༄༅།། མིང་མཐའ་པ་དང་བ་གཉིས་ཀྱི་ཐོབ་ཐང་ལས་འཕྲོས་པའི་གཏམ་ལྷག་བསམ་གྱི་རྔ་སྒྲ།

བསམ་ཁང་རིག་ལྡན་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-17


བསམ་ཁང་རིག་ལྡན་སྒྲོལ་མ།
[ནང་དོན་གནད་བསྡུས།]  དཔྱད་རྩོམ་འདིར་མིང་མཐའ་པ་དང་བ་ཡི་སྒྲ་འབྱིན་ཚུལ་དང་བཀོལ་སྤྱོད་བྱེད་སྟངས་ཐད་སྔོན་བྱོན་མཁས་དབང་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་དང་།  ཡུལ་སྐད་ཁག་གི་ཁྱད་པར་རྣམས་ལ་གཤིབ་བསྡུར་གང་ནུས་བྱས་ཏེ།  སྤྱི་སྐད་ཀྱི་འགྲོས་དང་ཅུང་མཐུན་པའི་མིང་མཐའ་པ་དང་བ་ཡི་སྒྲ་འབྱིན་ཚུལ་དང་བཀོལ་སྤྱོད་བྱེད་སྟངས་ཅི་འདྲ་ཞིག་ལེགས་པ་ཡོད་ཚུལ་ཐད་རྩོམ་པ་པོའི་ལྟ་ཚུལ་ཕྲན་ཙམ་བརྗོད་འདུག
[གནད་འགག་མིང་བརྡ།]  མིང་མཐའ།  པ།  བ།  ཐོབ་ཐང་།
གླེང་གཞི།
             དེའང་འཛམ་གླིང་གི་ཡང་རྩེར་གནས་པའི་བོད་བཙན་པོའི་རྒྱལ་རབས་དེ་ཉིད་སྤྱི་ལོའི་དུས་རབས་དགུ་པའི་དུས་དཀྱིལ་ཙམ་དུ་སིལ་བུར་ཐོར་རྗེས། དེ་སྔོན་གཅིག་གྱུར་གྱི་བོད་སྐད་ཡིག་དེ་ཡང་རིམ་བཞིན་ཡུལ་སྐད་དང་གྲོང་སྐད་སྣ་ཚོགས་འདྲེས་པའི་སྐད་ཡིག་ཅིག་ཏུ་གྱུར་པ་མ་ཟད། བོད་རང་གི་ཁོར་ཡུག་དང་། ས་ཁམས། འགྲིམ་འགྲུལ་སོགས་ཀྱིས་རྐྱེན་པས་ཡུལ་གྲུ་ཐ་དད་དུ་གནས་པའི་བོད་མི་ཕན་ཚུན་དབར་དུ་གོ་བརྡ་མི་འཕྲོད་པའམ་ཡང་ན་གོ་བརྡ་འཕྲོད་དཀའ་བའི་སྣང་ཚུལ་ཐོན་དང་ཐོན་མུས་ལགས། ཁྱད་པར་དུ་དང་སྐབས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཕན་ཚུན་བར་རྒྱ་སྐད་དམ་ཡང་ན་དབྱིན་སྐད་ལ་བརྟེན་ནས་གཏམ་གླེང་བྱེད་དགོས་པའི་སྣང་ཚུལ་ཡིད་སྐྱོ་བ་ཞིག་ཐོན་ཡོད་པ་མངོན་སུམ་ཚད་མས་གྲུབ་ཅིང་། དེས་ཕྱིས་སུ་ང་ཚོ་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་།  སྤྱི་ཚོགས་ཀྱི་་གོང་འཕེལ། རིག་གནས་ཀྱི་དར་རྒྱས་སོགས་ལ་གནོད་པ་ལས་ཕན་པ་ཅི་ཡང་མེད་སྟབས། གཟིགས་རྒྱང་ཡངས་པའི་བོད་ཀྱི་མཁས་པ་མང་དང་ཡུལ་སྐད་ཕན་ཚུན་གྱི་ཧེ་བག་ཆུང་དུ་གཏོང་དགོས་པ་དང་། སྤྱི་སྐད་གཅིག་ངེས་པར་དུ་གཏན་ལ་དབབ་དགོས་པའི་འབོད་སྐུལ་གནང་ཡོད་དེ།  དཔེར་ན་རྒན་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས། “སྙན་གྲགས་ཀྱི་བ་དན་ས་གཞི་ཡོངས་སུ་ཁྱབ་པའི་གནའ་རབས་ཀྱི་རིག་གནས་འོད་སྟོང་འབར་བ་ཞིག་ཡོད་པ་འདི་ནི་ང་ཚོ་བོད་པ་རྣམས་ཀྱི་ཁྱད་དུའཕགས་པའི་ནོར་བུ་རིན་པོ་ཆེ་ཞིག་ཡིན་མོད། གནས་ཚུལ་དེ་དང་ཤིན་ཏུ་མི་འཚམས་པ་ཞིག་ནི་ཁྱད་དུ་འཕགས་པའི་རིག་གནས་འདིའི་བྱེད་པོར་གྱུར་པའི་བོད་ཁ་བ་ཅན་འདི་ལ་དེ་རིང་བར་དུ་སྤྱི་འགྲོས་ཀྱི་ཁ་སྐད་ཅིག་ཆགས་མེད་པ་དེ་ཡིན་ལ། དེ་ནི་ང་ཆོས་དོ་སྣང་ཆེན་པོ་བྱེད་དགོས་པའི་གནས་ཤིག་རེད་སྙམ།”①ཞེས་གསུངས་པ་དང་། བོད་ཀྱི་སྤྱི་སྐད་བྱ་གཞག་ལ་ལྷག་བསམ་ཟོལ་མེད་དང་འབད་བརྩོན་ཆེར་བསྐྱེད་གནང་མཁན་ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས།“ང་ཚོ་བོད་རིགས་ཚང་མས་སྤྱི་སྐད་ལ་དོ་སྣང་དང་སྤྱི་སྐད་བེད་སྤྱོད་ལ་ཤགས་སྣོན་རྒྱག་རྒྱུ་ནི་མི་རིགས་ཤིག་གི་འཚོ་གནས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་རེད།”②ཅེས་གསུངས་པ་སོགས་ནི་དཔེ་མཚོན་ཙམ་ཡིན་ལ། མཁས་པ་ཚོས་འབོད་སྐུལ་གནང་བའི་འབྲས་བུའི་ཚུལ་དུ་སྤྱི་ལོ་2006ལོར་མདོ་དབུས་ཁམས་གསུམ་གྱི་མཁས་པ་འགའ་ཞིག་གྲོང་ཁྱེར་ཁྲིན་ཏུར་འདུས་ནས་བོད་ཀྱི་སྤྱི་སྐད་ཀྱི་ཁ་ཕྱོགས་ཙམ་བསྟན་ཡོད་ཀྱང་③དེའི་རྣམ་གཞག་དངོས་གཏན་ལ་ཕབ་ཐུབ་མེད།  འདིར་ཡུལ་སྐད་གང་ཞིག་སྤྱི་སྐད་ལ་འོས་པ་ཡོད་ཚུལ་ནི་ཕྲན་གྱི་རྩོམ་ཡིག་འདིའི་བརྗོད་བྱ་མིན་ལ། ཕྲན་ལྟ་བུ་ཕྱི་ནང་རིག་པའི་གནས་ཀུན་ལ་མཐོང་ཐོས་ཤིན་ཏུ་དབེན་པའི་སློབ་མ་ཐ་མལ་བ་ཞིག་ལ་དེའི་ཐད་དུ་ཡིན་མིན་སྨྲ་བའི་སྤོབས་པ་གང་ལ་ཡོད། འོན་ཀྱང་ཕྲན་ཡང་གདོང་དམར་བོད་ཀྱི་རྒྱུད་ལས་སྐྱེས་ཤིང་མར་དང་རྩམ་པའི་དྲིན་གྱིས་བསྐྱངས་པའི་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་ཀྱི་སྤྱི་སྐད་དེ་ཇི་ལྟར་གཏན་ལ་དབབ་དགོས་པའི་ཐད་ལ་བསམ་གཞིགས་བྱ་དགོས་པ་ནི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་འབྱོལ་དུ་མེད་པ་ཞིག་ཡིན་པར་འདོད། ཕྲན་གྱི་རྨོངས་འཆར་ལ་སྤྱི་སྐད་གཏན་ལ་དབབ་པའི་འགག་རྩ་ནི་ཐ་སྙད་དམ་ཡི་གེ་ཡོངས་རྫོགས་ཀྱི་སྒྲ་འབྱིན་ཚུལ་གཅིག་གྱུར་ཡོང་བ་བྱེད་དགོས་རྒྱུ་དེ་ཡིན་ལ། ཡིག་སྐད་ཀྱི་བརྡ་སྤྲོད་དེ་སྤྱི་སྐད་དང་བར་ཐག་ཇེ་ཐུང་དུ་བཏང་སྟེ་ངེས་པར་དུ་སྤྱི་སྐད་ཀྱི་འགྲོས་དང་མཐུན་པར་བྱ་དགོས། ཐ་སྙད་ཀྱི་སྒྲ་གདངས་གཅིག་གྱུར་དང་ཡིག་སྐད་ཀྱི་བརྡ་སྤྲོང་ཚད་ལྡན་ཞིག་ཡོང་དགོས་ན་ཐོག་མར་ཐ་སྙད་རྐྱང་པའི་ཀློག་སྟངས་མི་འདྲ་བ་ནས་འགོ་བཙུགས་ཏེ་དོ་སྣང་བྱ་དགོས། འདིར་སྐབས་བབས་སུ་ཡུལ་སྐད་མི་འདྲ་བའི་ནང་ཀློག་སྟངས་དང་བཀོལ་སྤྱོད་བྱེད་སྟངས་སོགས་ཀྱང་ཅུང་ཟད་མི་འདྲ་བའི་ཐ་སྙད་རྐྱང་པའམ་མིང་མཐའ་པ་དང་བ་གཉིས་ཀྱི་ཐོབ་ཐང་ལ་དཔྱད་བསྡུར་རགས་ཙམ་བྱས་ནས་དེའི་སྐོར་ཕྲན་ཙམ་སྤྲོས་པ་ལ། ཐོག་མར་པ་དང་བ་གཉིས་ལས་བ་ཡི་སྒྲ་འབྱིན་འདི་མདོ་དབུས་ཁམས་གསུམ་ཚང་མས་རང་རང་གི་ཡུལ་སྐད་ཇི་བཞིན་ཀློག་བཞིན་ཡོད་དེ། ཁག་གཅིག་གིས་/ba/ཞེས་ཀློག་པ་དང་། ཡང་ལ་ལས་/wa/ཞེས་ཀློག་པ།   ཡང་འགའ་རེས/ba/དང/wa/གཉིས་ཀ་ཀློག་ཅིང་། ད་བར་སྒྲ་འབྱིན་ཚུལ་གཅིག་མཚུངས་ཤིག་མ་བྱུང་བ་དང་། འདི་གཉིས་ཀྱི་བརྡ་སྤྲོད་ཀྱི་སྤྱོད་སྟངས་ཐད་ལའང་མཁས་པ་སྔ་ཕྱི་མང་པོས་རང་ལུགས་སྣ་ཆོགས་དྲངས་ཏེ་དགོངས་ཚུལ་གཅིག་མཐུན་བྱུང་མེད། དེ་ནི་ཕལ་ཆེར་མཁས་པ་རྣམས་ཀྱིས་བརྡ་སྤྲོད་ཀྱི་ཆེད་དུ་བརྡ་སྤྲོད་ལ་ཞིབ་འཇུག་གནང་བ་ཙམ་ལས་སྤྱི་སྐད་ཀྱི་དགོས་མཁོར་དམིགས་ནས་བརྡ་སྤྲོད་ལ་ཞིབ་འཇུག་གནང་ཁོམ་མེད་ཚོད་འདུག བརྡ་སྤྲོད་ཁྲོད་ཀྱི་པ་དང་བ་གཉིས་ཀྱི་སྤྱོད་སྟངས་དེ་གཙོ་བོ་བརྡ་སྤྲོད་ནང་གི་བདག་སྒྲའི་མཚན་ཉིད་ངོས་འཛིན་སྟངས་ལ་རག་ལས་ཤིང་། ད་བར་ཐོན་མིའི་སུམ་རྟགས་རྩ་བའི་ཁྲོད་ཀྱི་བདག་སྒྲའི་ཐད་དུ་མཁས་པ་རྣམས་ལ་འགྲེལ་ལུགས་མི་གཅིག་པ་ལྔ་ཙམ་ཡོད་པས། འགྲེལ་ལུགས་དེ་དག་ལ་གཤིབ་བསྡུར་བྱས་ཏེ་ད་ལྟའི་བོད་ཀྱི་སྤྱི་སྐད་ཀྱི་འགྲོས་དང་མཐུན་པའི་པ་དང་བ་གཉིས་ཀྱི་ཐོབ་ཐང་སྐོར་ལ་རང་ལུགས་ཕྲན་བུ་འཆད་པར་བྱའོ།། 
དང་པོ། པ་དང་བ་གཉིས་ཀྱི་སྒྲ་གདངས་བཤད་པ།
             དེ་ཡང་“བོད་ཡིག་ཀློག་པའི་སྐབས་བོད་ཡིག་གི་ཚིག་ཁྱིམ་རེ་རེ་ནི་སྒྲ་ཚིགས(音节)རེ་ཡིན་པ་དང་།སྒྲ་ཚིགས་རེ་ལ་དབྱེ་ན་མ་སྒྲ་(声母)དང་བུ་སྒྲ་(韵母)གཉིས་ཡོད་”①པས། པ་དང་བ་གཉིས་པོའི་སྒྲ་གདངས་དེ་གསལ་བྱེད་རྐྱང་པའི་མ་སྒྲ་པ་དང་བ་གཉིས་ཀྱི་སྒྲ་གདངས་ལ་གཞིགས་དགོས།  མ་སྒྲ་པ་དང་བ་ཡི་སྒྲ་གདངས་དེ་རྒྱལ་སྤྱིའི་སྒྲ་རྟགས་ལ་འགོད་སྐབས་མདོ་དབུས་ཁམས་གསུམ་གྱི་སྒྲ་ལ་ཁྱད་པར་ཅུང་ཟད་ལྡན་ཏེ། འདིར་དབུས་གཙང་ཡུལ་སྐད་དུ་ལྷ་སའི་སྐད་དང་ཁམས་ཀྱི་ཡུལ་སྐད་དུ་སྡེ་དགེའི་སྐད། ཨ་མདོའི་ཡུལ་སྐད་དུ་བླ་བྲང་སྐད་བཅས་གཞིར་བཟུང་ནས་གཤིབ་བསྡུར་བྱས་ན་གཤམ་གསལ་ལྟར།  
             གོང་གསལ་རེའུ་མིག་ནང་དུ་པ་སྒྲ་ཡི་སྒྲ་གདངས་ནི་མདོ་དབུས་ཁམས་གསུམ་གཅིག་མཐུན་ཡིན་པ་དང་། དེའི་སྒྲ་འབྱིན་སྟངས་ནི་སྒྲའི་སྐྱེ་གནས་མཆུ་ཟུང་སྒྲ་མེད་སྲོག་ཆུང་འགོག་པའི་སྒྲ་འདོན་ཞིང་། མ་སྒྲའི་མཚོན་རྟགས་ཀྱང་གཅིག་གྱུར་གྱི་རྒྱལ་སྤྱིའི་སྒྲ་རྟགས་/pa/ལྟར་འབྲི་བཞིན་ཡོད། འོན་ཀྱང་། བ་སྒྲ་འབྱིན་པའི་སྐབས་སུ་མདོ་དབུས་ཁམས་གསུམ་ལ་རང་ལུགས་རེ་ཆགས་ཏེ་སྒྲ་འབྱིན་ཚུལ་གཅིག་མཐུན་བྱུང་མེད།  གོང་དུ་སྨྲོས་པ་ལྟར་མ་འོངས་པའི་སྤྱི་སྐད་ཀྱི་རྩ་བའི་ཁ་ཕྱོགས་དེ་གང་ཡིན་པ་སྤྱིལོ2006ལོར་གཏན་འཁེལ་རགས་ཙམ་བྱས་ཡོད་ཀྱང་པ་དང་བ་གཉིས་ཀྱི་སྒྲ་འབྱིན་སྟངས་ཐད་ཀྱི་ཁྱད་པར་དང་བརྡ་སྤྲོད་བཀོལ་སྤྱོད་བྱེད་སྟངས་ཐད་ཀྱི་ཁྱད་པར་སོགས་ལ་བལྟས་ན། སྤྱི་སྐད་ཀྱི་བྱ་གཞག་འདི་ཉིན་མ་གཅིག་གཉིས་ནང་མངོན་འགྱུར་ཐུབ་པའི་ལས་ཀ་སྟབས་བདེ་ཞིག་མིན། ཕྲན་གྱིས་ཡུལ་སྐད་གང་ཞིག་སྤྱི་སྐད་ཀྱི་རྨང་གཞིར་བཟུང་ན་ལེགས་པ་ཡོད་ཚུལ་སྐོར་ལ་ཁ་ཚོན་གཅོད་མི་ནུས་ཀྱང་། གལ་ཏེ་དེང་གི་སྤྱི་འགྲོས་ལྟར་དབུས་གཙང་སྐད་དེ་རྨང་གཞིར་བཟུང་ནས་སྤྱི་སྐད་གཏན་ལ་དབབ་དགོས་ཚེ། པ་དང་བ་གཉིས་ཀྱི་སྒྲ་གདངས་ཀྱང་ལྷ་སའི་སྐད་གཙོ་བོར་གྱུར་པའི་དབུས་གཙང་ཡུལ་སྐད་ཀྱི་སྒྲ་གདངས་དེ་རྨང་གཞིར་བཟུང་དགོས་པ་གོར་མ་ཆག  དེ་ནི་ཕྲན་གྱི་ཕ་ཡུལ་དབུས་གཙང་གི་ཕྱོགས་ནས་ཡིན་སྟབས་ཕྱོགས་རིས་ཀྱི་དབང་དུ་དེ་ལྟར་སྨྲས་པ་རྩ་བ་ནས་མིན་ལ།  དེའི་ཐད་རང་ཉིད་ལ་རྒྱུ་མཚན་རེ་ཟུང་འདྲེན་རྒྱུ་ཡོད་དེ།  དེ་ཡང་པ་ཡི་སྒྲ་གདངས་དེ་དབུས་གཙང་ཡུལ་སྐད་ཀྱི་ཁྲོད་དུ/pa/ཞེས་འབྱིན་པ་དང་།   བ་ཡི་སྒྲ་གདངས་ལ་/ba/དང་/wa/གཉིས་ཡོད། དབུས་གཙང་ཡུལ་སྐད་ནང་གི་/ba/དང་/wa/་སྒྲ་གདངས་དེ་རང་སྣང་གང་ཤར་གྱིས་ཁ་ནས་གང་ཐོན་བརྗོད་པ་མིན་པར་སྒྲ་རྩོལ་དྲག་ཞན་ལ་གཞིགས་ཏེ་སྒྲ་གདངས་ཀྱི་ཆོས་ཉིད་ངེས་ཅན་ཞིག་ཆགས་ཡོད་དེ།  ནམ་ཞིག་བ་ཡིག་གི་སྒྲ་གདངས་ལ་/ba/འབྱིན་དགོས་པ་དང་། ཡང་ནམ་ཞིག་སྒྲ་གདངས་ལ་/wa/འབྱིན་དགོས་པའི་ཐད་ལ་ཕྱོགས་བསྡོམས་བྱས་པ་གཤམ་གསལ་ལྟར་རོ།།
 


             དབུས་གཙང་ཡུལ་སྐད་ལས་བ་ཡིག་ཀློག་པའི་སྒྲ་གདངས་ཀྱི་ཆོས་ཉིད་ནི་གོང་ལྟར་བ་ཡིག་མིང་མཐར་འཇུག་པ་དང་། བ་ཡིག་མིང་གཞི་ཡིན་ལ་མདུན་དུ་སྔོན་འཇུག་ད་ལྡན་ཕྱིར་ངེས་པར་དུ་/wa/ཞེས་འབྱིན་པ་དང་།དེ་བྱིངས་ཀྱི་བ་ཡིག་དག་རྣམ་པ་གང་ཞིག་ཡིན་རུང་ཚང་མ་/ba/ཞེས་པའི་སྒྲ་འབྱིན་དགོས་པ་དེ་རེད།  གལ་ཏེ་ཨ་མདོའི་ཡུལ་སྐད་ཀྱི་ཀློག་ཚུལ་ལྟར་དུ་བ་ཡིག་ཡིན་ཚད་ལ་/wa/ཞེས་པའི་སྒྲ་དེ་འབྱིན་ཚེ་ཤིན་ཏུ་མི་ལེགས་པར་འདོད་དོ།། གང་ལགས་ཤེ་ན། བ་ཡིག་ལ་/wa/སྒྲ་འབྱིན་ཚེ་གནོད་བྱེད་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ནི་སྒྲའི་སྐྱེ་གནས་ཡིན་ཏེ། དེ་ཡང་པ་སྡེའི་ཡི་གེ་བཞི་པོ་འདི་དག་ངག་ནས་བརྗོད་སྐབས་སྒྲ་རྩོལ་དྲག་ཞན་དབང་གིས་འགྲིམ་ལྷོད་ཀྱི་ཁྱད་པར་ཅུང་ཙམ་ཡོད་པ་ཕུད། པ་ཕ་བ་མ་བཞི་ཡི་སྒྲའི་སྐྱེ་གནས་ནི་གཅིག་མཚུངས་ཡིན་ཏེ། མཆུ་སྦྱར་ཞིང་བཙུམ་པའོ། །①དེར་བརྟེན་བ་ཡིག་ལ་/wa/ཞེས་པའི་སྒྲ་དེ་འབྱིན་ཚེ་པ་ཕ་མ་གསུམ་གྱི་སྒྲ་འབྱིན་ཚུལ་དང་ཐ་དད་དུ་སོང་སྟེ་ཕོ་རོག་དཀར་པོའི་དཔེ་ཟླར་གྱུར་ཉེན་ཆེའོ །ཡང་འགའ་ཞིག་གིས། དེས་ན་དབུས་གཙང་གི་ཡུལ་སྐད་ནང་དུ་མིང་མཐའི་བ་དང་སྔོན་འཇུག་ད་ལྡན་པའི་བ་ཡིག་ལ་/wa/ཞེས་འབྱིན་པ་དེ་སུམ་རྟགས་ཀྱི་གཞུང་དང་མི་འགལ་ལམ། ཞེས་དོགས་འདྲི་བྱ་སྲིད་ཀྱང།  དེར་སྐྱོན་མེད་དེ།《དག་ཡིག་ཟ་མ་ཏོག་》ལས། ག་ད་བ་ས་ན་མ་པ་ཞེས་དང་།།ང་འ་ར་ལ་འདོགས་ཅན་དང་།།རྐྱང་བའི་རྗེས་སུ་བ་ཕྱེད་ཝར།འབོད་པ་རྣམས་ལ་བ་སྦྱར་ཞིང་།།②ཞེས་གསུངས་པ་ལ་བསམ་བློ་བཏང་ཚེ་ངེས་ཤེས་སྐྱེ་ངེས་སོ། །གཞན་ཡང་།  བ་ཡིག་ལ་/wa/འབྱིན་པ་དེས་སྐབས་རེ་འཚོ་བའི་ཁྲོད་དུ་བཞད་གད་ཀྱང་སློང་བཞིན་མཆིས་ཏེ།  ཐེངས་གཅིག་ཨ་མདོའི་ཁ་སྐད་ལ་འབྲེལ་འདྲིས་མེད་པའི་དབུས་གཙང་གི་སློབ་མ་ཞིག་ངའི་ཁྱིམ་དུ་སླེབས་བྱུང་། ཁོས་ང་ལ་དེ་རིང་ང་འདིར་ཡོང་དོན་ནི་འོད་རིག་པ་གླིང་(光学院) གི་འཆད་ཁྲིད་ཉན་རྒྱུའི་ཆེད་དུ་ཡིན་ཟེར། དེ་ནི་ཁོས་ཀུ་རེ་རྩེད་པ་ཙམ་ཡིན་མོད་དོན་དུ་ཨ་མདོའི་ཁ་སྐད་མི་ཤེས་པ་ཆོར་ཨ་མདོའི་ཁ་སྐད་ལྟར་དུ་བོད་དང་འོད་ཅེས་པའི་མིང་བརྡ་དེ་གཉིས་བཀླག་ཚེ་གོ་དོན་འཁྲུལ་ཉེན་ཡོད་པ་གསལ་བར་རྟོགས་ནུས་སོ།  །  དེར་བརྟེན་སྤྱི་སྐད་གཏན་ལ་དབབ་སྐབས་རྫ་ཆོས་བ་ཡིག་གི་སྒྲ་གདངས་དེ་ཨ་མདོའི་ཡུལ་སྐད་ལྟར་དུ་བ་ཡིག་ཡིན་ཚད་ལ་/wa/ཞེས་པའི་སྒྲ་འབྱིན་པའི་སྲོལ་དེ་དང་ལེན་བྱས་ན་མི་ལེགས་པ་དང་། ཡང་ཁམས་ཀྱི་ཡུལ་སྐད་བཞིན་པ་ཡིག་དང་བ་ཡིག་དབྱེ་བ་དེ་ཙམ་མེད་པའི་སྒྲ་འདོན་སྟངས་ཀྱང་སྤྱོད་མི་ཉན།  འོ་ན་གང་ཞིག་ཅུང་ཚད་ལྡན་དུ་བཟུང་དགོས་ཞེ་ན། གོང་གི་གཤིབ་བསྡུར་དང་དཔེར་བརྗོད་ནས་ཤེས་གསལ་ལྟར་བ་ཡིག་གི་སྒྲ་འདོན་སྟངས་དེ་དབུས་གཙང་ཡུལ་སྐད་ཀྱི་སྒྲ་གདངས་ལ་གཞིགས་ན་སྤྱི་སྐད་ཁ་ཕྱོགས་ཀྱི་དགོས་མཁོ་དང་འཚམས་པས། དེར་བརྟེན། པ་ལ་མདོ་དབུས་ཁམས་གསུམ་གཅིག་གྱུར་གྱིས་སྒྲ་གདངས་/pa/ཞེས་འབྱིན་དགོས་པ་དང་། བ་དེ་དབུས་གཙང་ཡུལ་སྐད་ཀྱི་སྒྲ་གདངས་ལ་གཞིགས་ཏེ་/ba/འབྱིན་ཚེ་གཅིག་ནས་ངག་ནས་བརྗོད་བདེ་བ་དང་གཉིས་ནས་ཕན་ཚུན་གྱི་གོ་དོན་མི་འཁྲུལ་བའི་དགེ་མཚན་ལྡན་ནོ །།
གཉིས་པ། ཡིག་སྐད་ཀྱི་བརྡ་སྤྲོད་གཞུང་ལས་པ་དང་བ་ཡི་ཐོབ་ཐང་སྐོར།
གཅིག  བདག་སྒྲར་ངོས་འཛིན་སྟངས་བཤད་པ།  
             པ་དང་བ་གཉིས་ཀྱི་ཐོབ་ཐང་དེ་གཙོ་བོ་བརྡ་སྤྲོད་གཞུང་གི་བདག་སྒྲའི་ངོས་འཛིན་སྟངས་ལ་ལྟ་དགོས་ཤིང་།  ཐོན་མིའི་སུམ་རྟགས་ཀྱི་རྩ་བའི་བདག་སྒྲའི་གོ་དོན་ཐད་ལ་ད་ལྟའི་བར་མཁས་པ་མང་པོར་བཞེད་ཚུལ་སྣ་ཚོགས་བྱུང་ཡོད་དེ། སི་ཏུ་པཎ་ཆེན་①དང་གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་②“བདག་པོའི་སྒྲ་ནི་པ་དང་པོ་ཁོ་ན་ཡིན་པ་ལས་བ་ཡིག་བདག་སྒྲར་མི་འགྲོ་བ་དང་། ཅན་དང་ལྡན་གཉིས་གང་ཞིག་གང་ལ་ཡོད་པ་སྟོན་པའི་ཆ་ནས་བདག་སྒྲ་དང་འདྲ་མཚུངས་ཡིན་ཀྱང་དེ་དག་བེམ་པོར་ལའང་འཇུག་པས་བདག་སྒྲར་མ་ངེས་”ཞེས་གསུངས་པ་དང་། པྲ་ཏི་རིན་ཆེན་དོན་འགྲུབ་དང་ཞ་ལུ་ལོ་ཆེན། ལྕང་སྐྱ་རོལ་པའི་རྡོ་རྗེ། དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་ཀྱིས་པ་བ་པོ་ཅན་བཞི་པོ་བདག་སྒྲ་ཡིན་གསུངས།   ཡང་ཐོན་མི་སཾ་བྷོ་ཊ་དང་དངུལ་ཆུ་དྷརྨ་བྷ་དྲ།དབྱངས་ཅན་གྲུབ་པའི་རྡོ་རྗེ། རྗེ་ཞྭ་དམར་བ་③སོགས་ཀྱི་འགྲེལ་ལུགས་ནི་“པུ་ལིངྒ་ཞེས་པའི་པུ་ཞེས་པ་པ་སྡེ་དང་ལིངྒ་རྟགས་ཡིན་པས། པ་སྡེ་ནས་བྱུདེ་བའི་པ་དང་བ་མ་དང་དེ་དག་ལ་ན་རོ་ལྡན་པ་པོ་ཕོ་མོ་བཅས་དྲུག་པོ་མིང་གི་ཆ་ཤས་སུ་སྔར་མེད་པ་ལ་གསར་དུ་སྦྱར་ན་བདག་པོའི་སྒྲར་འགྱུར་”ཞེས་བཞེད་དོ །གཞན་ཡང་རྡོ་རྗེ་རྒྱལ་པོས་པ་བ་མ་དང་དེ་དག་ལ་ན་རོ་ལྡན་པ་པོ་བོ་མོ། ཅན་དང་ལྡན་བཅས་བརྒྱད་པོ་བདག་སྒྲར་འཇུག་པར་བཞེད་པ་དང་། ཚ་སྤྲུལ་རིན་པོ་ཆེ་④དང་ཚེ་ཏན་ཞབས་དྲུང་།⑤དཔའ་རིས་སངས་རྒྱས་⑥བཅས་ཀྱི་དགོངས་ཚུལ་ནི་བདག་སྒྲ་དངོས་པ་བ་མ་པོ་བོ་མོ་དྲུག་དང་།   བདག་སྒྲ་ཆ་འདྲ་བ་ནི་ཅན་ལྡན་མཁན་གསུམ་ཡིན་པར་བཞེད་པ་བཅས་སྔོན་བྱོན་མཁས་དབང་རྣམས་ཀྱིས་ཐོན་མིའི་སུམ་རྟགས་ཀྱི་དགོངས་པར་ཉུང་མཐར་ཡང་འགྲེལ་ཚུལ་མི་གཅིག་པ་ལྔ་ཙམ་བྱུང་ཡང་། མཁས་དབང་ཉུང་ཤས་ཤིག་གིས་སུམ་རྟགས་ཀྱི་རྩ་བར་འགྲིག་མིན་གྱི་གཏམ་སྨྲས་ན་མི་འོས་པའི་ཚུལ་ཡང་གསུངས་མཁན་ཡོད་དེ།   དཔེར་ན།  མཁྱེན་རབ་འོད་གསལ་ལགས་ཀྱིས།“འདི་ནི་ཡང་དག་པ་དང་འདི་ནི་ཡང་མི་དག་པའོ་ཞེས་མཁས་པའི་གསུང་ལ་ཅོ་འདྲི་བ་ནི། ཡང་ན་སྨྲ་བ་པོ་རང་ཉིད་ཀྱི་ཆགས་སྡང་ངན་པའི་རང་གཟུགས་མངོན་པ་དང་ཡང་ན་གཡོ་ཅན་འགའ་ཞིག་གིས་རྒྱུད་བསྐུལ་ཏེ་དེ་འདྲ་སྨྲས་པ་སོགས་ཡིན་པས། དེ་ལྟར་སྨྲས་པའི་འབྲས་བུ་ནི་སྨྲ་བ་པོ་རང་ཉིད་བྱ་རོག་དཀར་པོར་སྒྲུབ་པའི་རྒྱུ་ལྟ་བུ་ལས་གཞན་ཅི་ཡང་མ་མཆིས་སོ།།”①ཞེས་ཐོན་མིའི་དགོངས་པ་དང་འགལ་མི་ཉན་པའི་ལུགས་ཀྱང་དྲངས་ཡོད།  
             ཕྲན་གྱི་རྨོངས་བློར་གལ་ཏེ་བརྡ་སྤྲོད་ཀྱི་ཆེད་དུ་བརྡ་སྤྲོད་ལ་ཞིབ་འཇུག་བྱས་ན་སྔོན་གྱི་མཁས་དབང་ཉུང་ཤས་ཤིག་གིས་གསུངས་པ་བཞིན། རང་རེའི་འོས་འགན་ནི་སྔོན་བྱོན་མཁས་དབང་སོ་སོའི་དགོངས་པའི་མཐིལ་ཇི་བཞིན་རྟོགས་པར་འབད་བརྩོན་བྱེད་རྒྱུ་དེ་ཁོ་ན་ཡིན་མོད།  འོན་ཀྱང་ད་ཆ་བོད་ཆོལ་ཁ་གསུམ་ལ་སྤྱི་སྐད་ཀྱི་དགོས་མཁོའི་དབང་གིས་ཡིག་སྐད་ཀྱི་བརྡ་སྤྲོད་ད་འཕེལ་རྒྱས་ཀྱི་བསམ་བློས་སྐུལ་དགོས་པ་ལས། སྔར་བཞིན་མཁས་དབང་དེ་དག་སོ་སོའི་དགོངས་ཚུལ་གྱི་མཐིལ་ཇི་བཞིན་རྟོགས་པ་གཅིག་པུས་འགྲིག་ཐབས་མེད། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས།  གཞུང་ལུགས་ཆེ་ལ་ལོ་མང་སྦྱངས་པ་ཡི།  །གྲོགས་དག་རང་གི་ནོར་བུ་རིན་པོ་ཆེ།  །དོར་ནས་གཞན་གྱི་མཆིང་བུ་མ་ལེན་པར། །རང་ལ་རིན་ཆེན་ཡོད་པ་མཁྱེན་པར་མཛོད། །ཞེས་གསུངས་པ་ལྟར་མཁས་དབང་མང་པོའི་དགོངས་ཚུལ་སྣ་ཚོགས་ཀྱིས་རང་ཉིད་ཀྱི་མགོ་བོ་མི་འཁྲུལ་བར་བྱས་ཏེ་བཞེད་པ་མི་འདྲ་བ་དེ་དག་ལ་རང་ཉིད་ཀྱི་རྣམ་དཔྱོད་ཀྱིས་ལེགས་པར་དཔྱད་དེ་རང་ལུགས་ཤིག་འདོན་དགོས་པར་བསྟན། དེར་བརྟེན་བརྡ་སྤྲོད་ཀྱི་གཞུང་ལས་བདག་སྒྲའི་ངོས་འཛིན་སྟངས་ཐད་མཁས་དབང་ག་གེ་མོ་ཞིག་གི་གསུང་ལ་མཐའ་གཅིག་་ཏུ་ཆ་འཇོག་མི་ཉན་པར།   མཁས་དབང་རྣམས་ཀྱི་དགོངས་ཚུལ་དེ་དག་གཤིབ་བསྡུར་གང་ལེགས་ཀྱིས་སྙིགས་དོར་བཅུད་ལེན་བྱས་ཏེ་སྤྱི་སྐད་ཀྱི་འགྲོས་དང་ཅུང་མཐུན་པའི་བདག་སྒྲ་ཞིག་གཏན་ལ་དབབ་དགོས། དེར་སྔོན་བྱོན་མཁས་དབང་རྣམས་ཀྱི་བཞེད་པར་ཕྱོགས་བསྡོམས་བྱས་ན་བདག་སྒྲ་དངོས་ནི་མིང་གང་རུང་གི་མ་མཐའ་ན། སྔར་ཅི་རིགས་སྦྱར་མེད་པར་དེ་རིགས་གསར་དུ་སྦྱར་ཚེ། དངོས་པོའམ་བྱ་བའམ་ཁྱད་ཆོས་གང་ཞིག་གང་ཟག་གང་ལ་ཡོད་པར་གྱུར་པའི་ཆ་ནས་བདག་པོའི་དོན་ཅན་དུ་སོང་བ་ཞིག་ཡིན་པ་དང་། ང་ཆོས་དེའི་ཐོག་ཏུ་གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མཛད་པའི་ཡི་གེའི་མདོ་ནས་ཁ་བསྐངས་པའི་བདག་སྒྲ་རྗེས་མཐུན་པ་ཅན་ལྡན་མཁན་གསུམ་བདག་སྒྲ་དངོས་ནང་ཁ་གསབ་བྱས་ན་འདི་ལྟ་སྟེ།  
དེང་དུས་ཀྱི་བདག་སྒྲ།=བདག་སྒྲ་དངོས།+བདག་སྒྲ་རྗེས་མཐུན།  
             མདོར་ན།  དེང་དུས་ཀྱི་བདག་སྒྲར་ཅུང་ཆ་ཚང་བའི་མཚན་ཉིད་གཅིག་བཞག་ན་འདི་ལྟ་སྟེ། བདག་སྒྲ་ནི་གང་ཡང་རུང་བའི་མིང་གི་མ་མཐའ་ན་སྔར་པ་བ་མ་པོ་བོ་མོ་དང་།  ཅན་ལྡན་མཁན་བཅས་ཡི་གེ་དགུ་པོ་ཅི་རིགས་སྦྱར་མེད་པར་དེ་རིགས་གསར་དུ་སྦྱར་ཚེ། དངོས་པོའམ་བྱ་བའམ། ཁྱད་ཆོས་གང་ཞིག   གང་ཟག་གང་ལ་ཡོད་པར་གྱུར་པའི་ཆ་ནས་བདག་པོའི་དོན་ཅན་དུ་སོང་བས་ན་བདག་སྒྲ་ཞེས་བརྗོད་ན་ལེགས་པར་སེམས་སོ།  
གཉིས།  པ་དང་བ་གཉིས་ཀྱི་བཀོལ་སྤྱོད་བྱེད་སྟངས་བཤད་པ།  
             དེ་ཡང་པ་དང་བ་ཡི་བཀོལ་སྤྱོད་བྱེད་སྟངས་ཐད་ཀྱང་སྔ་ཕྱི་བར་གསུམ་དུ་མཁས་པ་རྣམས་ཀྱི་བཞེད་པ་མི་གཅིག་པ་དུ་མ་བྱུང་སྟེ།ཐོན་མི་གཉིས་པར་གྲགས་པ་ཀརྨ་སི་ཏུ་རིན་པོ་ཆེས།“པ་ནི་སྤྱི་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ །ཟ་བ་བཟའ་དང་ཟ་པོ་བཞིན། །མ་ནིང་དག་ཏུ་གཞག་པར་བྱ། །”①ཞེས་པ་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི 《སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་》ལས།“ན་རོ་ཡོད་མེད་པ་བ་མ།། བདག་པོའི་སྒྲ་སྟེ་ག་ད་ན།།བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །”②ཞེས་གསུངས་ཤིང་། དེའི་དགོངས་པར་འཐད་མཁན་ཀྱང་ཚ་སྤྲུལ་རིན་པོ་ཆེ་དང་། རྡོ་རྗེ་རྒྱལ་པོ་སོགས་ཡོད་པ་དང་།  ཚེ་ཏན་ཞབས་དྲུང་གིས་གཞུང་དེ་ལ་སྤྱིའི་ཆ་ནས་ཐུགས་མོས་ཀྱང་གཞུང་ནང་གི་བདག་སྒྲ་ཡར་གྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས། ཞེས་པར་ཁོང་གིས།“དེའང་མཁས་པའི་རྣམ་དཔྱོད་ཀྱིས་རྩལ་ལས་ཐོན་པའི་ལེགས་བཤད་དུ་སྣང་ཡང་། ལག་ལེན་གྱི་ཚེ་ན་བརྟེན་ཁུངས་རྩོད་མེད་ཅིག་ཪྙེད་དཀའོ།”③ཅེས་བདག་སྒྲ་ཡ་ཆའི་རྩ་ཚིག་དོན་དངོས་དང་ཟུང་འབྲེལ་བྱེད་དཀའ་བའི་བཞེད་པ་དང་། ཡང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས། “ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བདག་སྒྲའི་པ་དང་བ་གཉིས་གང་རུང་འདྲེན་དགོས་བྱུང་ཚེ། རང་རང་དང་རྟགས་སམ་སྒྲ་མཚུངས་པའི་བ་འདྲེན་པ་ལས་རང་རང་རྟགས་དང་སྒྲ་མི་མཚུངས་པའི་ཕོ་ཡིག་པའི་སྒྲ་མི་འདྲེན་པའི་ཕྱིར”①ཅེས་གསུངས་པ་དང་།ཡང་《དག་ཡིག་ཟ་མ་ཏོག་》ལས།“ག་ད་བ་ས་ན་མ་པ་ཞེས་དང་།།ང་འ་ར་ལ་འདོགས་ཅན་དང་།   །རྐྱང་བའི་རྗེས་སུ་བ་ཕྱེད་ཝར   །འབོད་པ་རྣམས་ལ་བ་སྦྱར་ཞིང་།།”②ཞེས་དང་། 《དག་ཡིག་ངག་སྒྲོན་》ལས་ཀྱང་།“མིང་མཐའི་བ་སྒྲའི་དབྱེ་བ་ནི།།ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ།། གཞན་ལ་པ་ཉིད་སྦྱར་ཏེ་དཔེར། ཟག་པ་མེད་པ་ཕན་པ་མཆོག། ཐོབ་པ་དམ་པ་མཁས་པ་རུ། གྱུར་པ་དང་བ་ལ་དགའ་བ། །མྱུར་བས་མཇལ་བར་སྤྲོ་བ་ལས། །ཞེས་མིང་མཐའི་པ་བའི་ཁྱད་པར་བདག་སྒྲ་ཡིན་མིན་གྱི་དབྱེ་བ་མ་བྱས་པར་རྟགས་མཐའ་འདྲེན་ཚུལ་གྱི་སྒོ་ནས་བཞག་”③ཡོད་པ་དང་།    པ་དང་བ་གཉིས་ཀྱི་བཀོལ་སྤྱོད་བྱེད་སྟངས་ཐད་ལ་དཔའ་རིས་སངས་རྒྱས་ལགས་ཀྱིས།“རྟགས་ཀྱི་འཇུག་པའི་ལུགས་ལྟར་ན།།མིང་མཐའ་པ་པའི་ཐོབ་ཐང་ནི།།ག་ད་བ་ས་ན་མར་པ།།ང་འ་ར་ལ་མཐའ་མེད་བའོ།  །མཐའ་རྟེན་ག་ད་བ་ས་དང་།།ན་མ་དྲུག་པོའི་སྦྱོར་སྲོལ་ནི།  །མདོ་དབུས་ཁྱད་མེད་གཅིག་པ་ཡིན།    །རྗེས་འཇུག་ང་འ་ར་ལ་དང་།  །མཐའ་མེད་རྣམས་ལ་ཁྱད་པར་ཡོད།  །ཨམ་སྐད་ཀུནར་ཏུ་བ་སྦྱར་ཅིང་། །དབུས་སྐད་བྱ་བའི་མིང་ལ་ནི། །ཆ་ཡ་ཁྱད་མེད་བ་སྦྱར་ཏེ།།སོང་བ་མྱུར་བ་སྐྱོན་འདོར་བ། །དོན་གོ་བ་དང་དགའ་བ་བཞིན།  །དངོས་པོར་ང་ལ་མཐའ་མེད་གསུམ། །ཆ་ཡ་ཁྱད་མེད་བ་སྦྱར་ཏེ། །བླ་བྲང་པ་དང་མཆིལ་པ་དང་། །བྱེའུ་མཆིལ་པ་དང་རྔ་པ་བཞིན། །འ་ར་གཉིས་པོར་ཆ་ལ་པ། །ཡ་ལ་བ་སྦྱར་དཔེར་བརྗོད་ན། །རེད་མདའ་བ་དང་མདའ་པ་དང་།།རྒྱ་གར་བ་དང་གར་པ་བཞིན།།ཁམས་སྐད་དབུས་སྐད་རྗེས་མཐུན་ཏེ།།པ་པོ་བ་བོ་ཇི་བཞིན་སྦྱོར།།མིང་མཐའ་སྦྱར་བ་ཡུལ་དང་བསྟུན།།མདོ་དབུས་སྐད་ཀྱི་ཁྱད་ཆོས་ཐོན།།ཡ་མ་ཟུང་དུ་སྦྱར་བ་ནི།།ཐོབ་ཐང་གང་ལའང་མི་འབྱོར་རོ།།”④ཞེས་བོད་ཆོལ་ཁ་གསུམ་ཡོངས་ཀྱི་པ་དང་བའི་བཀོལ་སྤྱོད་བྱེད་སྟངས་ཐད་སོ་སོའི་ཁྱད་ཆོས་གང་ཡོད་པ་དྲངས་གནང་བ་བཅས། པ་དང་བའི་བཀོལ་སྤྱོད་བྱེད་སྟངས་ལ་མཁས་དབང་རྣམས་ཀྱི་བཞེད་པ་མི་གཅིག་པ་ད་བར་དྲུག་ཙམ་བྱུང་ཡོད་དོ། །
             ཁོ་མོའི་འདོད་ཚུལ་ལ་གོང་གསལ་གྱི་མཁས་དབང་དུ་མའི་ཁྲོད་ནས་པ་དང་བའི་སྤྱོད་སྟངས་ཐད་དོན་དངོས་དང་ཟུང་འབྲེལ་གཏིང་ཟབ་དང་། ཞིབ་འཇུག་གི་དགོངས་པ་རྒྱ་ཆེར་མཛད་གནང་མཁན་ནི་མཁས་དབང་དཔའ་རིས་སངས་རྒྱས་ལགས་ཡིན་པར་ངེས་སྙམ། ཁོང་གི་མིང་མཐའ་པ་དང་བའི་བཀོལ་སྤྱོད་བྱེད་སྟངས་ཀྱི་དགོངས་ཚུལ་ཞིབ་པར་བཀྲལ་ན་འདི་ལྟ་སྟེ།  
1 སུམ་རྟགས་ཀྱི་རྩ་བ་ལས།   
             ག་ད་བ་ས་ན་མ། པ།
             ང་འ་ར་ལ་མཐའ་མེད། བ།  
2 མདོ་དབུས་ཁམས་གསུམ་གཅིག་མཐུན་བྱུང་བའི་སྦྱོར་ཚུལ།   
             ག་ད་བ་ས་ན་མ། པ།  
             དཔེར་བརྗོད་བཞག་ན། དག་པ། དད་པ། བབ་པ། བལྟས་པ། བྱམས་པ། གསུམ་པ། གཉིས་པ། དགོངས་པ།  སེམས་པ། ཆོས་པ། བོད་པ། དགོན་པ། གསབ་པ། བརྒྱུད་པ། སྨད་པ། སྨན་པ། བསྐུས་པ། ཆོས་དད་པ། ལོག་པ། བསྟོད་པ།  གཟུ་ལུམ་པ། ལྟ་བུའོ།  
3 ཆོལ་གསུམ་གཅིག་མཐུན་མེད་པའི་སྦྱོར་ཚུལ་སྐོར།   
1 ཨམ་སྐད་ལས།  
             ང་འ་ར་ལ་མཐའ་མེད། བ།  
དཔེར་བརྗོད། སྦྱོང་བ། བྱང་བ། དགའ་བ། གསར་བ། བྲལ་བ། འགྱུར་བ། དང་བོ། གསལ་བོ། དགའ་བོ།  སྨྲེང་བུ།  འཆལ་བོ། ཁ་བྲལ་བ། ལྟ་བུའོ།།
 2 དབུས་སྐད་ལས།   
             (1)བྱ་བའི་མིང་གི་སྐབས་སུ  ང་འ་ར་ལ།  བ། (ཆ་ལ་ཁྱད་མེད།)  
             དཔེར་བརྗོད། སྦྱོང་བ།  དགའ་བ།  སྐྱོན་འདོར་བ།  གསལ་བ།  བཅའ་བ།  བརྡར་བ།འཕེལ་བ། བྲལ་བ། འགྱུར་བ། སློང་བ། འབར་བ། དངུལ་བསྐྱལ་བ། བསྐང་བ། རྒྱལ་བ། ཁ་བྲལ་བ། ལྟ་བུའོ།    
             (2)དངོས་པོའི་མིང་གི་སྐབས་སུ་ང་ལ་མཐའ་མེད། པ། (ཆ་ལ་ཁྱད་མེད།)  
             དཔེར་བརྗོད། བྱང་པ། ལྟོཔ། གླིང་པ། བྱེད་པ་པོ།  རྩོམ་པ་པོ།  ས་སྐྱ་པ། ཀརྨ་པ།འབྲི་གུང་པ། ལག་རྩལ་པ། སྨྲ་བ་པོ། སུམ་ཅུ་པ། གཙང་པ། བཅོ་ལྔ་པ། ཙོང་ཁ་པ། སྣ་དཀར་རྩེ་པ། མགོ་པ། ནང་པ། ཕྱི་པ། ལྟ་བུའོ།།  
             ཡང་འ་ར་གཉིས་པོར་ པའམ་བ། དེའང་གཙོ་བོ་བདག་སྒྲ་ཡར་འགྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས་ཞེས་པ་བཞིན་འཇུག་དགོས། དཔེར་བརྗོད། མདའ་པ། གར་པ། གསར་པ།   མར་པ། རེད་མདའ་བ།   རྒྱ་གར་བ། ཟུར་པ། གཉེར་པ། སློབ་གཉེར་བ། གནས་བསྐོར་བ། ཡུལ་སྐོར་བ། ལྟ་བུའོ།།       
             (3)གང་མིང་མཐའ་ན་པ་དང་བ་སྦྱོར་ཚུལ་མི་གཅིག་པའི་དབང་གིས་དངོས་པའི་མིང་དང་   བྱ་པའི་མིང་སོགས་མིང་གི་རྣམ་པར་འགྱུར་ལྡོག་ཕྱིན་ཏེ་དོན་སྟོན་ཚུལ་མི་གཅིག་པ་ཡང་མང་པོ་ཡོད་དེ། དཔེར་ན།
             (4) ཁམས་ཁུལ་གྱི་མིང་མཐའི་སྦྱོར་ཚུལ་དབུས་གཙང་ཁུལ་དང་ཧ་ལམ་ཆ་འདྲའོ །       (5) མཇུག་སྡོམ།
             ང་འ་ར་ལ་མཐའ་མེད་ད་དྲག  བ།  (མིང་གི་ངོ་བོའི་ཁྱད་པར་རྩ་བ་ནས་མེད། )  
             མདོར་ན། དབུས་གཙང་ཁམས་གཉིས་ཀྱི་ཡུལ་སྐད་དང་ཨ་མདོའི་ཡུལ་སྐད་དབར་གྱི་མི་མཐུན་ས་གཙོ་བོ་ནི་ང་འ་ར་ལ་མཐའ་མེད་ད་དྲག་བཅས་དྲུག་པོའི་སྦྱོར་ཚུལ་ཡིན་པ་དང་། དབུས་གཙང་དང་ཁམས་གཉིས་ཀྱི་ཡུལ་སྐད་ནང་རྗེས་འཇུག་ང་འ་ར་ལ་དང་མཐའ་མེད་ད་དྲག་བཅས་དྲུག་པོ་ཞུགས་པའི་ཡི་གེ་འདི་བྱ་བའི་མིང་དང་དངོས་པོའི་མིང་གང་ཡིན་མིན་ལ་བལྟོས་ཏེ་པ་དང་བ་སྦྱོར་སྲོལ་མི་འདྲ་བ་ཡོད་ཀྱང་།ཨ་མདོའི་ཡུལ་སྐད་ནང་དུ་དེ་ལྟའི་ཁྱད་ཆོས་མེད་པར་རྗེས་འཇུག་ང་འ་ར་ལ་དང་མཐའ་མེད་ད་དྲག་བཅས་དྲུག་པོ་ཞུགས་པའི་ཡི་གེ་ཞིག་ཡིན་ཚེ།  མིང་མཐའ་བ་འདྲེན་རྐྱང་བྱེད་པ་དེ་ཡིན།  དེའི་ནང་དབུས་གཙང་སྐད་ཀྱི་ཁྲོད་དུ་ང་འ་ར་ལ་མཐའ་མེད་ད་དྲག་གི་འཇུག་ཚུལ་སྐོར་དེར། བྱ་བའི་མིང་གི་རྗེས་ལ་བ་ཐོབ་པ་དང་། དངོས་པོའི་མིང་གི་རྗེས་སུ་པ་ཐོབ་ཞེས་པ་དེ་གཞི་རྩའི་ཆ་ནས་དེ་ལྟར་ཡིན་མོད།  འོན་ཀྱང་མིང་དང་ཐ་སྙད་ཡོད་ཚད་མཐའ་གཅིག་ཏུ་དེ་ལྟར་འཇུག་དགོས་པའི་ངེས་པའང་མེད་དོ། །              
གསུམ་པ།  མཐའ་དཔྱད་པ།
             གོང་དུ་མཁས་དབང་འགའ་ཞིག་གི་དགོངས་ཚུལ་རྣམས་གཤིབ་བསྡུར་རགས་ཙམ་བྱས་པ་བརྒྱུད། པ་དང་བ་གཉིས་པོའི་སྒྲ་གདངས་འབྱིན་ཚུལ་དང་བརྡ་སྤྲོད་ཁྲོད་ཀྱི་བཀོལ་སྤྱོད་བྱེད་སྟངས་དེ་དབུས་གཙང་ཡུལ་སྐད་ཀྱི་སྲོལ་བཞིན་ལག་ལེན་བསྟར་ན་ཅུང་ལེགས་སྙམ་སྟེ། རྒྱུ་མཚན་ནི།
གཅིག  ལོ་རྒྱུས་ཐོག་ནས་བལྟས་ན།  
             སྔོན་བྱོན་དབུས་གཙང་མཁས་དབང་རྣམས་ཀྱིས་བརྩམས་གནང་བའི་བརྩམས་ཆོས་དཔེར་ན།《མི་ལ་རས་པའི་རྣམ་མགུར》དང་། 《ས་སྐྱ་ལེགས་བཤད།》 《རྒྱན་གྱི་བསྟན་བཅོས་དབྱངས་ཅན་རོལ་མཚོ།》《མཁས་པའི་དགའ་སྟོན།》《དེབ་སྔོན།》 《ངཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》《གཞོན་ནུ་དྲུག་གི་རྟོགས་བརྗོད།》 《རྡོ་རིང་པཎྜི་ཏའི་རྣམ་ཐར།》 《བྱ་སྤྲེལ་གཏམ་རྒྱུད།》 《ལྷ་ས་དྲན་གླུ》སོགས་བགྲང་ལས་འདས་པའི་བརྩམས་ཆོས་ཀྱི་ནང་དུ་པ་དང་བ་གཉིས་པོའི་བརྡ་སྤྲོད་བཀོལ་སྤྱོད་བྱེད་སྟངས་དེ་དབུས་གཙང་ཡུལ་སྐད་ཀྱི་སྲོལ་ལྟར་དུ་བྲིས་ཡོད་ལ།  སྔོན་བྱོན་གྱི་མདོ་སྨད་མཁས་དབང་སྐད་གྲགས་ཅན་མང་ཆེ་བས་ཀྱང་པ་དང་བ་གཉིས་པོའི་བརྡ་སྤྲོད་བཀོལ་སྤྱོད་བྱེད་སྟངས་དེ་དབུས་གཙང་ཡུལ་སྐད་ཀྱི་སྲོལ་ལྟར་བྲིས་ཡོད་འདུག དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་《དེབ་ཐེར་དཀར་པ།》ལས།“ཆུ་ཀླུང་ཆེན་པོ་ལ་གཙང་པོར་འབོད་པ་ལས་དེའི་རྒྱུད་ན་ཆགས་པའི་ཡུལ་སྡེ་རྣམས་ལ་གཙང་པ་ཞེས་ཐ་སྙད་ཐོགས་ཤིང་། ཞེས་དང་། ཡང་ཟིང་པོ་རྗེ་ནི་བྱ་བ་ཅི་ལ་ཡང་ཕྱིན་ཅི་ལོག་པ་ཤ་སྟག་བྱེད། ཅེས་དང་། ཡང་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ཡིན་ཞིང་། རྒྱལ་པོ་འདི་ནི་ཞེས་དང་། ཡང་ཁྲག་དང་གཏོར་མ་རྣམས་རིམ་གྱིས་འབུལ་བར་འདུག་པས། ཕལ་ཆེར་དེ་འདྲ་ཞིག་མིན་ནམ་སྙམ། བལ་པོ་ཡུ་སྣ་ཀུག་ཏི་བཀུམ། ཞེས་དང་། དམག་རྐྱང་པ་གང་མགྱོགས་སུ་སོང་སྟེ། བོད་ཀྱི་སྟེང་དུ་གློ་བུར་དུ་འཛིང་ན་རྒྱལ་ཁ་ལོན་པར་ངེས་ཟེར།”① ཞེས་པ་སོགས་མདོ་སྨད་ཀྱི་མཁས་པ་ཡིན་ཀྱང་བརྩམས་ཆོས་ནང་གི་པ་དང་བའི་བརྡ་སྤྲོད་སྤྱོད་སྟངས་དེ་དབུས་གཙང་གི་སྲོལ་བཞིན་བྲིས་ཡོད་པས། མཁས་པ་དེ་དག་བརྡ་སྤྲོད་ཀྱི་ལུགས་ལ་བློ་མིག་ལྡོང་བ་ག་ལ་ཡིན་ཏེ། ཁོང་རྣམ་པས་ཀྱང་དེ་ལྟར་བྲིས་པ་ལ་གནས་ལུགས་ཤིག་ཡོད་པ་སྨྲོས་མེད་ལགས། གལ་སྲིད་དེར་ད་དུང་ཡིད་མ་ཆེས་ན་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་། ཐུའུ་བཀྭན་རིན་པོ་ཆེ། རྗེ་གུང་ཐང་རིན་པོ་ཆེ། དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཀྱི་གསུང་འབུམ་ལ་གཟིགས་དང་། འཁྲུལ་རྟོགས་སྐད་ཅིག་ཉིད་དུ་སེལ་ནུས་སོ །  
གཉིས།  དེང་གི་གནས་བབ་ཐོག་ནས་བལྟས་ན།  
             ཉེ་བའི་ལོ་ཤས་རིང་བོད་ཆོལ་ཁ་གསུམ་དུ་པ་དང་བའི་བཀོལ་སྤྱོད་བྱེད་སྟངས་ཐད་ཧ་ཅང་ཪྙོག་འཛིང་ཅན་དུ་གྱུར་ཅིང་། ད་ལྟའི་རྩོམ་པ་པོ་འགའ་ཞིག་གིས་བརྩམས་ཆོས་ནང་གི་པ་དང་བ་བཀོལ་སྤྱོད་བྱེད་སྟངས་དེ་རང་འདོད་བཞིན་བཀོད་པ་དང་།  ཡང་བརྩམས་ཆོས་མང་ཆེ་བ་ཞིག་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཆོས་རང་མོས་ཀྱིས་བཟོ་བཅོས་བྱས་སྟབས་རྩོམ་པ་པོ་དེ་ཚོའི་དང་ཐོག་གི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་འདི་མེད་པར་བཟོས་ཡོད། དཔེར་ན། ལྷ་ས་སློབ་འབྲིང་གི་རྒན་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དེ་སྔོན་《སྦྲང་ཆར་》སྟེང་དུ་《ལས་དབང་》ཞེས་པའི་བརྩམས་སྒྲུང་ཞིག་བཀོད་ཡོད་ཅིང་།  ཕྱིས་སུ་ཁོང་གི་བརྩམ་ཆོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་《རི་རྩེའི་སྤྲིན་དཀར་》ཞེས་པའི་དཔེ་དེབ་ཅིག་གྲུབ། རྒན་ཚེ་རིང་དབྱངས་སྐྱིད་ལགས་ཀྱི་བརྩམས་སྒྲུང་གི་ཚིག་སྦྱོར་ལ་དབུས་གཙང་ཁ་སྐད་ཀྱི་ཤན་ཤུགས་ཆེ་བ་མ་ཟད། པ་དང་བ་ཡི་ཐོབ་ཐང་ཐད་དབུས་གཙང་ཡུལ་སྐད་ཀྱི་འགྲོ་སྟངས་ལྟར་དུ་བྲིས་ཡོད། འོན་ཀྱང་། 《སྦྲང་ཆར་》སྟེང་གི་རྩོམ་ཡིག་དེའི་ཚིག་སྦྱོར་ལ་བལྟས་ཚེ།  དེ་ནི་ཚེ་རིང་དབྱངས་སྐྱིད་ལགས་ཀྱི་བརྩམས་སྒྲུང་ཡིན་པར་ཐེ་ཚོམ་སྐྱེ་སྲིད།  གང་ལགས་ཤེ་ན། རྩོམ་སྒྲིག་པས་ཁོང་ཆོའི་ལག་ཟུང་རིང་པོ་དེ་གཞན་གྱི་རྩོམ་ཡིག་སྟེང་དུ་བསྲིངས་ནས་དགོས་མེད་ཀྱི་བཟོ་བཅོས་མང་པོ་བྱས་པའི་རྐྱེན་གྱིས་སོ།། དེ་ཡང་དཔེ་སྐྲུན་ཁང་ལ་མཚོན་ན་མི་རིགས་དཔེ་སྐྲུན་ཁང་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་བཅས་ལ་པ་དང་བའི་བརྡ་སྤྲོད་སྤྱོད་སྟངས་དེ་དབུས་གཙང་གི་ཡུལ་སྐད་ཀྱི་སྲོལ་བཞིན་བྲིས་དང་འབྲི་མུས་ལགས་པས་དེས་སྤྱི་སྐད་ཀྱི་ཁ་ཕྱོགས་དང་དགོས་མཁོ་ལ་མཐུན་ཐབས་བྱས་འདུག་གོ།    
གསུམ། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཐོག་ནས་བལྟས་ན།  
             བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ལས་བདག་སྒྲར་གཞིགས་ན། ཐོག་མར་ཐོན་མིའི་རྩ་བར།“གང་མིང་གི་ནི་མ་མཐའ་ན། པུ་ལིངྒ་ཡི་སྒྲ་མེད་པ། ། དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །”①ཞེས་གསུངས་ཡོད་ཅིང་། ཕྱིས་སུ་སི་ཏུ་པཎ་ཆེན་གྱིས་《སུམ་རྟགས་འགྲེལ་པ་མུ་ཏིག་ཕྲེང་མཛེས་》བརྩམས་ཏེ་བ་དང་ཅན་ལྡན་གསུམ་བདག་སྒྲར་མ་ངེས་པའི་བཞེད་པ་བསྟན། ② དེ་ནས་དངུལ་ཆུ་དྷརྨ་བྷ་དྲས་《སི་ཏུའི་ཞལ་ལུང་》ཞེས་པའི་སུམ་རྟགས་འགྲེལ་པ་བརྩམས་ནས། པ་བ་མ་པོ་བོ་མོ་བཅས་དྲུག་པོ་བདག་སྒྲར་ངེས་③པའི་བཞེད་པ་གསུངས་པ་དང་།  རྗེས་སུ་དངུལ་ཆུ་དྷརྨ་བྷ་དྲའི་ཐུགས་སྲས་དབྱངས་ཅན་གྲུབ་པའི་རྡོ་རྗེས་ཀྱང་པ་བ་མ་པོ་བོ་མོ་བཅས་དྲུག་པོ་བདག་སྒྲར་བཞེད་དེ་《སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་》 མཛད་ནས་འདི་ལྟར་ཏེ།“བདག་པོའི་སྒྲ་སྟེ་ག་ད་ན།།བ་མ་ས་དང་དྲག་མཐར་པ།།ང་འ་ར་ལ་མཐའ་མེད་ལ།།བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར།།”④ ཞེས་གསུངས་པ་སོགས་སྔོན་བྱོན་མཁས་དབང་རྣམས་ཀྱིས་བདག་སྒྲར་བཞེད་པ་མི་གཅིག་པ་དེའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་དེའང་འཇིག་རྟེན་ཆོས་ཐམས་ཅད་བཞིན། འགྱུར་བ་གོང་འཕེལ་རྒྱས་ཀྱི་རང་བཞིན་དང་ལྡན་ཡོད་པ་རྟོགས་ཐུབ། དེས་ན། ང་ཚོས་བརྡསྤྲོདེ་ལ་ཞིབ་འཇུག་བྱེད་སྐབས་སུམ་རྟགས་ཀྱི་རྩ་བ་རྨང་གཞིར་བཟུང་དགོས་ཀྱང་། རྟག་ལྟ་མཁྲེགས་འཛིན་དང་ཀླད་ཪྙིང་མཁྲེགས་བཟུང་དང་དེ་གཅིག་པུ་གཞིར་མི་བཟུང་བར།  འཕེལ་རྒྱས་ཀྱི་ལྟ་བའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བྱ་དགོས་པ་ཤིན་ཏུ་འགངས་ཆེན་དུ་མཐོང་ངོ།།   
བཞི།  བོད་སྐད་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཐོག་ནས་བལྟས་ན།
             རང་རེའི་བོད་སྐད་ཀྱི་བཀོལ་སྤྱོད་ཁྱབ་ཁོངས་ལ་གཞིགས་ན་ཅོ་ནེ་སངས་རྒྱས་བསད་ནམས་ཀྱིས།  “1982ལོར་རྒྱལ་ནང་དུ་བོད་མི་ཁྲི་387ལྷག་ཡོད་ལ་དེའི་ཁྲོད་ཀྱི་བརྒྱ་ཆའི་94ཡིས་བོད་སྐད་བཤད་པ་རེད།  དེར་དབུས་གཙང་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་106ལྷག་དང་།  ཁམས་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་150དང་ཨ་མདོའི་འབྲོག་སྐད་བཤད་མཁན་མི་ཁྲི་80ལྷག་ཡོད་ཅིང་།དབུས་གཙང་སྐད་བཤད་མཁན་གྱིས་མི་གྲངས་ཡོངས་ཀྱི་བརྒྱ་ཆའི་315དང་ཁམས་སྐད་བཤད་མཁན་གྱིས་བརྒྱ་ཆའི་44.6ཨམ་སྐད་བཤད་མཁན་གྱིས་བརྒྱ་ཆའི་13.8ཟིན་པ་རེད།དེ་ཡང་2000ལོར་སྡོམ་རྩིས་བྱས་པ་ལྟར་ན། བོད་མི་རྒྱལ་ནང་དུ་5416021ཡོད་པ་རེད། ཅེས་བཀོད་པར་རིག་འདེད་བྱས་ན།  ཉིས་སྟོང་ལོར་དབུས་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་160ལྷག་དང་ཁམས་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་227ལྷག ཨམ་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་121ལྷག་ཡོད་པ་རེད།” ①ཅེས་གསུངས་པ་ལྟར་དང་།དེ་ལས་གཞན་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བོད་མིའི་འདི་ཤེས། སྲིད་འབྱོར་རིག་གསུམ་སོགས་ཕྱོགས་མང་པོ་ནས་བརྟག་དཔྱད་བྱས་ནའང་།  དབུས་གཙང་ལྷ་སའི་སྐད་ཀྱི་སྒྲ་གདངས་དེ་བོད་ཀྱི་སྤྱི་སྐད་ཀྱི་རྨང་གཞིར་འཛིན་འོས་པའི་ཆ་རྐྱེནམང་པོ་འཛོམས་ཡོད་པས་པ་དང་བ་གཉིས་པོའི་སྒྲ་འབྱིན་ཚུལ་དང་བརྡ་སྤྲོད་ཁྲོད་ཀྱི་བཀོལ་སྤྱོད་
བྱེད་སྟངས་དེ་དབུས་གཙང་གི་སྲོལ་ལ་ཁ་ཕྱོགས་ན་ལེགས་སྙམ་མོ།།             

མཇུག་བསྡུ་བའི་གཏམ།
             ཆེད་རྩོམ་འདིར་ཕྲན་གྱིས་པ་དང་བ་ཡི་སྒྲ་འབྱིན་ཚུལ་དང་བཀོལ་སྤྱོད་བྱེད་སྟངས་ཐད་ལ་དཔྱད་པ་ཅུང་ཟད་བཏང་ཡོད། དེར་བོད་ཆོལ་ཁ་གསུམ་གྱི་ཡུལ་སྐད་དུ་པ་དང་བ་ཡི་སྒྲ་འབྱིན་ཚུལ་ལ་གཤིབ་བསྡུར་གྱིས་དེ་གསུམ་གྱི་ཁྱད་པར་གསལ་རྗེན་དུ་བཏོན་ཏེ། བ་ཡིག་གི་སྒྲ་འདོན་སྟངས་དེ་ལྷ་སའི་སྒྲ་གདངས་ལ་གཞིགས་ན་སྤྱི་སྐད་ཀྱི་དགོས་མཁོ་དང་ཅུང་འཚམས་པ་དང་།   པ་དང་བ་ཡི་བཀོལ་སྤྱོད་བྱེད་སྟངས་ཐད་སྔོན་བྱོན་མཁས་དབང་རྣམས་ཀྱི་བཞེད་པ་སྣ་ཚོགས་ལ་གཤིབ་བསྡུར་བྱས་ནས་དབུས་གཙང་གི་བརྡ་སྤྲོད་ཀྱི་སྲོལ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་།  སྤྱི་སྐད་ཀྱི་ཁ་ཕྱོགས་དང་ཐག་ཉེ་ཤོས་ཡིན་པའི་རང་ཉིད་ཀྱི་ལྟ་ཚུལ་རགས་ཙམ་བརྗོད་ཁུལ་བྱས་ཡོད་ཀྱང་།  གཅིག་ནས་རང་ཉིད་ལ་བརྡ་སྤྲོད་རིག་པའི་སྐོར་གྱི་གཞུང་ལུགས་ཀྱི་རྨང་གཞི་ཞན་པ་དང་། གཉིས་ནས་མཐོང་རྒྱ་དང་ཐོས་རྒྱ་དབེན་པའི་རྐྱེན་གྱིས་རྩོམ་ཡིག་ནང་ནོངས་འགལ་གྱི་ཆ་མཆིས་སྲིད་ ངེས་ལ། ཁྱད་པར་དུ་རང་ཉིད་ཀྱིས་སྟོན་པའི་ལྟ་ཚུལ་དེ་མཐའ་གཅིག་ཏུ་དོན་གྱི་དངོས་པོའི་གནས་ལུགས་དང་མཐུན་པའི་ངེས་པའང་མེད། ཇི་སྐད་དུ།  དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླངས་པར་བྱ་ཡི་གུས་ཕྱིར་མིན།  །ཞེས་གསུངས་པ་ལྟར། བློ་གཟུ་བོར་གནས་པ་རྣམས་ཀྱིས་མུ་མཐུད་བརྟག་དཔྱད་ཞིབ་འཇུག་དང་ཁོ་མོར་ལམ་སྟོན་བཀའ་སློབ་ལྷུག་སྩོལ་ཡོང་བའི་རེ་འདུན་ཞུའོ།།  
             སླར་སྨྲས་པ།    གཞུང་ལུགས་སྨྲ་བའི་བློ་གྲོས་མི་ལྡན་ཡང་། །          
             རིགས་ཞེན་ཟབ་མོའི་བློ་ཡིས་རབ་བསྐུལ་ནས། །           
             མིང་མཐའ་པ་བའི་ཐོབ་ཐང་བརྗོད་པ་འདིས། །          
             སྤྱི་སྐད་མངོན་གྱུར་ཡོང་བར་ཕན་རེ་སྙམ། །
རྩོམ་པ་པོ་ངོ་སྤྲོད།   
             རིག་ལྡན་སྒྲོལ་མ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2008ལོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན། 
             ①བོད་ཡིག་བརྡ་ཆད་ཚད་ལྡན་དུ་སྒྱུར་བའི་ལས་དོན་ཨུ་ལྷན་གྱི་བསྒྲིགས། 《བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།》མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1999ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་227ན་གསལ།
             ②ར་སེ་དཀོན་མཆོག་རྒྱ་མཚོ། བོད་སྐད་ཀྱི་སྤུས་ཚད་དང་བོད་དང་སྐད་ཡིག་གཅིག་གྱུར་གྱི་གནད་འགག   《བླ་སྲོག》 སྤྱི་ལོ་2008ལོའི་སྤྱིའི་འདོན་ཐེངས་ལྔ་པ། ཤོག་ངོས97ན་གསལ།
             ③སྐད་ཀྱི་ཁ་ཕྱོགས་འདི་ནི། ལྷ་སའི་སྐད་ཀྱི་སྒྲ་གདངས་རྨང་གཞིར་བཟུང་བའི་ཐོག་དབུས་གཙང་ཡུལ་སྐད་དེ་རྨང་གཞིའི་ཡུལ་སྐད་་བྱས་ཏེ།  ཡུལ་སྐད་གཞན་གྱི་ལེགས་ཆ་བསྡུ་ལེན་བྱས་ནས་དེང་རབས་ཀྱི་མཁས་དབང་རྣམ་པའི་གསུང་རྩོམ་དག་མིག་དཔེར་བཟུང་སྟེ་གཏན་ལ་འབེབས་པའི་གཅིག་གྱུར་ཚད་ལྡན་གྱི་སྐད་ཅིག་ཡིན་དགོས་པ་ངོས་འཛིན་གནང་གི་ཡོད།
             ①ཅོ་ནེ་སངས་རྒྱས་བསོད་ནམས། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གཤིབ་བསྡུར་ལས་བོད་ཀྱི་སྤྱི་སྐད་གཏན་འབེབས་སྐོར་ལ་དཔྱད་པ།  《བླ་སྲོག》 སྤྱི་ལོ་2008ལོའི་སྤྱིའི་འདོན་ཐེངས་ལྔ་པ། ཤོག་ངོས་32ན་གསལ།
             ①གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《གསེར་ཏོག་སུམ་རྟགས།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1995ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་292ན་གསལ།
             ②དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2005ལོར་ཟི་ལིང་དུ་པར་དུ་བསྐྲུན། ཤོག་ངོས་96ན་གསལ།
             ①སི་ཏུ་རིན་པོ་ཆེ། 《སུ་ཏུའི་སུམ་རྟགས་འགྲེལ་ཆེན།》 སྡེ་དགེ་དཔལ་སྤུངས་དགོན་གྱི་མ་ཡིག་ལ་བརྟེན་ནས་བཏབ། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1957ལོར་ པར་དུ་བསྐྲུན། ཤོག་ངོས་96ན་གསལ།
             ② གསེར་ཏོག་སྐུ་འཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚེ་ 《གསེར་ཏོག་སུམ་རྟགས།》 ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1957ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་82ན་གསལ། 
             ③དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2005ལོར་ལིང་དུ་པར་དུ་བསྐྲུན། ཤོག་ངོས་92ན་གསལ།
             ④ ཚ་སྤྲུལ་ངག་དབང་བློ་བཟང་། 《སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་སློབ་དེབ།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ1959ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་83ནས་90བར་ན་གསལ། 
             ⑤ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2006ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་l92ན་གསལ།
             ⑥དཔའ་རིས་སངས་རྒྱས། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1998ལོར་ཟི་ལིང་དུ་པར་དུ་བསྐྲུན། ཤོག་ངོས་113ན་གསལ།
             ①མཁྱེན་རབ་འོད་གསལ། 《མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2003ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་13lན་གསལ།
             ①སི་ཏུ་རིན་པོ་ཆེ། 《སི་ཏུའི་སུམ་རྟགས་འགྲེལ་ཆེན།》སྡེ་དགེ་དཔལ་སྤུངས་དགོན་གྱི་མ་ཡིག་ལ་བརྟེན་ནས་བཏབ་བོ།  ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1957ལོར་པར་དུ་བསྐྲུན། ཤོག་ངོས་97ན་གསལ།
             ②ཚ་སྤྲུལ་ངག་དབང་བློ་བཟང་། 《སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་སློབ་དེབ།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1959ལོར་པེ་ཅིན་དུ་དཔར་དུ་བསྐྲུན། ཤོག་ངོས་84ན་གསལ། 
             ③ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2006ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་l99ན་གསལ།
             ①དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2005ལོར་ཟི་ལིང་དུ་པར་དུ་བསྐྲུན། ཤོག་ངོས་95ན་གསལ།
             ②གོང་མཚུངས་། ཤོག་ངོས་96ན་གསལ།
             ③གོང་མཚུངས་།  ཤོག་ངོས་97ན་གསལ། 
             ④དཔའ་རིས་སངས་རྒྱས།  《བརྡ་སྤྲོད་གསལ་བྱེད་ངག་སྒྲོན།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1998ལོར་ཟི་ལིང་དུ་པར་དུ་བསྐྲུན། ཤོག་ངོས་115ནས་l16བར་ན་གསལ།
             ①དགེ་འདུན་ཆོས་འཕེལ། 《དེབ་ཐེར་དཀར་པོ།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2002ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་8དང་ཤོག་ངོས་52། ཤོག་ངོས་65། ཤོག་ངོས་68། ཤོག་ངོས་l10བཅས་སུ་གསལ།
             ①ཐོན་མི་སཾ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས་ཀྱིས་བརྩམས། བསོད་ནམས་རྒྱ་མཆོས་བསྒྲིགས། 《སུམ་རྟགས་རྩ་བ་དང་དེའི་འགྲེལ་པ་སི་ཏུའི་ཞལ་ལུང་།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་35ན་གསལ།
             ②ཀརྨ་སི་ཏུ། 《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ཟི་ལིང་དུ་པར་དུ་བསྐྲུན།  ཤོག་ངོས་104ན་གསལ།  
             ③ཐོན་མི་སཾ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས།  《སུམ་རྟགས་རྩ་བ་དང་དེའི་འགྲེལ་པ་སི་ཏུའི་ཞལ་ལུང་།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་35ན་གསལ།
             ④ཚ་སྤུལ་ངག་དབང་བློ་བཟང་། 《སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་སློབ་དེབ།》མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1959ལོརེ་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་84ན་གསལ།
             ①ཅོ་ནེ་སངས་རྒྱས་བསོད་ནམས། མདོ་ངཁུས་ཁམས་གསུམ་གྱི་ཡུལ་སྐད་གཤིབ་བསྡུར་ལས་བོད་ཀྱི་སྤྱི་སྐད་གཏན་འབེབས་སྐོར་ལ་དཔྱད་པ། 《བླ་སྲོག》 སྤྱི་ལོ་2008ལོའི་སྤྱིའི་འདོན་ཐེངས་ལྔ་པ། ཤོག་ངོས་68ན་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1