༄༅།། ར་སྟའི་འཇུག་ཚུལ་དང་གྲངས་ངེས་ལ་ཐོག་མར་དཔྱད་པ།
ལྷ་མགོན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-22
ལྷ་མགོན།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་བརྡ་སྤྲོད་རིག་པ་ལས་འདོགས་ཅན་གསུམ་གྱི་ཡ་གྱལ་ཏེ་ར་སྟའི་འཇུག་ཚུལ་སྐོར་གྱི་རིགས་དབྱེ་ཁག་གསུམ་དང་། དེའི་གྲངས་ངེས་མི་འདྲ་བའི་ཐད་སྔོན་བྱོན་མཁས་པའི་བཞེད་དགོངས་མི་མཐུན་པ་ཆེ་ཁག་བཞི་ཡོད་པ་རྣམས་གཞུང་ཁུངས་རྣལ་མ་དག་ལ་གཏུགས་ཏེ་རང་གི་རིག་པས་དཔྱད་ཡོད།
བརྡ་ཆད་གཙོ་བོ། ར་སྟ། འཇུག་ཚུལ། གྲངས་ངེས།
ཡོངས་གྲགས་སུ་བོད་ཀྱི་བརྡ་སྤྲོད་བྱེད་པོ་སློབ་དཔོན་ཐོན་མིས་སྒྲ་རིག་པའི་བསྟན་བཅོས་ཆེན་མོ་བརྒྱད་མཛད་ཀྱང་། ཆོས་དང་རིག་གནས་འཕེལ་འགྲིབ་ཀྱི་དབང་གིས་ད་ཆ་ངེད་ཅག་གི་མཐོང་ལམ་དུ་སུམ་རྟགས་ཙམ་ལས་གཞན་རྣམས་འབྱུང་བཞིའི་དབྱིངས་སུ་འཐིམས་སོང་བར་བཤད། སྐབས་བབ་ཀྱི་བཤད་བ་འདོགས་ཅན་གྱི་ནང་ཚན་ར་སྟར་མཚོན་ནའང་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་རྩ་བར་དངོས་བསྟན་དུ་མི་སྣང་བས་ན། ཕྱིས་བྱུང་མཁས་པ་རྣམ་པས་ཕྱོགས་བསྡོམས་དང་གཏན་འབེབས་མཛད་པ་སྔོན་བྱོན་བརྡ་སྤྲོད་སྨྲ་བ་དག་གི་ར་སྟའི་གྲངས་ངེས་ཐད་བཞེད་དགོངས་ཅི་རིགས་སུ་སྣང་བའི་གནད་འདི་ལས་རྗེས་སུ་དཔོག་ཐུབ། དེས་ན་བོད་ཀྱི་ཡི་གེ་ཀུན་ལས་འོག་ན་གདན་ལྟར་མཛེས་པ་གསུམ་དུ་གྲགས་པ་ལས་ར་སྟ་བཤད་པ་ལ། རྐྱང་བའི་དབང་དུ་བྱས་པའི་ར་སྟ་དང་མགོ་འདོགས་བརྩེགས་གསུམ་གྱི་ར་སྟ་གཉིས་སུ་དབྱེ་སྟེ། སྐབས་དོན་བཤད་པར་བྱ་བ་དངོས་ནི་མིང་གཞི་རྐྱང་བའི་དབང་དུ་བྱས་པའི་ར་སྟ་ཡིན་པས་དེའི་འཇུག་ཚུལ་དང་། གྲངས་ངེས་ཐད་ཀྱི་འགྱུར་ལྡོག་སོགས་རེ་རེ་བཞིན་འོག་ནས་གླེང་བར་བྱ།
གཅིག ར་སྟའི་འཇུག་ཚུལ་ལ་དཔྱད་པ།
སྤྱིར་བཏང་བོད་སྐད་སྨྲ་བ་ཐུན་མོང་གི་ལྟ་ཚུལ་ལ་ར་སྟའི་འཇུག་ཚུལ་ཞེས་གླེང་དུས། དེ་ནི་ཡ་ར་ལ་ཝའི་འདོགས་ཅན་ཀྱི་ནང་ཚན། ར་སྟ་བཅུའམ་བཅུ་གཅིག་འབའ་ཞིག་ལ (གྲངས་ངེས་ཐད་གཞན་དགོངས་མི་མཐུན་པའི་གནད་འོག་ནས་འཆད་ངེས) འདོད་ཀྱིན་མོད། ཡིན་ནའང་བོད་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ་དང་རྡོ་རིང་ཡི་གེ་སོགས་ཡིག་ཚང་རེ་འགའ་ཞིབ་ཏུ་ཀློག་དུས། ར་སྟ་ཐོབ་པའི་ཡི་གེ་ལ་རྣམ་པ་མི་འདྲ་བ་དང་། དེ་དག་གི་འཇུག་དོན་ལའང་དགོས་པ་མི་འདྲ་བ་མཆིས་པས། འདིར་སྔོན་གྱི་ཡིག་རྙིང་ཁག་དང་གནའ་དེང་གི་བརྡ་སྤྲོད་རིག་པའི་གཞུང་ཁུངས་རྣལ་མ་དག་ལ་ཁུངས་བཅོལ་ནས་ར་སྟའི་འཇུག་ཚུལ་མི་འདྲ་བ་གཙོ་བོ་ཕྱོགས་གསུམ་དུ་དབྱེ་སྟེ། དང་པོ་ནི་བརྡ་སྤྲོད་སྨྲ་བ་ཐུན་མོང་གིས་བཞེད་པའི་འདོགས་ཅན་བཞིའི་ཡ་གྱལ་ར་སྟའམ་ར་བཏགས་སུ་འབོད་པ་ཡིན་ལ། འདིའི་གྲངས་ངེས་ཐད་བཞེད་དགོངས་མི་མཐུན་པ་མཆིས་པ་འོག་ནས་ཞིབ་ཏུ་འཆད་ངེས་པས་སྐབས་འདིར་མི་སྤྲོ། གཉིས་པ་ནི་ལེགས་སྦྱར་གྱི་སྐད་སོགས་ཕྱི་ཡིག་ནས་ཆོས་དང་རིག་གཞུང་ཚུར་བོད་སྐད་ལ་བསྒྱུར་དུས་ཕ་རོལ་གྱི་སྒྲ་དོན་ལ་གོ་བ་བདེ་ལེགས་སུ་འཇུག་སླད་སྒྲ་ཇི་བཞིན་ཕབ་པ་དག་ལ་ངོས་འཛིན་ཞིང་། ཕྱི་མ་ནི་བོད་ཀྱི་བརྡ་རྙིང་ཡིག་ཆ་དང་རྡོ་རིང་སོགས་སུ་བཀོད་པའི་མིང་མཐའི་ར་ཡིག་ཉིད་ར་སྟའི་རྣམ་པ་ཅན་དུ་བྲིས་པ་དེར་གོ འདིའི་སྐོར་ཅུང་ཟད་ཞིབ་པར་སྤྲོས་ན། གོང་སྨྲས་ར་སྟའི་འཇུག་ཚུལ་རྣམ་གྲངས་དང་པོ་ནི་བརྡ་སྤྲོད་སྨྲ་བ་ཕལ་ཆེ་བའི་གཞུང་དུ་གླེང་འདུག་ཅིང་། གྲངས་ངེས་ཐད་གཙོ་ཆེར་བཞེད་དགོངས་མི་མཐུན་པ་ཕྱོགས་བཞི་རུ་སྣང་སྟེ། སོ་སོ་ནི་ར་སྟ་བཅུ་རུ་འདོད་པ་དང་། བཅུ་གཅིག་ཏུ་འདོད་པ། བཅུ་གཉིས་སུ་འདོད་པ། བཅུ་བཞི་རུ་འདོད་པ་བཅས་ཡིན། རྣམ་གྲངས་གཉིས་པ་ནི་སྔོན་གྱི་ལོ་པཎ་དག་གིས་ལེགས་སྦྱར་གྱི་སྐད་དོད་སོགས་ནས་ཆོས་དང་རིག་གནས་བསྒྱུར་བའི་སྐབས། ཕ་རོལ་བའི་སྒྲ་དོན་ལ་གཞིགས་ནས་བོད་ཡིག་ཏུ་ཕབ་སླད་དགོས་དབང་གིས་བྲིས་པ་དག་ལ་ཟེར་ཞིང་། འདི་ལ་དཔེར་ན། བོད་སྐད་དུ་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཅེས་པར་ལེགས་སྦྱར་སྐད་དོད་དུ་དཱི་པཾ་ཀ་ར་ཤྲིཛ་ཉཱ་དང་། ཕྱག་ན་རྡོ་རྗེའི་སྐད་དོད་དུ་བཛྲ་པཱ་ཎི་ཞེས་འབྲི་སྲོལ་ཆགས་པའི་ཤྲི་དང་ཛྲ་ཡིག་ལྟ་བུའི་རིགས་མཐུན་ཡི་གེ་མང་པོ་ཞིག་དགོས་དབང་གིས་སྒྲ་ཇི་བཞིན་དུ་བྲིས་པ་ལས། བོད་ཡིག་རང་དུ་འདི་འདྲ་མི་སྣང་ལ་དེ་དག་གིས་ལུང་དུའང་མི་སྟོན་ནོ།། ཕྱི་མ་ནི་བོད་ཀྱི་བརྡ་རྙིང་ཡིག་ཆ་དང་རྡོ་རིང་སོགས་སུ་སྣང་བའི་མིང་མཐའི་རའི་རྗེས་འཇུག་ཉིད་ར་སྟའི་རྣམ་པ་ཅན་དུ་བྲིས་པའི་སྐོར་ཡིན་ལ། དེ་ལ་འགྱུར་ལྡོག་གི་གོ་རིམ་ངེས་ཅན་ཞིག་ཀྱང་ཡོད་པར་སྙམ་སྟེ། ཞྭ་ལྷ་ཁང་གི་རྡོ་རིང་གི་གོང་ནས་མར་རྩིས་པའི་ཐིག་ཕྲེང་ཉེར་གཅིག་པ་རུ། “དྲིན་འོས་བྼ་སྦྱིན་བྼ་དགོངས་པ་ལས།...” ①ཞེས་པ་དང་། ཏུན་ཧོང་ནས་ཐོན་པའི་ཡིག་ཆP.T1079དགེ་སློང་བམ་ཀེང་ཟེར་བའི་བྲན་མོའི་གྱོད་དོན་མཆིད་གསོལ་བའི་གཏུག་བཤེར་གྱི་ཡི་གེ་ཞེས་པའི་ཐིག་ཕྲེང་གསུམ་པར“ལུག་གི་ལོ་ལ། བདེ་བློན་ཞང་བཙན་བཟང་དང་། བློན་གཡྲ་སྒྲ་དང...”②དང་། གཞན P.T1078སྟོང་སར་གྱི་ལྡེའི་ཚལ་ཞིང་སྐོར་གྱོད་དོན་གྱི་གཏུག་བཤེར་ཡི་གེའི་གོང་ནས་མར་རྩིས་པའི་ཐིག་ཕྲེང་གསུམ་པ་རུ། “བློན་ལྷ་བཞྲེ་མདོ་བརྩན་ལ་ཕུལ་ནས...” ③ཞེས་བཀོད་པར་གཞིགས་ན། བར་དང་གཡར། བཞེར་སོགས་ཀྱི་མཐའ་རྟེན་གྱི་ར་ཡིག་དེ་ཉིད་ར་སྟའི་རྣམ་པ་བཞིན་འོག་ལ་འབྲི་བའི་སྲོལ་ཞིག་ཀྱང་བཙན་པོའི་དུས་སྐབས་ནས་ཡོད་པར་སྣང་ལ། གོང་སྨོས་དེ་དག་ལ“ྲ”འཇུག་པ་ནི་འདྲ་ཡང་། འཇུག་པའི་རྒྱུ་མཚན་དང་དོན་ཐ་དད་དུ་སྣང་བས་ཕྲན་གྱིས་རེ་རེ་ཕྲལ་ནས་དབྱེ་སྒོ་གསུམ་དུ་ཕྱེས་པ་ཡིན།
གཉིས། ར་སྟའི་གྲངས་ངེས་དང་དེའི་འགྱུར་ལྡོག་སྐོར།
འདོགས་ཅན་གྱི་ར་སྟའི་མིང་གི་རྣམ་གྲངས་གཞན་ལ་ར་བཏགས་སུའང་འབོད་དེ། འདིར་ར་སྟ་ལས་ར་བཏགས་མ་སྤྱད་པའི་རྒྱུ་མཚན་ནི། “ར་ལ་བཏགས་པ་བཅུ་གསུམ་དང་།། ལ་ལ་བཏགས་པ་བཅུ་དང་ནི།། ས་ལ་བཏགས་པ་བཅུ་གསུམ་འདོད”ཅེས“ར་ལ་བཏགས”དང“ལ་ལ་བཏགས”ལྟ་བུ་ནི་ར་མགོ་དང་ལ་མགོ་རུ་འདོད་དགོས་པར་རྔོག་ལོའི་དག་ཡིག་ཉེར་མཁོ་བསྡུས་པ་དང་། ས་པཎ་གྱི་དག་ཡིག་སོགས་མཁས་པ་ཚད་ལྡན་དག་གི་གསུང་དུ་སྣང་ལ། དེ་བས་ར་བཏགས་དང་ར་ལ་བཏགས་སོགས་ཕན་ཚུན་འཁྲུལ་ཉེན་ཆེ་བར་དམིགས་ཏེ་སྐབས་འདིར་ར་སྟ་ཞེས་པའི་ཐ་སྙད་རྒྱུན་སྤྱོད་བྱས་པ་ཡིན། གཤམ་ནས་བསྟན་པ་ཕྱི་དར་ནས་ད་ལྟའི་བར་དུ་ཚབ་མཚོན་རང་བཞིན་གྱི་བརྡ་སྤྲོད་མཁས་པ་འགའི་དགོངས་པ་འདྲ་མིན་ཅི་རིགས་སུ་སྣང་བའི་ར་སྟའི་གྲངས་ངེས་སྐོར་རེའུ་མིག་ཏུ་རེ་རེ་བཞིན་དགོད་རྒྱུ་དང་། དེ་མུར་གྲངས་ངེས་འདྲ་མིན་བྱུང་བའི་ཐད་གཤིབ་བསྡུར་ཅུང་ཟད་བྱ།
གོང་གི་རེའུ་མིག་ལས་བརྡ་སྤྲོད་མཁན་པོ་དག་གི་ར་སྟའི་གྲངས་ངེས་ཐད་ཀྱི་བཞེད་དགོངས་མི་འདྲ་བ་ཅི་རིགས་སུ་སྣང་ལ། དེ་ལྟར་ལྟ་བ་མི་འདྲ་བ་བྱུང་བའི་གནད་ཀྱང་སློབ་དཔོན་ཐོན་མིས་མཛད་པའི་སུམ་རྟགས་གཉིས་ཀྱི་རྩ་བས་མ་ཟིན་པའི་ཕྱིར་ན། རྗེར་བྱུང་བརྡ་སྤྲོད་སྨྲ་བ་དག་གིས་རང་ཉིད་ཀྱི་བློ་གྲོས་རྩལ་དུ་བཏོན་ནས་རང་ལུགས་བཀོད་པར་འཁུམས། རེའུ་མིག་གཞིར་བྱས་ན་གཙོ་བོ་འདོད་ཚུལ་ཆེ་ཁག་བཞི་རུ་དབྱེ་ཆོག་སྟེ། རྔོག་ལོའི་དག་ཡིག་ཉེར་མདོ་བསྡུས་པ་དང་། ས་པཎ་གྱི་དག་ཡིག་ཏུ་ར་སྟའི་རྣམ་གྲངས་བཅུ་རུ་དབྱེཞིང་། བོན་གྱི་བརྡ་སྤྲོད་ཉི་སྙིང་དང་ཉི་ཤུ་བདུན་པར་བཅུ་གཉིས་སུ་འདོད། གསེར་ཏོག་སུམ་རྟགས་དང་དེའི་རྗེས་འབྲངས་དག་གིས་བཅུ་བཞིར་བགྲང་ཞིང་། བསྟན་དར་ལྷ་རམས་པ་དང་། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན་སོགས་ཀྱིས་བཅུ་གཅིག་ཏུ་བགྲང་འདུག
ལོ་རྒྱུས་ཡིག་ཚང་རིག་པའི་ཆ་ནས་བསམ་བློ་བཏང་ཚེ། གོང་གི་ཡིག་ཆ་དག་ལས་ཆེས་སྔ་བ་ནི་རྔོག་ལོས་མཛད་པའི《དག་ཡིག་ཉེར་མཁོ་བསྡུས་པ》རེད། དག་ཡིག་འདི་ནི་བསྟན་པ་ཕྱི་དར་གྱི་དག་ཡིག་གི་ཡིག་ཆ་སྔ་ཤོས་ཙམ་དུ་མ་ཟད། སྤྱིར་བརྡ་སྤྲོད་སྐོར་གྱི་ཡིག་ཆ་སྔ་ཤོས་གྲས་སུ་བགྲང་ཆོག་པ་ཡིན། དེས་ན་གཞུར་འདིར་ར་སྟ་བཅུ་པོ་ཇི་ལྟར་བགྲང་ཡོད་ཅེ་ན། “ཀྱེ་མ་གྲོགས་ཁྱོད་ཆང་ལ་དགྱེས།། རྟོག་དཔྱོད་ཕྱོགས་བཅུར་བྱེད་ཅིང་མྱོང།། བཀྲ་ཤིས་འཁྲིགས་པའི་གྲྭ་ས་འདིར།། དྲ་སྒོས་སྤྲས་པའི་འཕྲེད་སྒོ་ཅན།། ཕོ་བྲང་ནང་ན་སྨྲ་མཁན་བྱ།། སྐེ་བ་བསྲིང་ནས་ཧྲིག་གེ་བལྟ”①ཞེས་བཀོད་ལ། ཚིག་བཅད་འདི་དག་ལས་ང་ཚོས་རྔོག་ལོས་ར་སྟ་བཅུ་རུ་བགྲང་བའི་སོ་སོ་ནི་ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་ཡིན་པ་རིགས་འདེད་བྱས་ནས་ཤེས་ཐུབ། གཞན་ས་པཎ་གྱིས་མཛད་པར་གྲགས་པའི་《དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ》ཞེས་པར་ཡང་གྲངས་ངེས་ཐད་བཅུ་རུ་བགྲང་བ་གོང་དང་འདྲ་སྟེ། གཞུར་དེར“ཀྱེ་མ་གྲོགས་ཁྱོད་ཆང་ལ་དགྱེས།། རྟོག་དཔྱོད་ཕྱོགས་བཅུར་བྱེད་ཅིང་མྱོང།། བཀྲ་ཤིས་འཁྲིགས་པའི་གྲྭ་ས་འདིར།། དྲ་སྒོས་སྤྲས་པའི་འཕྲེད་སྒོ་ཅན།། བྲང་ཁང་ནང་ན་སྨྲ་མཁན་བྱ།། སྐེ་བ་བསྲིང་ནས་ཧྲིག་གེ་བལྟ”②ཞེས་རྔོག་ལོའི་དག་ཡིག་ཁྲོད་ཀྱི་ཚིགས་བཅད་དུམ་བུ་དེ་དྲངས་ནས“ཕོ་བྲང”ཞེས་པ“བྲང་ཁང”དུ་བསྒྱུར་འདུག་མོད་ཀྱང་། ར་སྟའི་རྣམ་གྲངས་བགྲང་ལུགས་ནི་ཀྲ་ཁྲ་གྲ་ཏ་དྲ་པྲ་ཕྲ་བྲ་སྲ་ཧྲ་བཅས་གོང་དང་མཚུངས། འདིར་ངེས་དགོས་པ་ཞིག་ལ་དག་ཡིག་འདི་ཉིད་ས་པཎ་གྱིས་མཛད་མིན་ཐད་ལྟ་ཚུལ་འདྲ་མིན་མཆིས་མོད། ཕྲན་ལ་ཕྱོགས་དེར་ཆེད་དམིགས་ཀྱིས་ཉམས་ཞིབ་མེད་པས་ཡིན་མིན་གྱི་གཏམ་སྨྲ་མ་ཕོད། དག་ཡིག་འདི་ཉིད་ས་པཎ་གྱིས་མཛད་པ་གཞིར་བཞག་སྒོས་བལྟས་པ་ཡིན་ན། མཁས་ཆེན་རྣམ་པ་གཉིས་ཀྱིས་བཞེད་དགོངས་གཅིག་ཏུ་འདུག་ལ། དག་ཡིག་གཉིས་ཀ་གཤིབ་སྡུར་བྱས་ཚེ། ས་པཎ་གྱིས་མཛད་པར་གྲགས་པ་དེ་རྔོག་ལོའི་དག་ཡིག་ལ་ཁུངས་བཅོལ་ནས་རྗེས་སུ་བྲིས་པ་ནི་ཅུང་སླ་བོར་རྟོགས་ཐུབ། དེས་ན་ཁོང་རྣམ་གཉིས་གྱིས་ར་སྟ་བཅུ་རུ་བགྲང་བའི་དགོངས་གཞིའམ་རྒྱུ་མཚན་ནི། ཕྲན་གྱིས་དཔྱད་ན་གནད་གཙོ་བོ་དེ་བོད་རང་གི་སྐད་དང་ཡི་གེ་འབའ་ཞིག་གཞིར་བྱས་ཏེ་ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་ལས་ཏ་ཐྲ་ན་ཤ་སོགས་བོད་ཀྱི་མིང་བརྡའི་གྲུབ་ཆ་ཞིག་ཏུ་མ་བཞེད་པ་ཨེ་ཡིན་སྙམ་སྟེ་དཔྱད་པར་འཚལ། བོན་གྱི་བརྡ་སྤྲོད་གཞུང་གྲགས་ཆེན་ཉི་སྙིང་དང་ཉི་ཤུ་བདུན་པར་ར་སྟ་བཅུ་གཉིས་སུ་བགྲང་འདུག་ལ། དེ་དག་སོ་སོ་ནི་ཀྲ་ཁྲ་གྲ་ཏ་དྲ་པྲ་ཕྲ་བྲ་མྲ་ཤ་སྲ་ཧྲ་བཅས་རེད། འདི་ལྟར་ར་སྟ་བཅུ་གཉིས་སུ་བགྲང་དགོས་པ་ལ།《བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ》དུ། “གཉིས་པ་ར་སྟ་ཐོབ་པ་བཅུ་གཉིས་ནི། ཀ་ཁ་ག་ཏ་ད་པ་ཕ།། བ་མ་ཤ་ས་ཧ་རྣམས་སོ།། ཞེས་པས་བསྟན་ཏེ། བོད་ཡིག་ལ་མཁོ་བའི་ར་སྟའི་ཐོབ་པ་བཅུ་དང་ཉི་སྙིང་ལྟར་མ་ཤ་གཉིས་བཅས་བཅུ་གཉིས་ནི་ཀ་ཁ་ག་ཏ་ད་པ་ཕ་བ་མ་ཤ་ས་ཧ་རྣམས་སོ་སོར་ར་སྟའི་སྦྱར་བས་ཀྲ་ཁྲ་གྲ་ཏ་དྲ་པྲ་ཕྲ་བྲ་མྲ་ཤ་སྲ་ཧྲ་རྣམས་ཡིན་ཞེས་པའོ”①ཞེས་པ་ལས་བོད་རང་ལ་མཁོ་བའི་ར་སྟ་བཅུ་རུ་བགྲང་ལུགས་སྔ་མ་ནས་ཡོད་པར་བཞེད་ལ། ཡང་གཞུང་དེར“ཡང་འདུལ་བ་ལས། ཐྲིག་ཐྲིག་ལྷམ་གྱི་སྒྲ་སྐད་དང་། སྐར་མ་སྣྲོན་སྣུབས་སོགས་ནི་བོད་སྐད་དངོས་མ་ཡིན་པར་མངོན”②ཞེས་གསུངས་པ་སོགས་ལ་བརྟག་ན། ལུང་ཚིག་འདིའི་ཤུགས་བསྟན་ལ་སྔོན་མའི་དུས་ན་ར་སྟ་བཅུ་རུ་འདོད་པ་ལས་གཞན་དག་རྗེས་ནས་གསར་སྣོན་མཛད་པའི་གནད་འདི་ཡང་ཞིབ་ཏུ་དཔྱད་ན་ངང་གིས་རྟོགས་ཐུབ་པར་སྙམ། དེས་ན་རྗེས་སུ་གསར་སྣོན་མཛད་དེ་ར་སྟ་བཅུ་གཉིས་སུ་བགྲང་བ་ནི་གཙོ་བོར་བོད་རང་སྐད་ཀྱི་དབང་དུ་བྱས་པ་མ་ཡིན་པར་རྒྱ་གར་གྱི་ལེགས་སྦྱར་གྱི་ཡི་གེ་བོད་ཡིག་ཏུ་བསྒྱུར་དུས་ཤྲ་ཡིག་ལྟ་བུ་དགོས་དབང་གིས་གསར་སྣོན་མཛད་པར་དམིགས་པ་རེད་སྙམ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་སུམ་རྟགས་ཀྱི་འགྲེལ་བར། གཞུང་དངོས་སུ་ར་སྟ་བཅུ་གཅིག་མ་གཏོགས་བགྲང་མི་འདུག་མོད། དེབ་ཀྱི་རྒྱབ་ལོག་གི་དབངས་གསལ་མགོ་འདོགས་སོགས་ཀྱི་རེའུ་མིག་ཏུ་ར་སྟ་བཅུ་བཞིར་བགྲང③སྟེ། ཕན་ཚུན་ནང་འགལ་ལྟ་བུར་མངོན་མོད། གང་ལྟར་ཀྲ་ཁྲ་གྲ་ཏ་ཐྲ་དྲ་ན་པྲ་ཕྲ་བྲ་མྲ་ཤ་སྲ་ཧྲ་བཅུ་བཞིར་བགྲང་བ་ནི། ནྲ་དང་ཤྲ་ལྟ་བུ་རྒྱ་གར་གྱི་སྒྲ་སྦྱོར་ལ་དམིགས་ནས་གསར་དུ་བསྣན་པར་གཞི་བྱས་ཏེ་བཅུ་བཞིར་བགྲང་བ་ལས་བོད་རང་སྐད་དུ་དེ་དག་མེད་ལ་ལུང་དུའང་མི་སྟོན་ནོ།། དུས་ཕྱིས་བརྡ་སྤྲོད་མཁས་པ་བསྟན་དར་ལྷ་རམས་པ་དང་། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན་སོགས་ཀྱིས་ར་སྟ་བཅུ་གཅིག་ཏུ་འདོད་པ་ཀྲ་ཁྲ་གྲ་ཏ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་བཅས་རེད་ལ། ར་སྟའི་རྣམ་གྲངས་བཅུ་གཅིག་གི་དབང་དུ་བྱས་པ་འདི་ལའང་ཞིབ་ཏུ་དཔྱད་པ་ཡིན་ན། གཙོ་བོ་བོད་རང་སྐད་ཀྱི་རྨང་གཞིའི་སྟེང་མིང་གཞི་རྐྱང་བ་དང་བརྩེགས་མར་ཐོབ་པའི་ར་སྟའི་ཡི་གེ་རྣམས་ལ་གཙོ་ཆེར་དགོངས་པར་བསམ་མོད། འོན་ཏེ་ཁོང་རྣམ་པས་མྲ་ཡིག་ཉིད་ར་སྟའི་རྣམ་གྲངས་གྲས་སུ་མ་བགྲང་བའི་དགོངས་གཞི་གཙོ་བོ་ཅི་ཡིན་པ་ཕྲན་གྱིས་གསལ་བོར་མ་རྟོགས་པས་མཁྱེན་ལྡན་རྣམས་ཀྱིས་མུ་མཐུད་དཔྱད་པར་འཚལ། གོང་གསལ་ལྟ་བ་འདི་དག་ལ་དཔེ་ངོས་ནས་དཔྱད་པ་བགྱིས་པ་ཧ་ལམ་མེད་པར་མཐོང་ཞིང་། ཤེས་བྱའི་གནད་ཕྲན་བུ་ཡིན་ཡང་འདི་བོད་གངས་ཅན་གྱི་བརྡའི་མ་ལག་གི་གྲུབ་ཆ་ཡིན་པས་དེའི་འགྱུར་ལྡོག་དང་འཇུག་ཚུལ་སོགས་ལའང་དཔྱད་པ་བགྱི་བའི་དགོས་པ་ཡོད་པར་སེམས།
སྡོམ་བྱང་།
སྐབས་བབ་ཀྱི་དཔྱད་བ་ར་སྟ་ལ་མཚོན་ན། བོད་ཀྱི་བརྡ་སྤྲོད་སྨྲ་བ་ཀུན་གྱི་དགོངས་པ་གཅིག་མཐུན་དུ་མི་སྣང་བའི་ཤེས་བྱའི་གནད་ཅིག་རེད་སྙམ་ལ། ཕྲན་གྱིས་གོང་ནས་ཞུ་བའི་དོན་ཚན་ཁག་གཉིས་པོ་ཡང་སྔོན་གྱི་བརྡ་རྙིང་ཡིག་ཆ་དང་མཁས་པའི་གསུང་ལ་ཁུངས་བཅོལ་ཏེ། རང་གིས་ཕྱོགས་སྡོམ་དང་དབྱེ་ཞིབ་ཟུང་འབྲེལ་གྱི་ལམ་ལ་འཇུག་ཁུལ་བྱས་པ་ཡིན་ཏེ། དཔྱད་བྱའི་དོན་ཚན་དང་པོར་མཚོན་ན། ར་སྟའི་འཇུག་ཚུལ་ལ་སྲོལ་རྒྱུན་གྱི་མཁས་པ་དག་གི་དགོངས་པ་ལས་“ྲ”ཐོབ་པའི་ཡི་གེ་གཞན་དག་ཏེ། ལེགས་སྦྱར་གྱི་སྐད་སོགས་ཕྱི་ཡིག་ནས་ཆོས་དང་རིག་གཞུང་ཚུར་བསྒྱུར་དུས་ཕ་རོལ་གྱི་སྒྲ་དོན་ལ་གོ་བ་བདེ་ལེགས་སུ་འཇུག་སླད་སྒྲ་ཇི་བཞིན་ཕབ་པའི་ཤྲ་ཛྲ་སོགས་དང་། བོད་ཀྱི་བརྡ་རྙིང་ཡིག་ཆ་དང་རྡོ་རིང་སོགས་སུ་བཀོད་པའི་མིང་གཞི་རྐྱང་བའི་རའི་མཐའ་རྟེན་ཉིད་ར་སྟའི་རྣམ་པ་ཅན་དུ་བྲིས་པའི་ཡ་ཞ་སོགས་ཀྱང་ལོགས་སུ་དྲངས་ནས་དབྱེ་ཚན་ཞིག་ཏུ་བཤད་ཡོད་ལ། དཔྱད་བྱ་གཉིས་པ་ར་སྟའི་གྲངས་ངེས་ཐད་སྔོན་བྱོན་བརྡ་སྤྲོད་མཁས་པ་དག་གིས་དགོངས་པ་མི་མཐུན་པར་ཕྱོགས་སྡོམ་བས་རྗེས། ལྟ་བ་རེ་རེ་ལ་དབྱེ་ཞིབ་དང་དེ་ལྟར་འདོད་པའི་དགོངས་གཞི་ག་འདྲ་ཡིན་པའི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་བཏོན་ཡོད་པ་སྟེ། དཔེར་ན་གོང་ནས་ར་སྟ་བཅུ་རུ་འདོད་པ་དང་། བཅུ་གཅིག་ཏུ་འདོད་པ། བཅུ་གཉིས་སུ་བགྲང་བ། བཅུ་བཞིར་བགྲང་བ་གང་ཞིག་ཡིན་རུང་། ཐོག་མར་བརྡ་སྤྲོད་མཁས་པ་རྣམས་ཀྱིས་དེ་ལྟར་བགྲང་བའི་དགོངས་གཞིའམ་རྒྱུ་མཚན་གཙོ་བོ་དེ་ཅི་ཡིན་སྐོར་གསལ་བོར་རྟོགས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་གནད་ཅིག་རེད་སྙམ་ཞིང་། དེ་དག་ཤེས་པ་ལ་ར་སྟ་ལ་ཐོབ་ཐང་གི་དབང་དུ་བྱས་ན་མིང་གཞི་རྐྱང་བར་ཐོབ་པ་ཞིག་དང་བརྩེགས་མར་ཐོབ་པ་གཉིས་ཡོད་པ་རྟོགས་དགོས་ལ། དེ་མིན་ད་དུང་བོད་རང་སྐད་ཀྱི་དབང་དུ་བྱས་ནས་ར་སྟ་བགྲང་ལུགས་ཤིག་དང་། ལེགས་སྦྱར་གྱི་སྐད་བོད་ཡིག་གི་གཟུང་སྡགས་སུ་ཕབ་རྗེས་རྒྱ་བོད་སྐད་ཐུན་མོང་གི་དབང་དུ་བྱས་པའི་བགྲང་ལུགས་མི་འདྲ་བ་དོག་པ་སོ་སོར་མ་འདྲེས་པར་དཔྱད་པ་ཡིན་ན། གོང་གི་རྙོག་འཛིང་ཆེ་བའི་གྲངས་ངེས་ཐད་ཀྱི་དཀའ་གནད་དེར་འགྲེལ་བ་འོས་འཚམ་ཞིག་རྒྱག་ཐུབ་པར་སྙམ། དེས་ན་དོན་གྱིས་ར་སྟའི་རྣམ་གྲངས་ག་ཚོད་ལ་བགྲང་ན་འོས་སམ་ཞེ་ན། དེ་ལ་གཙོ་བོ་བོད་རང་སྐད་ཀྱི་དབང་དུ་བྱ་དགོས་པ་མ་ཟད། མིང་གཞི་རྐྱང་བའམ་བརྩེགས་མར་ཐོབ་པའི་བོད་ཀྱི་མིང་བརྡའི་གྲུབ་ཆ་གཙོ་བོ་དེར་ངོས་འཛིན་དགོས་པར་སྙམ་སྟེ། གཞན་ལེགས་སྦྱར་སྐད་ལ་བསམ་བློ་བཏང་ནས་རྣམ་གྲངས་བཅུ་བཞིར་བགྲང་བར་བྱས་ན། ཤྲ་སོགས་བགྲང་དགོས་ན་ཛྲ་སོགས་ཀྱང་བགྲང་དགོས་པ་གོང་གི་དོན་ཚན་དང་པོའི་སྐབས་སུ་སོང་བས་འདིར་བསྐྱར་ཟློས་སུ་མི་གླེང་བར་བར་བྱ། དེ་བས་བོད་རང་སྐད་ཀྱི་དབང་དུ་བྱས་པའི་ཐོག་མའི་བགྲང་ལུགས་ནི་རྔོག་ལོ་ཆེན་མོ་དང་ས་པཎ་གྱི་དགོངས་པ་ལྟར་ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅུ་རུ་འདོད་པ་དང་། སླད་མར་བསྟན་དར་ལྷ་རམས་པ་དང་ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན་སོགས་ཀྱི་དགོངས་པའང་གོང་མ་དེར་གཞི་བྱས་ནས་བགྲང་བ་རེད་སྙམ་ལ། གཞན་ར་སྟ་བཅུ་གཉིས་སམ་བཅུ་བཞིར་བགྲང་བ་ནི་གཙོ་བོ་དགོངས་ས་ཉིད་ལེགས་སྦྱར་གྱི་སྐད་ཡིན་པས་གནད་དེ་སེམས་ལ་འཇགས་དགོས་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ།
(རྩོམ་པ་པོ། ལྷ་མགོན། ཕ་ཡུལ། མཚོ་སྔོན་གཅན་ཚ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2013ལོའི་ཤེས་རམས་པ།) (མཛུབ་སྟོན་དགེ་རྒན། ཚེ་རིང་ཐར།)
① བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྲིགས། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། [G] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2003ལོར་པར། ཤོག་ངོས་74
② བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྲིགས། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། [G]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོར་པར། ཤོག་ངོས་70
③ བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྲིགས། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། [G]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོར་པར། ཤོག་ངོས་79
①རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ། བཀའ་གདམས་དཔེ་དཀོན་གཅེས་བསྡུས་པོད་གསུམ་པ། [M]པེ་ཅིན། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར། ཤོག་ངོས་662
②ས་པཎ་ཀུན་དགའ་རྒྱལ་མཚན། དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ། དཔལ་ལྡན་ས་སྐྱའི་གསུངས་འབུམ་པོད་གཉིས་པ། [M] ཟི་ལིང་དང་པེ་ཅིན། མཚོ་སྔོན་མི་རིགས་དཔར་སྐྲུན་ཁང་། མི་རིགས་དཔེ་བསྐྲུན་ཁང་། 2005ལོར་པར། ཤོག་ངོས་221
① ཚུལ་ཁྲིམས་ཕུན་ཚོགས། བོན་གྱི་བརྡ་སྤྲོད་ཉེར་བདུན་པ་ཞེས་བྱ་བ་བཞུགས་སོ། བོན་གྱི་ཐ་སྙད་རིག་མཛོད། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1996ལོར་པར། ཤོག་ངོས་231
② ཚུལ་ཁྲིམས་ཕུན་ཚོགས། བོན་གྱི་བརྡ་སྤྲོད་ཉེར་བདུན་པ་ཞེས་བྱ་བ་བཞུགས་སོ། བོན་གྱི་ཐ་སྙད་རིག་མཛོད། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1996ལོར་པར། ཤོག་ངོས་231
③ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། བོད་ཀྱི་བརྡ་སྤྲོད་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1957ལོར་པར། ཤོག་ངོས་44 ཤོག་ངོས་232
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1