཡང་ལོ་དེར་ཞོན་ཁུའུ་སློབ་འབྲིང་གི་ཡོམ་ཤུལ་གྱི་འགྲེལ་བཤད་པར་གྱུར་བ་རེད། ལས་ཀ་འདི་བྱེད་པའི་མྱོང་ཚོར་སྐོར་འདྲི་དུས། ཁོ་མོས “ ཐོག་མར་ཤོད་སྐབས་དུམ་བུ་རེ་བཤད་ཐུབ་ཀྱང་། བཤད་པའི་སྐབས་ལ་མགྲིན་པ་བརྣངས་ནས་སྨྲ་སྒོ་འགག་བར་བྱེད་མོད་ཀྱང་། སྡུག་བསྔལ་ཆེན་པོ་འདི་ལྟ་བུའི་ཀློང་ནས་འཚོ་བ་བསྐྱལ་ཞིང་ཚེ་རབས་སུ‘ དུར་སྲུང་མཁན’ཙམ་དུ་བྱས་ན་ག་ལ་རུང་སྟེ། ཅིས་ཀྱང་མདུན་ཕྱོགས་ལ་ཧུར་བརྩོན་ཆེན་པོས་ལྟ་དགོས”ཟེར། ལོ་ངོ་10པོ་འདིའི་ནང་གི་དབྱིན་ཞིའུ་གྲོང་རྡལ་གྱི་འགྱུར་ལྡོག་སྐོར་གླེང་དུས། ཁོ་མོ་དགའ་སྤྲོ་ཚད་མེད་སྐྱེས་ཏེ་འདི་སྐད། “ ང་ཚོ་དབྱིང་ཞིའུ་གྲོང་རྡལ་གྱི་འཚོ་བའི་ཁོར་ཡུག་དང་སྡོད་གནས་ཀྱི་ཆ་རྐྱེན་ཇེ་བཟང་དུ་སོང་ཡོད་པ་དང་། གཞུང་ལམ་རེ་རེ་དུད་ཚང་རེ་རེའི་སྒོ་ཁར་ཤར་གཏོང་བྱས་ནས་ཚང་མར་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། འདི་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་པས། ང་ཚོས་ཁྱིམ་ཚང་ཚང་མས་དར་དམར་བཀལ་ནས་ཏང་སེམས་ལ་ཉར་པ་ཡིན་ཟེར།

པར་ནི་དབྱིན་ཞིའུ་གསར་བའི་གྲོང་རྡལ་གྱི་ཝུན་ཁྲོན་ན་གཞོན་བྱེད་སྒོ་ལྟེ་གནས་ཡིན།
པར་ནི་དུད་ཚང་རེ་རེར་རྒྱལ་དར་བཙུགས་ཡོད་པའི་དབྱིན་ཞིའུ་གྲོང་རྡལ་གསར་པ་ཡིན།

        5.12ཡི་ཝུན་ཁྲོན་ས་ཡོམ་ཆེན་པོས་གཏོར་བརླག་ཚབས་ཆེན་བཏང་བའི་ས་ཡོམ་གྱི་ལྟེ་བ་ནས་ད་ལྟའི་ཆར་གྱི་བརྩེ་དྲོན་འཁྱིལ་བའི་གྲོང་རྡལ་ཆུང་ངུའི་བར་དུ། དབྱིན་ཞིའུ་པ་རྣམས་ཀྱིས་སྡུག་གི་ཁུར་བོ་སྤྲོ་སྣང་གི་རུམ་ཁར་བཅུག་ནས་ཧུར་བརྩོན་ཆེན་པོས་ལོ་ཟླ་བཅུ་ཕར་བསྐྱལ་ཞིང་། མྱང་འདས་ནས་སླར་སྐྱེས་པ་བླངས་པ་དང་གཉིས་སུ་མེད་པས། འབྱུང་འགྱུར་གྱི་དབྱིན་ཞིའུ་ནི་དེ་ལས་བདེ་སྐྱིད་དང་མཛེས་སྡུག་གིས་ཕྱུག་ཡོང་ངེས་ཡིན།


  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1