ལྷོ་ནུབ་མི་རིགས་སློབ་གྲྭ ཀུན་བཟང་ཆོས་འཚོ། བདུད་འདུལ།
བོད་ཀྱི་གསོ་བ་རིག་པ་ནི་ལོ་རྒྱུས་རིང་ལ་གཞུང་ལུགས་རྒྱ་ཆེ་བ། ལག་ལེན་ཕུན་སུམ་ཚོགས་པའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཆེན་མོ་བཞིའི་ཡ་གྱལ་ཞིག་ཡིན། སྲོལ་རྒྱུན་གསོ་རིག་འདི་ནི་གསོ་བར་བྱ་བའི་ཡུལ་ལུས་དང་ནད། གསོ་བར་བྱེད་པའི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི། ཇི་ལྟར་གསོ་བར་བྱེད་པའི་ཐབས། དེ་ལྟར་གསོ་བར་བྱེད་པའི་སྨན་པ་བཅས་རྣམ་པ་བཞི་རུ་འདུས། དེ་ལས་གཉིས་པ་ནད་ཀྱི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་ཞེས་ཡོངས་སུ་གྲགས་པ་ལས། སྨན་བཅོས་འཕྲོད་བསྟེན་གྱི་ལག་ལེན་དངོས་སུ་སྨན་སྦྱོར་གྱི་སྐོར་ནི་ནུས་པ་མཆོག་ལ་ཟབ་ཁྱད་ཆེ་བའི་གཉེན་པོ་ཁྱད་དུ་འཕགས་པ་ཞིག་ཡིན། བོད་སྨན་ལ་སྐྱེ་དངོས། གཏེར་དངོས། སྲོག་ཆགས་བཅས་ཀྱི་སྨན་རྫས་རྐྱང་པ་སྟོང་ཕྲག་ལས་བརྒལ་བ་དང་། སྨན་རྫས་མཉམ་དུ་བསྡེབས་པའི་སྦྱོར་སྡེ་ཁྲི་ཁྲག་ལས་བརྒལ་བར་ཡོད། འོན་ཀྱང་སྨན་རྫས་ངོས་འཛིན་བྱེད་ཚུལ་དང་སྨན་གྱི་སྦྱོར་སྡེ་བྱེད་སྟངས་ཐད་ལ་ཡུལ་ལུང་གི་ཁྱད་པར་དང་། སྨན་པའི་ཉམས་ཁྲིད་སོགས་མི་འདྲ་བ་ལ་བརྟེན་ནས་ནང་གསེས་སུ་རིགས་དང་རྣམ་གྲངས་མི་ཉུང་བ་ཞིག་བྱུང་ཡོད་པས་རྙོག་དྲའི་གནད་དོན་ཡང་མི་ཉུང་བ་ཞིག་ཡོད། དེ་ལྟའི་ཐུན་མིན་གྱི་བརྒྱུད་སྲོལ་མི་འདྲ་བ་ནི། གཙོ་བོ་དུས་རབས་བཅོ་ལྔ་པའི་དུས་འགོར་བྱུང་བའི་བྱང་ཟུར་གཉིས་ལས་རིམ་བཞིན་དར་མཆེད་བྱུང་བ་ཞིག་ཡིན། དེ་ལས་བྱང་ལུགས་སུ་གྲགས་པ་ནི་རབ་བྱུང་བདུན་པའི་ཤིང་ཕག་སྤྱི་ལོ་1395ལོར་གཙང་ངམ་རིང་རྫོང་དུ་སྐུ་བལྟམས་པའི་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་སྲོལ་གཏོད་པ་དང་། དེའི་སློབ་མ་མིའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་མཆོག་རིན་ཆེན་དང་། ལྷུན་སྡིངས་ལེགས་གྲུབ་དཔལ་གྱི་སློབ་བརྒྱུད་དང་བཅས་པས་དར་ཞིང་རྒྱས་པར་བྱས་པ་དང་། ཟུར་ལུགས་སུ་གྲགས་པ་ནི་རབ་བྱུང་བདུན་པའི་ས་ལུག་སྤྱི་ལོ་1439ལོར་དྭགས་པོའི་ས་ཁོངས་ལ་ཐོག་ཟུར་མཁར་ཏེ་ཀོང་པོ་ཉི་ཁྲིའི་སྣང་རྫོང་དུ་སྐུ་འཁྲུངས་པའི་ཟུར་མཁར་མཉམ་ཉིད་རྡོ་རྗེས་སྲོལ་གཏོད། དེའི་མཐར་ཕྱིན་གྱི་སློབ་མ་བཞི་དང་ཟུར་མཁར་ཕྱི་མ་བློ་གྲོས་རྒྱལ་པོ་སོགས་ཀྱིས་དར་ཞིང་རྒྱས་པར་བྱས་པ་ཞིག་རེད། སྐབས་འདིར་དེ་ལྟའི་བྱང་ཟུར་གཙོ་བོར་བྱས་པའི་གསོ་འཛིན་མཁས་དབང་ཁག་གི་སྨན་ངོ་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཁ་ཤས་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིའི་ཚུལ་དུ་བཀོད་རྒྱུ་ཡིན།
གཅིག བ་ཤ་ཀ།
བ་ཤ་ཀ་དངོས་སམ་མཆོག་ནི་ཤིང་བ་ཤ་ཀ་དང་དེ་ལས་དམན་པའམ་ཚབ་ཏུ་རུང་བའི་ལྡུམ་བུ་བ་ཤ་ཀ་བཅས་རྣམ་པ་གཉིས་ཡོད། ཤིང་བ་ཤ་ཀ་ནི་རྒྱ་གར་མ་གཏོགས་བོད་དུ་མེད།
དམན་པ་ལྡུམ་བུ་བ་ཤ་ཀ་ནི་བྱང་ལུགས་ཀྱིས་ལྡུམ་ནག་དོམ་མཁྲིས་དང་ཟུར་ལུགས་ཀྱིས་གཡུ་སྡོང་གསེར་མགོར་བཞེད།
1 ལྡུམ་ནག་དོམ་མཁྲིས་ནི་སྔོ་སྨན་རྐང་སྡོང་ཕྲ་ལ་རིང་བའི་རྩེར་མེ་ཏོག་སྔོན་པོ་མང་དུ་སྤུངས་ནས་འཆར་བ་ཞིག་སྟེ། འཁྲུངས་དཔེར། སྔོ་སྨན་དོམ་མཁྲིས་ཞེས་བྱ་ནི། སྲིབ་མོའི་ས་ནག་སྤང་ལས་སྐྱེ། ལོ་མ་སྔོན་པོ་སྤུ་ཅན་མཐུག རྩ་བ་ཆུང་ལ་སྡོང་བུ་རིང༌། མེ་ཏོག་སྔོན་པོ་སྤུངས་ནས་སྐྱེ། རོ་ནི་ཁ་ལ་མངར་བའི་ཚུལ། ནུས་པས་རྨ་གསོ་ཤའུ་སྐྱེད། ཁྲག་གཅོད་རྨ་ཡི་ཚད་པ་གསོད། ཅེས་འབྱུང༌། ཤེལ་ཕྲེང་ལས། ལྡུམ་ནག་དོམ་མཁྲིས་རྨ་གསོ་རྩ་ཁ་འཛིན། ཞེས་དང༌། འགའ་ཞིག་འདི་བ་ཤ་ཀ་བྱེད་པ་འཁྲུལ་ལོ། ཞེས་གསུངས། དེ་ལྟར་འདི་ལ་ཟུར་ལུགས་རྒྱུན་འཛིན་རྣམས་ཀྱིས་ལྡུམ་ནག་དོམ་མཁྲིས་ལ་ངོས་འཛིན་ཀྱང་བྱང་ལུགས་ཀྱིས་བ་ཤ་ཀར་ངོས་འཛིན་པས་དབུས་ཀྱི་སྨན་པ་རྣམས་ཀྱིས་ལྡུམ་ནག་དོམ་མཁྲིས་གཏོང་སྲོལ་ཡོད།
2 གཡུ་སྡོང་གསེར་མགོ་ནི་ཡུལ་ཕལ་མོ་ཆེའི་ནགས་གསེབ་དང་། ཞིང་ནང་ཆུ་འགྲམ་སོགས་སུ་ལོ་མང་སྐྱེ་བའི་ལྡུམ་བུ་ཞིག་སྟེ། ངར་པ་གྲུ་བཞི་ཕྲ་ལ་མཉེན་ཞིང་སྙི་བ། མཐོ་ཚད་སྨི་0.2~0.6ཙམ་ཟིན་པ། ལོ་མ་སྔོ་སིབ་ཟིལ་པའི་རིགས་ཀྱི་ལོ་མ་ཅན། མེ་ཏོག་བྱ་བབ་མ་ཁ་དོག་སེར་པོ་དབྱིབས་རྒྱ་སྟག་ཟིལ་པའི་མེ་ཏོག་འདྲ་བ་ལ་གང་བུ་ཟླུམ་ནར་ཅན་ཞིག་ཡོད། སྨན་དུ་སྦྱར་བྱ་ནི་ལོ་མ། ཡལ་ཕྲན། མེ་འབྲས་བཅས་པ་ཡོངས་རྫོགས་ཡིན་པས་ཟླ་བ་7~8པར་བཏུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་ལེགས་ཚགས་བྱ། འདི་ལ་ཤེལ་ཕྲེང་དུ། དེ་དག་མི་སྐྱེ་སར་སྔོ་ལྡུམ་གཡུ་སྡོང་གསེར་མགོས་ཚབ་རུང་ཞེས་ཤིང་བ་ཤ་ཀ་མི་སྐྱེ་བའི་སར་འདིས་འཐུས་པར་གསུངས། མདོ་ཁམས་ཕྱོགས་ཀྱི་སྨན་པ་རྣམས་ཀྱིས་བ་ཤ་ཀའི་ཚབ་ཏུ་འདི་ཁོ་ནར་མཛད།
གཉིས། ཀ་རཉྫ།
ཀ་རཉྫ་ནི་བྱང་ལུགས་ཀྱིས་སྨན་སྒ་དང་ཟུར་ལུགས་ཀྱིས་འཇམ་འབྲས་ལ་བཞེད། གཞན་སྲིན་བུ་དམར་ལེབ་སོགས་ལ་ངོས་འཛིན་མཁན་ཡང་ཡོད། ཀ་རཉྫ་ཞེས་པ་ནི་ལེགས་སྦྱར་སྐད་དེ་བོད་སྐད་ལ་ཟུར་མཁར་བློ་གྲོས་རྒྱལ་པོས་ལག་སྐྱེས་དང་དེའུ་དམར་དགེ་བཤེས་ཀྱིས་ལག་པའི་ཐལ་སྦྱོར་ཞེས་བསྒྱུར།
1 སྨན་སྒའམ་སྒ་དམར་གྱི་མིང་གཞན་ལ་སྒེ་གཤེར་དང་བཅའ་སྒ་དོང་གྲ་སོགས་ཟེར། བཅའ་སྒ་དང་སྨན་སྒ་ཟེར་བའི་རྒྱུ་མཚན་ཡང་བཟའ་བ་དང་བཅའ་བ་ཞེས་ཁ་ཟས་སུ་བཟའ་བའི་མིང་ཡིན་པས་ཟས་སྤྱོད་དུ་སྤྱད། ངོ་བོ་ནི་རྩ་བ་ཁམ་དམར་རམ་དམར་སྨུག་ཧྲིལ་བུ། གཉེར་ཚིགས་ཅན། སུལ་རིས་ཞིབ་མོ། འབྲུམ་པ་ཡོད་པ། ཆེ་ཆུང་མཐེབ་མོ་ཙམ་པ་ལ་ཁ་དབྲག་དང༌། ཡན་ལག་གྱེས་པ། སྲ་ཞིང་མཁྲེགས་པ། རོ་ཚ་ལ་ཞིམ་པ་ཞིག་སྟེ་འདྲ་ཡིག་ལས། དོང་གྲ་སྦལ་པ་རྐང་མེད་འདྲ་ཞེས་གསུངས། འཁྲུངས་དཔེ་ཤེལ་གྱི་མེ་ལོང་ལས། འདི་ཧའེ་ནན་དང་། ལེ་ཀྲོའུ་གླིང་ཕྲན། ཀོང་ཤིས། ཡུན་ནན་བཅས་ཀྱི་རི་དང་ལམ་ཟུར་རྩ་ཐང་ཤིང་གསེབ་སོགས་སུ་རང་བྱུང་སྐྱེ་བ་དང་ཀོང་ཏུང་དང་ཡུན་ནན་སོགས་སུ་འདེབས་འཛུགས་ཀྱང་བྱེད་ཀྱི་ཡོད། ལོ་མང་སྐྱེ་བའི་སྒ་རིགས་ཀྱི་སྡེ་སྟེ་རྩ་བ་ཁམ་དམར་རམ་དམར་སྨུག་ཧྲིལ་བུ། གཉེར་ཚིགས་ཅན་ས་འོག་ནས་འཕྲེད་དུ་ཉལ་བ་ཚིགས་མཚམས་ནས་རྩ་བའི་རྒྱུས་ཕྲན་བཀྲམ་པ་དང་པད་ཤུན་གྱིས་དཀྲིས་པ། ངར་པ་རྣམས་གྱེན་དུ་གཤིབ་ནས་སྐྱེ་བ། མཐོ་ཚད་སྨི་0.3~0.8ཙམ་ཟིན་པ་ལོ་མ་ལྗང་འཇམ་མདུན་རྒྱབ་གང་ལའང་སྤུ་མེད་པ་ཕྲ་རིང་རལ་གྲི་འདྲ་བ་ཁ་དབྲག་གཉིས་ཅན་སྨད་ཆས་ངར་པ་བཏུམས་པ། ཟླ་བ་4~10པར་མེ་ཏོག་གི་སྙེ་མ་ཁ་གདང་ཞིང་མ་མཆུ་འཕྱང་བ་འདྲ་བའི་མེ་ཏོག་སྦུབས་ཅན་ཤ་དམར་མདོག་དཀྱིལ་དམར་སྨུག་ཅན། གང་བུ་རིལ་མོ་ཁ་མི་གདང་བ་སྨིན་ནས་དམར་སེར་དུ་འགྱུར་བ། ནང་དུ་ས་བོན་ཁ་དོག་ཇ་ཁ་ཅན་ཡོད་པ་ཞིག་གོ། ཞེས་སོ། །
2 འཇམ་འབྲས་འདི་ཉིད་རྒྱ་མཚོའི་འགྲམ་གྱི་ཚ་བ་ཆེ་སའི་ས་གནས་ཀྱི་ཤིང་གསེབ་དང་། མཚོ་འགྲམ། ཐང་བདེ་བའི་དེའུ་འབུར་བཅས་སུ་སྐྱེ་ཞིང་། འདེབས་འཛུགས་ཀྱང་བྱེད་པའི་ཤིང་དབྱིབས་དང་བོང་ཚད་གནམ་སྟར་ཙམ། ལོ་མ་སྲད་རིགས་ཀྱི་ལོ་མ་ལྟ་བུ་སིབ་སིབ་ཅན། ལོ་མ་སྐྱེ་སའི་ཡལ་ཕྲན་གྱི་རྩེར་ཚེར་མ་ཡིན་པ་དང་ཡལ་གའི་ངོས་སུའང་ཚེར་མ་སྐྱེས་ཤིང་། མེ་ཏོག་སེར་པོ་འདབ་མ་བཞི་ཅན་ཞིབ་པ། གང་བུ་ནར་མོ་འགྲང་ལ་སྲ་བ་ཕྱི་ངོས་སུ་ཚེར་ཞིབ་ཡོད་པ། ནང་དུ་འབྲས་བུ་ཕལ་ཆེར་གསུམ་བཞི་ཙམ་དང་མང་ཤོས་བརྒྱད་དགུ་ཙམ་ཡོད་པ་ཞིག་ཡོད། སྨན་དུ་སྦྱར་བྱ་ནི་དེའི་འབྲས་བུ་སྟེ། དབྱིབས་རིལ་མོ་མདོག་ཐལ་སྐྱ་དང་འགའ་ཤས་ལ་ལྗང་ཞད་ཡོད་པ། ཕྱི་སྐོགས་སྲ་ཞིང་འཇམ་ལ་ནང་དུ་ཚི་གུ་དཀར་པོ་ཅན་ཞིག་གོ། འདྲ་ཡིག་ལས། འཇམ་འབྲས་སྦྲུལ་གྱི་སྒོ་ང་འདྲ། ཞེས་དང་། ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡིས་མཛད་པ་རྒྱུད་ཕྱི་མ་ལས་སྨན་ངོ་གསལ་བྱེད་སྣང་གསལ་སྒྲོན་མེ་ལས། ཀ་རཉྫ་ནི་གཡུ་ཐོག་པས་འཇམ་འབྲས་ལ་འདོད། བི་ཇི་ཆེར་རྗེས་སྲིན་བུ་དམར་ལེབ་ལ་འདོད། གཞན་ཁག་ཅིག་གིས་བསེ་ཤིང་རིགས་ཀྱི་འབྲས་བུ་ལ་བཞེད་པ་སོགས་ཡོད་ཀྱང་སླར་ངེས་པ་རྙེད་པ་ནི་ཤིང་ལ་ཀ་རཉྫ་དང་འབྲས་བུ་ལ་འཇམ་འབྲས་ཏེ་རིགས་ཆེ་ཆུང་གཉིས། བརྒྱད་པའི་རང་འགྲེལ་ལས། ཀ་རཉྫ་རྣམ་གཉིས་དང་ཅེས་འབྱུང་བས་སོ། ཞེས་པ་ལྟར་འབྲས་བུ་ཁམས་རྡོག་ཆེ་བ་ལ་ཀ་རཉྫ་དང་སྔོ་འཇམ་ཆུང་བ་ལ་འཇམ་འབྲས་ཞེས་རིགས་ཆེ་ཆུང་གཉིས་སུ་བརྩི། ད་རུང་ཀ་རཉྫ་འཇམ་འབྲས་ཡིན་པའི་རྒྱུ་མཚན་གཞན་ཞིག་ནི་ཕྱི་རྒྱུད་ཀྱི་སེ་འབྲུ་བརྒྱད་པའི་སྐབས་སུ་བཅའ་སྒ་བྱི་ཏང་ཀ་དང་ཙི་ཏྲ་ཀ། འཇམ་འབྲས་བསྟེན་པས་ཕོ་བའི་མེ་ཉམས་གསོ། ཞེས་པ་དང་བཤད་རྒྱུད་ནུས་པ་རྐྱང་སེལ་སྐབས་ཀ་རཉྫ་ཡིས་ཕོ་བའི་མེ་དྲོད་གསོ་ཞེས་པ་དང་གཅིག་པ་ལ་བརྟེན་ནས་སྨྲ།
གསུམ། འཁྲི་ཤིང་།
འཁྲི་ཤིང་བྱང་ལུགས་ཀྱིས་དབྱི་མོང་དང་ཟུར་ལུགས་ཀྱིས་འོམ་བུ་ལ་བཞེད།
1 དབྱི་མོང་འདི་ལ་རིགས་དཀར་ནག་གཉིས་ཡོད་དེ། འཁྲུངས་དཔེར། དབྱི་མོང་དཀར་ནག་གཉིས་ཡོད་དེ། ཉིན་སྲིབ་གཉིས་ཀ་དག་ལས་སྐྱེ། སྡོང་པོ་ཤིང་གཞན་དག་ལ་འཁྲིལ། ལོ་མ་ནག་ལ་ཅུང་ཟད་རྩུབ། དཀར་པོ་མེ་ཏོག་དཀར་བ་སྟེ། སྲབ་ཆུང་དྲིལ་བུ་ཁ་ཟུམ་འདྲ། གྲང་བ་སེལ་ལ་ཚ་བ་སྐྱེད༌། ནག་པོ་མེ་ཏོག་སེར་ལ་མཐུག གྲང་བ་དྲུང་འབྱིན་མཁྲིས་པ་སྐྱེ། གཉིས་ཀ་རྒས་ན་མི་རྒན་འདྲ། གྲང་སྐྲན་འདུལ་བའི་དར་ཡ་ཀན༌། རོ་ནི་ཚ་ལ་ཡུད་ཙམ་མངར། རང་གི་ནུས་པས་དྲོད་སྐྱེད་ཅིང༌། སྐྲན་རིགས་འདུལ་ལ་ཆུ་སེར་འདྲེན། ཞེས་པ་ལྟར་ཤིང་གསེབ། ས་ཁྲེབ། ལམ་འགྲམ་བཅས་སུ་སྐྱེ་བའི་འཁྲི་ཤིང་གི་རིགས་ཡིན་པས་སྡོང་རྐང་ངམ་ཡལ་ཕྲན་ཡོངས་རྫོངས་གྲུ་བཞི་ཡིན་ལ་ཡལ་ཕྲན་མང་ཞིང་ཚང་ཚིང་བྱེད་པ།ལོ་མ་ཁ་དབྲག་གསུམ་ཅན་ཅུང་རྩུབ་པ་ཟྭ་ལོ་འདྲ་བ།མེ་ཏོག་སེར་སྐྱ་དྲིལ་ཆུང་ཁ་ཟུམ་པ་འདྲ་བ་མང་པོ་སྐྱེ་བ།མེ་ཏོག་ཡལ་རྗེས་ས་བོན་སྤུ་འཕྲུ་སྔོ་སྐྱ་མི་རྒན་གྱི་སྐྲ་དཀར་འདྲ་བ།རྩ་བ་ཤིང་གི་ཁེ་ཚེ་འདྲ་བ་ས་འོག་ནས་རྒྱུས་ཐག་རིང་པོ་བརྐྱང་བ་ཞིག་གོ།
2 འོམ་བུ་ནི་ཀླུ་ཤིང་འོམ་བུ་ཞེས་ཆུ་འགྲམ་སོགས་བརླན་གཤེར་ཆེ་བའི་སར་སྐྱེ་བའི་ཤིང་ཕྲན་ཞིག་སྟེ། ཤིང་ཤུན་སྨུག་པོ་དང་སྡོང་པོའི་ནང་སྟོང་ཞིང་རྐང་སྐྱ་སོབ་ཀྱིས་ཁེངས་པ། ལོ་མ་ལྗང་སྐྱ་ཤིན་ཏུ་ཞིབ་པ་མང་པོ་སྤུངས་ནས་སྐྱེས་པ། ཟླ་བ་ལྔ་དྲུག་སྐོར་ལ་མེ་ཏོག་ཟིང་དམར་ཆུང་ངུ་མང་པོ་སྤུངས་ནས་འཆར་བའི་སྙེ་མ་རིང་པོ་གུག་ནས་བཞད་པ། མེ་ཏོག་ཡལ་རྗེས་ཟླ་བ་བརྒྱད་དགུ་ཙམ་ལ་འབྲས་བུ་ལྗང་གུ་ནས་འབྲུ་ཙམ་གྲངས་མང་འདོགས་པ་ཞིག་གོ། གཞན་ཡང་འོམ་ཆུང་ཞེས་པ་ཞིག་ཡོད་པ་དེ་འདི་དང་སྐྱེ་གནས་མི་མཐུན་པ་ལས་རིགས་དང་མཚན་ཉིད་ལ་ཁྱད་པར་ཆེར་མེད༌། སྨན་དུ་སྦྱར་བྱ་ནི་ལོ་མ་ཡིན་པས་ཟླ་བ་དྲུག་པའི་སྐོར་ལ་བཏུས་ནས་སྐམ་གསེད་ལེགས་ཚགས་བྱ།
བཞི། ཨ་འབྲས།
ཨ་འབྲས་ནི་བྱང་ལུགས་ཀྱིས་ཤ་འབྲས་ཤ་བའི་རླིག་པ་འདྲ་ཞེས་པ་དང་ཟུར་ལུགས་ཀྱིས་ཨ་འབྲས་ཨོམ་ཙིག་བསྡམ་པ་འདྲ་ཞེས་པར་བཞེད།
1 ཤ་འབྲས་ནི་བེེ་སྔོན་ལས། འབྲས་བུ་ཤ་བའི་རླིག་པ་འདྲ་བ་ཤ་འབྲས་ཀྱང་ཟེར་ཞེས་དང༌། ཤེལ་ཕྲེང་ལས། འབྲས་བུ་གང་བུ་ནར་མོ་མཐེབ་ཆེན་སྦོམ་པ་ཙམ་ལ་ཤ་བའི་སྤུ་འདྲ་བ་སྐྱེས་ལ་རྩ་རིས་ཡོད་པའོ། ཞེས་བེེ་སྔོན་དང་ཞལ་མཐུན། དེ་ལྟར་ཕྱི་དབྱིབས་འཇོང་མོ་དང་ཁ་དོག་སྐྱ་བོ།ནང་འབྲས་ཡོད་པ་ཞིག་སྟེ་དོན་དུ་ཤིང་ཏོག་ཨ་མྲའི་འབྲས་བུ་ཡིན། རྒྱ་དཀར་ནག་སོགས་ཚ་བ་ཆེ་བའི་ས་ཁུལ་དུ་འདེབས་འཛུགས་བྱེད་ཀྱི་ཡོད། འཁྲུངས་དཔེར། ཨ་འབྲས་ཤིང་སྡོང་ཆུང་བ་ལ། ལོ་མ་ལྕུམ་གྱི་ལོ་མ་འདྲ། མེ་ཏོག་སྔོན་པོ་གདུག་ལྟར་ཕུབ། འབྲས་བུ་ཤ་བའི་རླིག་པ་འདྲ། ཞེས་སོ། འདྲ་ཡིག་ལས། ཨ་འབྲས་ཤ་བའི་རླིག་པ་འདྲ། ཞེས་གསུངས།
2 ཨ་འབྲས་ཨོམ་ཙིག་བསྡམ་པ་འདྲ་ཞེས་པ་ནི་ཟུར་ལུགས་ཕྱག་རྒྱུན་གཙོ་བོ་གནང་མཁན། སི་ཏུ་པཎ་ཆེན་གྱི་གསོ་རིག་མཐར་ཕྱིན་སློབ་མ་གླིང་སྨན་བཀྲ་འབུམ་རྒྱུད་བཞིའི་དཀའ་འགྲེལ་ལས།ཨ་འབྲས་ཨོམ་ཙིག་བསྡམ་པ་འདྲ་ཟེར་བ་ཁ་སོ་བཅང་བ་འདྲ་བ་ཤུན་པ་དམར་སྨུག་ནང་དཀར་པོ་ཅན་དེ་དངོས་ཡིན། སྔ་རབས་པ་རྣམས་ཀྱིས་སྐྱ་བོ་ཤ་རླིག་འདྲ་བ་ཤ་འབྲས་ཟེར་བ་བྱེད་པ་ནོར་བ་ཡིན་གསུངས།
ལྔ། བྱ་ཕོ་ཙི་ཙི།
བྱ་ཕོ་ཙི་ཙི་ནི་བྱང་ལུགས་ཀྱིས་སྲད་དམར་དང་ཟུར་ལུགས་ཀྱིས་མེ་ཏོག་དམར་པོ་སྤང་རྒྱན་འདྲ་བ་ཞིག་ལ་བྱེད་པ་སོགས་ངོས་འཛིན་མི་འདྲ་བ་མང་ཙམ་ཡོད་པས་དེ་དག་ཐམས་ཅད་ཕྱོགས་བསྡུས་སུ་བཀོད་ན།
1 དེའུ་དམར་ཤེལ་ཕྲེང་སོགས་སུ་ཤིང་མ་ལྡུམ་གྱི་རིགས་རྩ་བ་ཤིང་གི་ཁེ་ཚེ་འདྲ་བ། རིང་ཐུང་སྤེན་ཆུང་ཙམ་ལ་ངར་པ་ཁག་སེར་སྤུ་ཆུང་ཅན། མེ་ཏོག་སྔོ་སྐྱ་ཆུང་ངུ་སྤང་རྒྱན་དབྱིབས་ལྟར་འཆར་བ་དང༌། ལྡུམ་བུ་ཡོངས་རྫོགས་དང་ཁྱད་པར་དུ་མེ་ཏོག་གི་གོས་འབྲས་སོགས་རྒས་ནས་དམར་པོ་འགྱུར་འགྲོ་བ་ཞིག་ཡོད་པ་དེར་བཞེད།
2 ལྷ་ས་སོགས་ཡུལ་ལུང་འགས་ཁ་སྐད་དུ་ཤིང་སྐྱུ་རུ་མ་ཟེར་བ་དེར་བཞེད།
3 བེེ་སྔོན་དུ་བྱང་པ་མཐོང་བ་དོན་ལྡན་དང་གཙང་སྟོད་དར་མ་མགོན་པོ་རྣམས་ཀྱི་ལུགས་ལྟར་ཨའུ་རྩི་ཞེས་ཨ་བྷཱི་ཥའི་རིགས་ལ་མཛད།
4 གླིང་སྨན་བཀྲ་ཤིས་འབུམ་གྱིས་ཟུར་ལུགས་པས་མེ་ཏོག་དམར་པོ་སྤང་རྒྱན་འདྲ་བ་ཞིག་ལ་བྱེད། པདྨ་སྨག་ཤད་དུ་སྐྱེ་བ་མེ་ཏོག་ར་གཟར་འདྲ་བ་ཤིང་མ་ལྡུམ་བྱིས་སྤེན་པ་ཟེར་བ་རྡོག་རྡོག་ཡོད་པ་གཏེར་སྟོན་དཀོན་མཆོག་སྐྱབས་ཀྱིས་ཀྱང་འདི་ཉིད་བྱས་འདུག བྱང་ལུགས་སྲན་མ་དམར་སེར་རྒྱལ་མཚན་འདྲ་བ་ལ་བྱེད། ཅེས་གསུངས།
5 དུས་ཕྱིས་དཔལ་སྤུངས་དགོན་པའི་སྨན་པའི་ཁྲིད་རྒྱུན་ནམ་ཕྱག་བཞེས་ལ་མེ་ཏོག་དམར་པོ་འཆར་བ་གླང་སྣ་དམར་པོ་དང་ཕྱོགས་འདྲ་བ་ཞིག་ལ་ངོས་འཛིན། དེ་གཉིས་མི་ནོར་བའི་རྟགས་སམ་གཟེར་ནི་བྱ་ཕོ་ཙི་ཙིའི་མེ་ཏོག་ལ་གླང་སྣ་ལྟར་དབྱིབས་འཁྱིལ་བའམ་གུག་པ་མ་ཡིན་པར་དབྱིབས་ཅུང་ཟད་ཟླ་གམ་ཉམས་ལྟར་ཡིན་དགོས་གསུངས།
6 སྲད་དམར་ནི་གསང་བའི་ཆུ་བཅོས་ལས། ཁ་སྟོད་སྤང་སྒང་མཁྲེགས་པ་ལ། སྨུག་པོ་ཁྲག་གཟེར་རྒྱས་པའི་གཉེན། སྲད་དམར་དར་དམར་རྒྱལ་མཚན་འདྲ། ལོ་མ་སྤུངས་ལ་སྡོང་པོ་རིང་། མེ་ཏོག་དམར་པོ་ཐུར་དུ་འཕྱང་། སྡོང་པོ་གྱེན་འགྲེང་རྒྱལ་མཚན་འདྲ། ཁྲག་བཤལ་སྨན་ལ་མཆོག་ཏུ་བཟང་། ཁྲག་གཟེར་འཇོམས་ཤིང་ཁྲག་ལམ་མཐུད། ཅེས་པ་ལྟར་ཁ་སྟོད་སྤང་སྒང་མཁྲེགས་པ་ལ་སྐྱེ། ལོ་མ་ཐུང་ལ་སྡོང་བུ་རིང་བ་དང༌། མེ་ཏོག་དམར་པོ་ཐུར་དུ་འཕྱང་ནས་འཆར་བ་ཞིག་སྟེ། སྲད་དམར་དར་དམར་རྒྱལ་མཚན་ཕྱར་བ་འདྲ་ཞེས་འབོད།
གཞན་ཡང་སྨན་རྫས་མིང་གི་ཐད་དུ་ཀུན་བྱེད་རྒྱལ་པོ་ཞེས་པར་བྱང་ལུགས་ཀྱི་མཁས་པ་རྣམས་ཀྱིས་ཧོང་ལེན་དང་ཟུར་ལུགས་ཀྱི་མཁས་པ་རྣམས་ཀྱིས་སྤང་རྩི་དོ་བོ་ལ་བཞེད་པ་དང་། སྨན་རྫས་རིགས་ཀྱི་ངོ་བོའི་ཐད་ལ་ཕུར་མོང་ལྟ་བུར་ཆ་མཚོན་ན་བྱང་ལུགས་ཀྱི་དཀར་པོ་གཙོ་བོ་དང་ཟུར་ལུགས་ཀྱི་ནག་པོ་གཙོ་བོ་བྱེད་པ་དང་། སྨན་རྫས་ཀྱི་སྡེ་ཚན་རྣམ་གྲངས་དབྱེ་འབྱེད་སྐབས་རྡོ་ཡི་རྒྱལ་པོ་སྡེ་བཞི་ལྟ་བུ་ལ་བྱང་ལུགས་ཀྱིས་སྦལ་རྒྱབ་མདུང་རྩེ་གངས་ཐིགས་ཅོང་ཞི་བཞི་ལ་བཞེད་པ་དང་། ཟུར་ལུགས་ཀྱིས་སྦལ་རྒྱབ་གཉིས་ཏེ་སྨུག་པོ་སྦལ་རྒྱབ་དང་དཀར་པོ་སྦལ་རྒྱབ་གཉིས་དང་། ཆིག་ཐུབ་གཉིས་སམ་མདུང་རྩེ་གཉིས་ཏེ་དཀར་པོ་ཆིག་ཐུབ་སྟེ་མདུང་རྩེ་དཀར་པོ་དང་། སྨུག་པོ་ཆིག་ཐུབ་སྟེ་མདུང་རྩེ་སྨུག་པོ་བཅས་ལ་བཞེད་པ་སོགས་མི་འདྲ་བའི་གནས་འགའ་ཤས་ཡོད། འདི་དག་གི་ངོས་འཛིན་ལ་ཕྱོགས་སོ་སོའི་དམིགས་བསལ་གྱི་ཁྱད་ཆོས་སམ་དགེ་མཚན་ངེས་ཅན་ཞིག་ཡོད་སྲིད་ཀྱང་། ཁྱོན་ཡོངས་སུ་ཚད་ལྡན་གནད་སྨིན་དང་ཚད་མཐུན་གཅིག་གྱུར་ཡོང་ཐུབ་ན་དེ་བས་ཀྱང་གལ་གནད་ཆེ་ཚུལ་མཐོང་བས། རང་ཅག་བོད་ཀྱི་གསོ་རིག་ལ་སློབ་སྦྱོང་དང་འཆད་ཁྲིད། སྨན་རྫས་སྦྱར་བཟོ་དང་ཞིབ་འཇུག། དེ་བཞིན་སྨན་བཅོས་བྱ་བ་བྱེད་མཁན་གྱི་སྨན་པ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་སྨན་རིག་གཞུང་ལུགས་རྩ་ཆེན་སྨན་གྱི་འཁྲུངས་དཔེ་དང་འདྲ་དཔེ། ངོས་འཛིན་བཞེད་པ་མི་མཐུན་པའི་ཁག་དང། དངོས་སུ་སྨན་ལྡུམ་ངོ་སྤྲོད་བྱེད་པ་སོགས་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་སྦྱོང་པ་གདེངས་ལྡན་དུ་བསླབས་ནས། དེང་རབས་གསོ་རིག་གི་ཚན་རིག་དང་མཐུན་པའི་བྱེད་ཐབས་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་ཡང་དག་དང་ཕན་ནུས་རྒྱས་བཤད། ཁ་གསལ་གོ་བདེ་སོགས་བྱ་རྒྱུ་ནི་གལ་གནད་ཤིན་ཏུ་ཆེ། །