༄༅། །བོད་ཀྱི་སློབ་གསོའི་རིག་པ་གོང་འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-25


            བོད་ཀྱི་གནའ་རབས་སློབ་གསོའི་རིག་པར་ཁྱད་ཆོས་གང་དང་གང་ཡོད་རགས་བསྡུས་ཙམ་ཞིག་ངོ་སྤྲོད་བྱས་ན་འདི་ལྟར་མཆིས་ཏེ།

༼༡༽ སློབ་གསོའི་ལམ་ལུགས།

            སློབ་གསོའི་ལམ་ལུགས་ཞེས་པ་ནི་སློབ་གྲྭ་གང་འདྲ་ཞིག་ཡིན་ཀྱང་དེའི་ངོ་བོ་དང་། ལས་འགན། སློབ་གྲྭ་ཞུགས་སྐབས་དགོས་པའི་ཆ་རྐྱེན་།སློབ་སྦྱོང་གི་ཡུན་ཚན། རྒྱུགས་ལེན། སློབ་གྲྭ་ཐོན་སྐབས་ཀྱི་ཆུ་ཚད་སོགས་ཀྱི་ལམ་ལུགས་ཡོད་པ་ལ་ཟེར། དེ་ཡང་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བར་གཞིགས་པའི་སློབ་གསོའི་དམིགས་ཚད་དང་ལས་འགན་སོགས་མི་འདྲ་བ་ཡོད་པ་དང་། བོད་ཞི་བའི་བཅིངས་འགྲོལ་མ་ཐོབ་གོང་སྟེ་དེ་སྔའི་བོད་ཀྱི་སློབ་གསོའི་ལམ་ལུགས་ཐད་གསོ་སྐྱོང་བྱེད་པའི་དམིགས་ཚད་དང་ལས་འགན་མི་འདྲ་བ་ཡིན་སྟབས་སློབ་གྲྭའི་ངོ་བོ་མི་འདྲ་བ་ཡོད། དཔེར་ན། དུས་རབས་བརྒྱད་པའི་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་དུ་ཐོག་མར་བཙུགས་པའི་ཆོས་ཀྱི་སློབ་གྲྭ་ནི་ཆོས་ལུགས་སློབ་སྦྱོང་བྱེད་རྒྱུ་ཡིན་ཅིང་། ནང་དོན་ནི་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐྱབས་འགྲོ་དང་། ལས་རྒྱུ་འབྲས། སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཁྲིམས་བཅས་སློབ་རྒྱུ་ཡིན། སློབ་མ་དེ་དག་གི་ནང་ནས་ཆོས་གང་མཁས་པ།སྤྱོད་ཚུལ་གང་བཟང་བ་རྣམས་བཅོམ་ལྡན་འདས་ཀྱི་རིང་ལུགས་པར༼མཁན་པོ་དང་སློབ་དཔོན༽བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། སྐབས་དེར་སློབ་དཔོན་བཅུ་གསུམ་དང་། སློབ་མ་ཉི་ཤུ་རྩ་གསུམ་ཡོད་པ་དེ་དག་གི་འཚོ་བའི་འགྲོ་གྲོན་ནི་རྒྱལ་པོའི་མཛོད་ནས་སྦྱར་སྟེ་སློབ་དཔོན་རེར་ལོ་རེར་ཕོགས་འབྲུ་ཁལ་ལྔ་བཅུ་ང་ལྔ།༼ཟླ་རེར་ཁལ་བཞི་དང་བྲེ་བཅུ་གཉིས་ཕུལ་གང་༽མར་སྲང་བརྒྱད་བཅུ། ༼ཟླ་རེར་མར་ཉག་དྲུག་དང་སྲང་དོ༽ན་བཟའ་ཆ་ཚང་རེ།སློབ་མ་མི་གྲངས་ཉི་ཤུ་རྩ་ལྔ་ཡིན་པར་སློབ་མར་རེ་ལ་ལོ་རེ་ཕོགས་ནས་ཁལ་ཉི་ཤུ་རྩ་ལྔ་རེ། ༼ཟླ་རེར་འབྲུ་ཁལ་གཉིས་ལྷག་ཙམ༽སྣམ་བུ་བུབས་གསུམ་རེ་བཅས་རྒྱུན་སུ་སྤྲོད་ཀྱི་ཡོད་པ་དང་། སློབ་མ་དེ་དག་གི་ནང་ནས་ཆོས་མཁས་ཤོས་དང་ཀུན་སྤྱོད་བཟང་བ་རྣམས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་སྟེ་མཁན་པོར་བསྐོ་བཞག་བྱས་ཐོག་ལོ་རེར་ཕོགས་འབྲུ་ཁལ་བདུན་ཅུ་དོན་ལྔ༼ཟླ་བ་རེར་འབྲུ་ཁལ་དྲུག་དང་བྲེ་ལྔ༽མར་སྲང་ཆིག་སྟོང་བརྒྱ་ཐམ་པ༼ཟླ་བ་རེར་མར་ཁལ་གཅིག་དང་ཉག་གསུམ་ལྷག་ཙམ༽ན་བཟའ་སྣམ་བུ་བུམས་དགུ  ཆིབས་རྟ་གཅིག  ཤོག་བུ་བཅུ་ལྡེབས་བཞི། སྣག་ཚ་ཡུག་གསུམ། ཚྭ་ནམ་དགོས་དུས་སུ་ལེན་ཆོག་པ་བཅས་ཀྱི་ལྟ་སྐྱོང་ཡོད་པ་དང་། གོ་གནས་ནི་གསེར་ཡིག་ཆུང་བའི་བྱང་བུ་དང་། ཚོགསའདུའི་སྐབས་དགུང་བློན་ཆེན་པོའི་འོག་ཞང་བློན་ཆེན་པའི་གྲལ་གྱི་གོང་དུ་བསྡད་ཆོག་པ་བཅས་ཀྱི་གུས་བཀུར་མཐོང་ཆེན་གནང་གི་ཡོད་ཚུལ༼རྦ་བཞེད༽ནང་དུ་གསལ།

སངས་རྒྱས་ཆོས་ལུགས་ཕྱི་དར་འགོ་ཚུགས་པ་ནས་བོད་ཞི་བའི་བཅིངས་འགྲོལ་མ་ཐོབ་བར་དུ་ཆོས་ལུགས་དང་རིག་གནས་སློབ་གསོ་བྱེད་པའི་ལྟེ་གནས་ནི་་དགོན་པ་ཁག་ཡིན་ཅིང་། དེ་ལ་ཡང་མཐར་ཐོན་རྗེས་རང་མོས་ཐོག་ནས་རིག་གནས་གཞན་དག་སློབ་སྦྱོང་བྱེད་པ་མ་གཏོགས་ཆོས་ལུགས་པ་ཞིག་སྟེ་དེ་ནི་དབུས་གཙང་གདན་ས་ཆེན་པོ་བཞི་སོགས་མཚན་ཉིད་ཀྱི་གྲྭ་ས་ཕལ་ཆེ་བ་དེ་ལྟར་ཡིན། དེའི་རྒྱུ་མཚན་ན་སློབ་སྦྱོང་གི་སྐབས་གཙོ་གནད་ཡོད་པའི་སྒོ་ནས་སྣ་གཅིག་ལ་དམ་འཛིན་མ་བྱས་པར་སྣ་མང་པོར་བཟུང་ན་ཤེས་རིག་འཆལ་ཏེ་སེམས་པ་ལྷོད་གཡེང་དུ་འགྲོ་བ་དང་སྣ་མང་བསླབས་ཀྱང་ལེགས་པར་ཤེས་པ་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པར་འབད་བརྩོན་བྱས་པ་ཐམས་ཅད་དོན་མེད་དུ་འགྲོ་བ་སྔོན་འགོག་བྱེད་ཆེད་དམིགས་ཡུལ་ཡོངས་རྫོགས་ལ་དམིགས་ཐོག་གོམ་པ་རེ་རེ་བྱས་ནས་མཐར་ཐོན་ཡོང་པའི་བྱ་ཐབས་བཟུང་བ་ཞིག་ཡིན་པ་མ་གཏོགས་ཆོས་ལུགས་སློབ་སྦྱོང་བྱེད་མཁན་གྱིས་རིག་གནས་གཞན་དག་གཏན་ནས་སློབ་མི་ཆོག་པ་མིན་ལ། གདན་ས་ཆེན་པོའི་ནང་དུ་དགེ་བཤེས་མིང་བཏགས་ཐོན་རྗེས་རིག་གནས་གཞན་དག་སློབ་སྦྱོང་གནང་རྒྱུར་བཀག་འགོག་གཏན་ནས་མེད། རིགས་གཉིས་པ་ནི་ཆོས་ལུགས་སློབ་སྦྱོང་གཙོ་བོར་བྱེད་པའི་ཞོར་ལ་ཆོས་མཚམས་ཀྱི་ངལ་གསོ་གོ་སྐབས་དང་བསྟུན་ནས་རིག་གནས་གཞན་སློབ་སྦྱོང་བྱེད་པ་དེ་ཡིན་ཅིང་། གྲུབ་མཐའ་རིས་མེད་ཀྱི་མཁས་དབང་མང་པོ་ཞིག་ནི་སློབ་གཉེར་གནང་ཐབས་དེ་ལ་བརྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་དུས་ཐུང་ལོ་བཅུ་ཡས་མས་ལ་སློབ་གཉེར་གནས་ཐབས་དེ་ལ་བརྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་དུས་ཐུང་ལོ་བཅུ་ཡས་མས་ལ་སློབ་གཉེར་མཐར་སོན་ཏེ་འཆད་རྩོད་རྩོམ་གསུམ་ཀའི་ཐོག་ནས་མིང་དོན་མཚུངས་པའི་མཁས་དབང་ཆེན་པོར་གྱུར་པ་ཤ་སྟག་ཡིན། རིགས་གསུམ་པ་ནི་དགོན་པ་དེའི་ནང་དུ་གཞུང་ཆེན་པོ་ལྔར་སློབ་སྦྱོང་གཙོ་བོར་བྱེད་མཁན་གྱི་གྲྭ་ཚང་སྔོན་ཡོད་ཐོག་བོད་སྨན་རྩིས་གཉིས་ལ་གཙོ་བོར་སློབ་སྦྱོང་བྱེད་པའི་ཆེད་ལས་གྲྭ་ཚང་ཟུར་དུ་ཕྱེ་སྟེ་གཞུང་ཆེན་པོ་སློབ་གཉེར་བྱེད་མི་ཐུབ་པའི་གྲྭ་པ་ཁག་གཅིག་སྨན་རྩིས་གཉེས་དང་རིག་གནས་གཞན་དག་སློབ་སྦྱོང་བྱེད་དུ་འཇུག་པ་དེ་ཡིན། དེ་ནི་བོད་ཀྱི་སློབ་གསོའི་ཐོག་གི་བསྒྱུར་བཅོས་ཆེན་པོ་ཞིག་དང་འཕེལ་རྒྱས་གསར་པ་ཞིག་སྟེ་ལམ་སྲོལ་དེ་ཐོག་མར་འཛུགས་པ་གནང་མཁན་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ་ཡིན་ཅིང་། ཁོང་གིས་མདོ་སྨད་ཕྱོགས་སུ་བོད་ཀྱི་སྐར་རྩིས་རིག་པའི་སྲོལ་རྒྱུན་སྔར་ཡོད་མི་ཉམས་ཆེད་རབ་བྱུང་བཅུ་གསུམ་པའི་ཆུ་ལུག་ལོར༼སྤྱི་ལོ་༡༧༦༣༽རྒྱུད་སྟོད་སྔགས་རམས་པ་བློ་བཟང་རྡོ་རྗེ་དང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་རབ་བརྟན་རྒྱ་མཚོ་གཉིས་སློབ་དཔོན་དུ་བསྐོས་ཏེ་མཚན་ཉིད་གྲྭ་ཚང་དང་རྒྱུད་པ་གྲྭ་ཚང་གཉིས་ཀྱི་གྲྭ་པ་ཁག་གཅིག་བསྡུས་ནས་གདན་ས་བཀྲ་ཤིས་འཁྱིལ་རང་དུ་དུས་འཁོར་གྲྭ་ཚང་ཨེ་ཝམ་ཆོས་འཁོར་གླིང་ཟུར་དུ་འཛུགས་གནང་ཐོག་གྲྭ་ཚང་དེར་གཙོ་བོར་བོད་ཀྱི་སྐར་རྩིས་རིག་པ་སློབ་སྦྱོང་དང་། ཞོར་ལ་སྒྲ་རིག་པ་དང་། སྡེབ་སྦྱོར། སུམ་རྟགས། སྙན་ངག གཞན་ཡང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གཅིག་བཅས་སློབ་སྦྱོང་བྱེད་དགོས་པའི་གཏན་འབེབས་གནང་བའི་སྐར་རྩིས་ཀྱི་ཆེད་ལས་སློབ་གྲྭ་ཞིག་བྱུང་བ་དང་དུས་མཚུངས་རིག་གནས་གཞན་དག་གི་ཞོར་སྦྱོང་སློབ་གྲྭའི་རྨང་གཞི་ཡང་འདིང་ཐུབ་པ་བྱུང་། དེ་རྗེས་སྡེ་དགེ་ཕྱོགས་སུ་གནས་ལྔ་རིག་པའི་པཎ་ཌི་ཏ་འཇམ་དབྱངས་མཁྱེན་བརྩེ་མཆོག་ནས་ཀ་ཐོག་གདན་སར་གཞུང་ཆེན་བཅུ་གསུམ་དང་རིག་གནས་ཆུང་བ་ལྔའི་སློབ་གྲྭ་ཆེད་འཛུགས་གནང་ཡོད་པ་གོ་ཐོས་བྱུང་ཡང་ལོ་རྒྱུས་ཞིབ་ཆ་བདག་གིས་མ་མཐོང་། གོང་གསལ་དགོན་པ་ཆེན་པོའི་ནང་དུ་རིག་གནས་སློབ་སྦྱོང་གི་ཆེད་ལས་གྲྭ་ཚང་ཟུར་དུ་བཙུགས་པ་དེས་རིག་གནས་སློབ་སྦྱོང་བྱེད་འདོད་པའི་བློ་གསལ་དོན་གཉེར་ཅན་རྣམས་ལ་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་པ་མ་ཟད། ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བའི་གནས་གཞི་བརྟན་པོ་འཛུགས་ཐུབ་པ་བྱུང་པ་རེད།

༼༢༽སློབ་གསོའི་མཚན་ཉིད་རིག་པ།  དེ་ནི་བསམ་བློའི་སློབ་གསོ་དང་། ཤེས་ཡོན་གྱི་སློབ་གསོ།སྒྲིག་ཁྲིམས་ཀྱི་སློབ་གསོ་བཅས་ཕྱོགས་གསུམ་དང་འབྲེལ་བ་ཞིག་ཡིན།བསམ་བློ་ཀུན་སྤྱོད་ལེགས་པ་ནི་རང་ཤུགས་སུ་མི་ཡོང་བས་ཐོག་མར་སྒྲིག་ཁྲིམས་ལ་བརྟེན་ནས་རང་ཉིད་གཅུན་དགོས་པ་དང། སྒྲིག་ཁྲིམས་ནི་བཙན་ཤེད་དང་གཞན་དབང་གི་རང་བཞིན་ལྡན་པ་ཞིག་ཡིན་པས་དེས་རང་ཉིད་གཅུན་ཏེ་གོམས་གཤིས་སུ་འཇགས་པ་ཞིག་བྱུང་མཚམས་གཞི་ནས་རང་རྟོགས་ཡོད་པའི་བསམ་བློ་ཀུན་སྤྱོད་བཟང་པོ་དེ་བྱུང་ཞིང་། དེ་གཉིས་མེད་ན་ཤེས་ཡོན་ལེགས་པོ་ཐོབ་མི་ཐུབ་མ་ཟད། གལ་སྲིད་ཤེས་ཡོན་ཕྲན་བུ་ཞིག་ཐོབ་པའི་དབང་དུ་བྱས་ཀྱང་། དེས་རང་གཞན་ཚང་མར་གནོད་པ་ཞིག་ལས་ཕན་པ་གང་ཡང་མི་ཡོང་།  སྒྲིག་ཁྲིམས་རང་རྟོགས་ཀྱིས་སྲུང་བ་དང་ཀུན་སྤྱོད་ལེགས་པོ་ཞིག་ཡོད་ན་ཤེས་ཡོན་ཡང་གོང་ནས་གོང་དུ་འགྲོ་བས། དེ་གསུམ་ཕན་ཚུན་གཅིག་ཕན་གཅིག་གྲོགས་སུ་གནས་པ་ཡིན་ཞེས་བོད་ཀྱི་མཁས་པ་སྔ་མ་ཚོའི་གསུང་རྒྱུན་དུ་ཡོད།

༼༣༽སློབ་ཁྲིད། སློབ་ཁྲིད་ཅེས་པ་ནི་དགེ་རྒན་གྱིས་སློབ་ཚན་ཁྲིད་པ་དང་སློབ་མས་སློབ་ཚན་ཉན་པའི་ཐུན་མོང་གི་འགུལ་སྐྱོད་ཅིག་སྟེ། སློབ་སྦྱོང་བྱེད་པ་བརྒྱུད་ནས་ཤེས་ཡོན་ཤེས་པ་དང་ངེས་འཛིན་བྱེད་པའི་ནུས་རྩལ་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག ཁོ་ཚོའི་བསམ་བློ་དང་ཀུན་སྤྱོད་ལེགས་པོ་གསོ་སྐྱོང་བྱེད་པ་ཞིག་ལ་ཟེར། དེ་ལ་ནང་གསེས་ཀྱིས་ཕྱེ་ན། བཤད་ཁྲིད་དང་དམར་ཁྲིད། མྱོང་ཁྲིད་བཅས་རིགས་གསུམ་ཡོད། དང་པོ། བཤད་ཁྲིད་ཟེར་བ་ནི་སློབ་དཔོན་གྱིས་སློབ་མར་བསླབ་བྱའི་གཞུང་དེའི་ཚིག་དང་དོན་རྣམས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གསལ་བཤད་བྱས་པ་ལ་ཟེར། གཉིས་པ། དམར་ཁྲིད་ཟེར་བ་ནི་དངོས་ཡོད་ཀྱི་དཔེ་མཚོན་ནམ་ཡང་ན་རི་མོར་བྲིས་པ་ལྟ་བུའི་སྟེང་ནས་གསལ་བཤད་བྱས་པ་སྟེ། དེང་སང་གཟུགས་སྣང་ཅན་གྱི་སློབ་ཁྲིད་ཟེར་བ་དེ་ཡིན། གསུམ་པ། མྱོང་ཁྲིད་ཟེར་བ་ནི་སློབ་དཔོན་གྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་སློབ་མར་སློབ་ཁྲིད་བྱས་ཏེ་སློབ་མ་ལ་ཉམས་མྱོང་དངོས་སུ་མ་ཐོན་བར་དུ་བསམ་བློ་གཏོང་དུ་བཅུག་པ་དེ་ལ་ཟེར། ཁྲིད་སྟངས་རིགས་གསུམ་པོ་དེ་ཡང་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། སློབ་མའི་ཆུ་ཚད་མཐོ་དམན་གྱི་ཁྱད་པར་གཞིར་བཟུང་ནས་ཁྲིད་སྟངས་རིགས་གསུམ་ཀའམ། ཡང་ན་དེ་གསུམ་གྱི་ནང་ནས་གང་ལ་གང་གཙོ་བོར་བྱ་དགོས་པ་སློབ་མའི་གནས་ཚད་ལ་བསྟུན་པ་དང་། སློབ་མ་ཤེས་ཚད་དམའ་པ་རྣམས་ལ་དམར་ཁྲིད་དང་མྱོང་ཁྲིད་ཐོག་ནས་གོ་སླ་ཞིང་དོན་བསྡུས་པའི་སློབ་ཁྲིད་གནང་སྲོལ་ཡོད་པ་རེད།

༼༤༽སློབ་ཁྲིད་ཀྱི་རྩ་འཛིན། སློབ་ཁྲིད་ཀྱི་རྩ་འཛིན་ཞེས་པ་ནི་སློབ་ཁྲིད་ཀྱི་འཆར་གཞི་གཞིར་བཟུང་ནས་སློབ་ཚན་རྒྱས་བསྡུས་འབྲིང་གསུམ་གྱི་ཁྲིད་ཚུལ་གཏན་འཁེལ་ཡོད་པ་ཞིག་ཏེ། དེའི་ནང་ལས་འགན་དང་། དངོས་སྦྱོང་། ཚོད་ལྟ། བསྐྱར་སྦྱོང་སློབ་ཁྲིད་ཀྱི་དུས་ཚོད་ཆ་བགོས་བྱས་པའི་རྩ་འཛིན་ཡོད་པ་ལ་ཟེར། དེ་སྔོན་གདན་ས་ཆེན་པོ་ཁག་ལ། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་སློབ་ཁྲིད་གནང་སྐབས་ཀྱི་གོ་རིམ་དང་རྒྱས་བསྡུས་ཀྱི་རྩ་འཛིན་ནི། ཐོག་མར་རིགས་པའི་གཞུང་ལུགས་དང་མཚན་ཉིད་རིག་པའི་འགྲོ་ལུགས་ཤེས་པའི་ཆེད་དུ་བསྡུས་གྲྭ  དེ་རྗེས་བློ་རིགས་ཏེ་དབང་པོ་ལྔ་དང་། དབང་ཤེས་ལྔ་སོགས་མངོན་སུམ་དང་། གཏན་ཚིགས་རིག་པ་ལ་བརྟེན་ནས་ཕྱི་རོལ་ཡུལ་ངོས་འཛིན་བྱེད་པའི་རྗེས་དཔག་གི་ཤེས་རིག་བཅས་སྐྱེད་ཚུལ་དང་། མངོན་སུམ་དང་རྗེས་དཔག་བར་གྱི་འབྲེལ་བ། འཁྲུལ་ཤེས་ཏེ་ནོར་འཁྲུལ་ཅན་གྱི་ཤེས་པ་དང་། ལོག་ཤེས་ཏེ་བསམ་བློ་ཡང་མ་དག་པའི་རིགས། དད་པ་བརྩོན་འགྲུས་སོགས་སེམས་པ་བཟང་པོའི་རིགས། འདོད་ཆགས་དང་ཞེ་སྡང་སོགས་བསམ་པ་ངན་པའི་རིགས། འགྱོད་པ་དང་གཉིད་སོགས་གཞན་འགྱུར་གྱི་རིགས། གཞན་ཡང་དེ་དག་དང་འབྲེལ་ཡོད་ཀྱི་བསམ་བློ་རིགས་མི་འདྲ་བ་སོ་སོའི་ཁྱད་ཆོས་དང་འབྲེལ་བ་བཅས་ཤེས་པའི་ཆེད་དུ་བློ་རིགས། གཏན་ཚིགས་རིགས་པ་ཡང་དག་པ་གསུམ་དང་། ཡང་མ་དག་པ་བཞི་བཅས་སོ་སོའི་ཁྱད་ཆོས་དང་འབྲེལ་བ། ནང་གསེས་ཀྱི་དབྱེ་བ། གཏན་ཚིགས་རིགས་པ་ཁག་དང་བསམ་བློ་རིགས་མིི་འདྲ་བ་ཁག་བར་འབྲེལ་བ་གང་ཡོད་པ་བཅས་ཤེས་པའི་ཆེད་དུ་རྟགས་རིགས་ཏེ་གཏན་ཚིགས་རིགས་པ། དེ་ཡི་རྨང་གཞིའི་ཐོག་རྒྱ་གར་དུ་ཡོད་པའི་གནའ་རབས་ཀྱི་ཆོས་ལུགས་ཏེ་མུ་སྟེགས་པའི་ལྟ་བ་རིགས་བཅུ་གཅིག་སོ་སོའི་ལྟ་ཚུལ་དང་ནང་པ་སངས་རྒྱས་པའི་ལྟ་བ་ཁག་གི་བར་གྱི་ཁྱད་པར་དང་། འགལ་བ། འཐབ་རྩོད་བཅས་ཀྱི་གནས་ཚུལ་ཤེས་པའི་ཆེད་དུ་ཚད་མ་རིག་པ་སྟེ་ཚད་མ་རྣམ་འགྲེལ། དེ་རྗེས་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་སྤྱོད་ཚུལ་ཤེས་པའི་ཆེད་དུ་ཕར་ཕྱིན། དེ་རྗེས་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ལྟ་བ་ཤེས་པའི་ཆེད་དུ་དབུ་མ། དེ་རྗེས་ཐེག་པ་ཆུང་ངུའི་སྤྱོད་པ་དང་ལྟ་བ་ཤེས་པའི་ཆེད་དུ་མངོན་པ་མཛོད། དེ་རྗེས་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་གི་སྤྱོད་པ་ཤེས་པའི་ཆེད་དུ་འདུལ་བ་བཅས་གོ་རིམ་བཞིན་དུ་སློབ་དགོས་པ་མ་ཟད། དེ་རྣམས་སོ་སོ་ལའང་སློབ་སྦྱོང་བྱས་པའི་ལོ་ཚད་དང་། ལོ་རེར་སློབ་སྦྱོང་གི་མཚམས་གང་ནས་གང་གི་བར་དུ་སླེབས་དགོས་པའི་ཚད་གཞི་བཅས་གཏན་འབེབས་ཡོད་པ་རེད། གཞུང་ཆེན་པོ་ལྔའི་སློབ་སྦྱོང་གི་ལོ་ཚད་སྐོར་གཤམ་དུ་སློབ་སྦྱོང་གི་ཡུན་ཚད་དང་ལོ་རེའི་སློབ་དུས་སྐོར་གླེང་སྐབས་སུ་བཀོད་ཡོད།

༼༥༽སློབ་ཁྲིད་ཀྱི་འཆར་གཞི།  སློབ་ཁྲིད་ཀྱི་འཆར་གཞི་ཞེས་པ་ནི་སློབ་ཁྲིད་ཀྱི་གོ་རིམ་དང་དུས་ཚོད་སོགས་འཁོད་པའི་ཡིག་ཆ་ཞིག་སྟེ་སློབ་གྲྭ་དང་ཆེད་ལས་ཀྱི་ངོ་བོ་ལྡན་པའི་ལས་འགན་ཁག སློབ་མའི་ལོ་ཚད་ཁྱད་ཆོས། སློབ་ཚན་ཁག་གི་སླིབ་ཁྲིད་དུས་ཚོད། རྒྱུགས་ལེན། སློབ་གྲྭ་ཐོན་པའི་ཡིག་ཚད་སོགས་སློབ་གྲྭ་དེའི་བྱ་རིམ་ཆ་ཚང་བ་རྣམས་དུས་དང་ཁག་བགོས་ནས་གཏན་འཁེལ་བྱས་པ་དེ་ཡིན། འཆར་གཞི་དེ་ནི་སློབ་གྲྭའི་འགོ་ཁྲིད་ལས་ཁུངས་ལ་དགོས་པ་མ་ཟད། དགེ་རྒན་སོ་སོར་ཡང་སློབ་དུས་རེ་དང་། ལོ་རེ་སློབ་གྲྭ་འགོ་ཚུགས་ནས་མ་ཐོན་བར་བཅས་དུས་ཐུང་དང་དུས་རིང་གི་སློབ་ཁྲིད་འཆར་གཞི་ཡོད་དགོས་ཤིང་། འཆར་གཞི་མེད་པར་སློབ་ཁྲིད་བྱས་ན་སློབ་དུས་གཅིག་ལ་སློབ་ཁྲིད་ཟིན་དགོས་པ་རྣམས་ཀྱང་མ་གྲུབ་པར་ལྷག་མ་ལུས་པའམ། ཡང་ན་གལ་ཆེའི་སློབ་ཚན་ཞིག་ཀྱང་དུས་ཚོད་ཐུང་ངུ་ཞིག་ལ་སློབ་ཁྲིད་ཟིན་པ་བྱས་ཏེ་སློབ་ཁྲིད་ཀྱི་སྤུད་ཚད་མ་ལོན་པའི་ཁྲལ་སེལ་སླ་བཅོས་ཡོང་ཉེན་ཆེན་པོ་ཡོད། དེ་སྔོན་གདན་ས་ཆེན་པོ་ཁག་དང་གཞུང་བཙུགས་དང་སྒེར་བཙུགས་ཀྱི་སློབ་གྲྭ་རྙིང་པ་ཁག་ལ་སློབ་ཁྲིད་ཀྱི་འཆར་གཞི་རགས་བསྡུས་ཙམ་ལས་ཞིབ་ཕྲ་མེད་པ་མ་ཟད། དགེ་རྒན་རྣམས་པ་ཚོས་ཀྱང་རང་རང་གི་མཁྱེན་རྒྱ་ཆེ་ཆུང་ལ་གཞིགས་པའི་སློབ་ཁྲིད་རྒྱས་བསྡུས་ཐུགས་འདོད་ལྟར་གནང་བ་མ་གཏོགས་ཡིག་ཆའི་ཐོག་གཅིག་གྱུར་གྱིས་གཏན་འཁེལ་བྱས་པའི་འཆར་གཞི་གཏན་ནས་མེད་སྟབས་དགེ་རྒན་མཁྱེན་ཡོན་ཧ་ཅང་རྒྱས་པ་ཚོས་སློབ་ཚན་སྣ་གཅིག་ལ་དུས་ཚོད་ཧ་ཅང་རིང་པོ་འགོར་འགྲོ་ཞིང་། དགེ་རྒན་མཁྱེན་རྒྱ་ཆུང་བ་ཚོས་སློབ་ཚན་གལ་ཆེའི་རིགས་ཀྱང་དུས་ཚོད་ཐུང་ཐུང་ཞིག་ནང་གྲུབ་པ་མཛད་དེ་སློབ་ཁྲིད་གནད་ལ་འཁེལ་པོ་ཞིག་ཡོང་གི་མེད་པ་རེད། དེ་ནི་གནའ་རབས་བོད་ཀྱི་སློབ་གསོའི་ལམ་ལུགས་ཐོག་མ་འདང་བའི་སྐྱོན་ཆ་ཞིག་ཡིན་པས་དེང་དུས་དང་མཐུན་པར་འཆར་གཞི་ལྡན་པའི་སློབ་ཁྲིད་ལམ་ལུགས་གཅིག་གྱུར་ཞིག་འཛུགས་དགོས་པ་རེད།

༼༦༽སློབ་ཁྲིད་ཟིན་བྲིས། དེ་ནི་སློབ་ཁྲིད་ཀྱ་རྩ་འཛིན་གཞིར་བཟུང་ནས་དགེ་རྒན་སོ་སོས་བྲིས་པའི་སློབ་ཁྲིད་ཟིན་བྲིས་ཞིག་སྟེ་དེ་སྔོན་གདན་ས་ཆེན་པོ་ཁག་གི་གྲྭ་ཚང་སོ་སོར་མཁས་པ་རྣམས་ཀྱིས་མཛད་པའི་གཞུང་ཆེན་པོ་ལྔའི་སྤྱི་དོན་དང་མཐའ་དཔྱོད་སོགས་རྒྱས་བསྡུས་སྣ་ཚོགས་ཡོད་ཅིང་། མཁས་པ་འགའ་ཞིག་གིས་ནི་གཞུང་ཆེན་པོ་ལྔ་ཀ་ཆ་ཚང་བའི་སྤྱི་དོན་དང་མཐའ་དཔྱོད་བཅས་མཛད་ཡོད་པ་དང་འགའ་ཞིག་གིས་ནི་གཞུང་ཆེན་པོ་ལྔ་ཀ་ཆ་ཚང་བིའ་སྤྱི་དོན་དང་མཐའ་དཔྱོད་བཅས་མཛད་ཡོད་པ་དང་འགའ་ཞིག་གིས་ནི་གཞུང་གཅིག་གམ་གཉིས་གསུམ་ལྟ་བུའི་སྤྱི་དོན་དང་མཐའ་དཔྱོད་བཅས་མཛད་པ་བཅས་ནི་མཁས་པ་སོ་སོས་རང་ཉིད་ཀྱི་སློབ་མ་རྣམས་ལ་སློབ་ཁྲིད་གནང་སྐབས་སློབ་དཔོན་རང་ཉིད་དང་། ཡང་ན་སློབ་མ་རྣམས་ཀྱིས་ཟིན་བྲིས་བྱས་པ་ཞིག་ཡིན། དབུས་གཙང་གདན་ས་ཆེན་པོ་བཞི་དང་། མདོ་སྨད་བཀྲ་ཤིས་འཁྱིལ། སྐུ་འབུམ་བྱམས་པ་གླིང་། དྭགས་པོ་བཤད་སྒྲུབ་གླིང་། དྭགས་པོ་མངའ་རིས་གྲྭ་ཚང་། ཅོ་ནེ་དགོན་ཆེན་བཅས་ཞ་རང་རང་སོ་སོའི་གཞུང་ཆེན་པོ་ལྔའི་སྤྱི་དོན་དང་མཐའ་དཔྱོད་རྒྱས་བསྡུས་སྣ་ཚོགས་ཡོད་པའི་སྐོར་ཞིབ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི༼བེ་རྡུར་གཡའ་སེལ༽རིག་གནས་ལྔའི་བཤད་པའི་སྐབས་དང་། ཀློང་རྡོལ་བླ་མ་རིན་པོ་ཆེ་དག་དབང་བློ་བཟང་གི་མཛད་པའི༼བཀའ་གདམས་པ་དང་དགེ་ལུགས་པའི་བླ་མ་རགས་རིམ་གྱི་གསུང་འབུམ་མཚན་ཐོ༽ཞེས་པའི་ནང་གསལ། གནའ་རབས་བོད་ཀྱི་སློབ་གསོའི་ལམ་ལུགས་ཐོག་གདན་ས་གཏོགས་སློབ་ཁྲིད་མཛད་པོ་དགེ་རྒན་དང་སློབ་དཔོན་རང་རང་སོ་སོས་ཟུར་དུ་སློབ་ཁྲིད་ཟིན་བྲིས་རེ་བཀོད་པ་གནང་ན་ཟིན་བྲིས་གཅིག་གྱུར་ཞིག་ཡོང་དཀའ་བ་དང་། དགེ་རྒན་རྣམས་ཐུགས་ཐོག་ནས་སློབ་ཁྲིད་གནང་རྒྱུར་བྱང་གོམས་ཐོན་པོ་ཡོད་པའི་རྐྱེན་གྱིས་སློབ་ཁྲིད་ཟིན་བྲིས་ཟུར་དུ་འགོད་དགོས་པའི་དཀའ་ངལ་མེད་པ་རེད། དེང་སྐབས་ནི་འཆར་གཞི་ཞིབ་ཕྲ་ལྡན་པའི་སློབ་ཁྲིད་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་མ་ཟད། དུས་ཐུང་ལོ་གསུམ་བཞིའི་ནང་གལ་ཆེའི་ཆེད་ལས་སློབ་ཚན་མང་པོ་ཞིག་སློབ་ཁྲིད་བྱས་ཟིན་པ་དགོས་སྟབས་དགེ་རྒན་སོ་སོས་རང་རང་གི་གསུང་བཤད་རྒྱས་བསྡུས་འཚམས་ཤིང་གནད་ལ་ཁེལ་བའི་སློབ་ཁྲིད་ཟིན་བྲིས་རེ་ངེས་པར་དུ་འགོད་གནང་མཛད་དགོས་ཤིང་། མ་མཐར་ཡང་གསུང་བཤད་གནང་རྒྱུའི་དོན་ཚན་ཁག་གི་ས་བཅད་རྐང་གྲངས་ཙམ་གྱི་བརྗེད་ཐོ་ཞིག་ལས་མ་བྱུང་ཡང་ངེས་པར་འགོད་གནང་མཛད་རྒྱུ་གནད་ཆེན་པོ་ཡོད།

༼༧༽སློབ་ཁྲིད་བྱ་ཐབས། དེ་སྔོན་བོད་དུ་གདན་ས་ཆེན་པོ་ཁག་ལ་སློབ་ཁྲིད་བྱ་ཐབས་ཀྱི་ཉམས་མྱོང་མང་པོ་ཡོད་པ་རྣམས་ས་སྐྱ་པཎ་ཆེན་གྱིས་ཕྱོགས་བསྡོམས་མཛད༼མཁས་པ་ལ་འཇུག་པའི་སྒོ༽ལས་གསལ་བཤད་རྒྱས་པར་གནང་ཡོད་པས་འདིར་གནད་བསྡུས་ཙམ་བཀོད་ན། ཐོག་མར་གཞུང་དོན་དངོས་གཞི་མ་འཆད་གོང་དུ་སྔོན་འགྲོ་ལ་གཞུང་དེའི་དགོས་དོན་དང་དམིགས་ཡུལ་བཤད་ནས་ཉན་པ་པོ་སློབ་མ་རྣམས་སྤྲོ་བ་སྐྱེད་དུ་འཇུག་པ་དང་། དེ་རྗེས་བཤད་བྱའི་གཞུང་དེའི་ནང་དོན་གཙོ་བོ་གང་དང་གང་ཡོད་པ་བཅས་བཤད་ནས་ཉན་པ་པོ་རྣམས་གཞུང་དོན་རགས་རིམ་ཙམ་ཁོང་དུ་ཆུད་ཐབས་བྱེད་དགོས་ལ། དེ་རྗེས་གཞུང་དོན་དངོས་གཞི་འཆད་སྐབས་བཤད་ཚུལ་མ་ལེགས་པའི་སྐྱོན་བཅུ་གསུམ་ཡོད་པ་དེ་དག་སྤངས་ནས་བཤད་ཚུལ་ལེགས་པའི་ཕྱོགས་ལ་འབད་བརྩོན་བྱེད་དགོས་པ་སྟེ། དེ་ཡང་།

༡ མ་བཤད་པའི་སྐྱོན་ནི། སྐབས་དེར་བཤད་དགོས་ངེས་ཀྱི་དོན་མ་བཤད་པར་བཞག་པ་སྟེ། དེ་ནི་སློབ་ཁྲིད་བྱེད་མཁན་གྱིས་རང་གིས་བཤད་བྱའི་གཞུང་དེོན་དེ་ལ་དོགས་པ་ཆོད་མེད་པ་དང་། གསལ་པོར་འཆད་ཐུབ་པའི་གདེང་ཚོད་མེད་པའི་དབང་གིས་གཡོལ་ཐབས་བྱས་ཏེ་བཞག་པ་ཡིན་པས། དེས་ཉན་མཁན་རྣམས་ལ་ཕན་ཐོགས་པའི་བློ་སྐྱེད་གང་ཡང་ཐོན་མི་ཐུབ་པས་སློབ་ཁྲིད་སྤུས་ལེགས་ཡོང་དཀའ་བ་རེད།

༢ ལེགས་པོར་མ་བཤད་པའི་སྐྱོན་ནི། བཤད་བྱའི་གཞུང་དོན་རྣམས་གསལ་ལ་མི་གསལ་ཙམ་བཤད་ནས་ཉན་པ་པོས་གཞུང་དོན་ལ་དོགས་པ་གང་ཡང་ཆོད་མ་ཐུབ་པར་ལུས་པ་ཞིག་སྟེ། དེ་ནི་དགེ་རྒན་གྱིས་རང་ཉིད་མཁས་རློམ་དང་ང་རྒྱལ་བྱས་ཏེ་རང་ཉིད་ཀྱིས་མ་ཤེས་པ་རྣམས་སློབ་སྦྱོང་ནན་ཏན་མ་བྱས་པའི་དབང་གིས་བྱུང་བ་ཡིན།

༣ ཕྱིན་ཅི་ལོག་ཏུ་བཤད་པ་ནི། དགེ་རྒན་གྱིས་གཞུང་དོན་གོ་བ་ལོག་སྒྲུབ་བྱས་ཏེ་བཤད་པ་ཞིག་སྟེ། དགེ་རྒན་གྱིས་འཁྲིད་བྱའི་གཞུང་དོན་དེ་ལ་གོ་བ་ཡང་དག་པར་ལོན་མ་ཐུབ་པར་གོ་ནོར་ཐེབས་པའམ། ཡང་ན་དམིགས་ཡུལ་ཟུར་བཅངས་ཀྱི་སྒོ་ནས་ཤེས་བཞིན་ཏུ་གོ་བ་ལོག་སྒྲུབ་བྱས་ཏེ་བཤད་པ་གང་རུང་ཞིག་ཡིན་པས་ཉན་པ་པོ་རྣམས་ལ་ཕན་ཐོགས་ཡོད་པའི་བློ་བསྐྱེད་མི་འབྱུང་བ་མ་ཟད། མཐོང་ཐོས་ཀྱི་ཤེས་རྒྱ་ཆུང་བའི་མི་མང་པོ་ཞིག་མགོ་སྐོར་ཐེབས་ཏེ་མ་དག་རྒྱུན་འབྱམས་དང་རང་གཞན་ཚང་མར་གནོད་རྐྱེན་ཆེན་པོ་ཡོང་བའི་གཞི་ཡིན།

 ༤ ཐེ་ཚོམ་དང་བཅས་ཏེ་བཤད་པ་ནི། དགེ་རྒན་གྱིས་བཤད་བྱའི་གཞུང་དོན་ལ་དོགས་པ་མ་ཆོད་བཞིན་དུ་འོལ་ཚོལ་བྱས་ནས་བཤད་པ་ཞིག་སྟེ། དེ་ནི་དགེ་རྒན་གྱིས་བཤད་བྱའི་ནང་དོན་དེ་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཞིག་རྣམ་གྲངས་ཙམ་དུ་བཤད་པ་ལས་རང་ཉིད་ཀྱི་ལྟ་ཚུལ་གང་ཡང་གསལ་བཤད་བྱ་རྒྱུ་མེད་པ་སྟེ། ལོ་རྒྱུས་ཐོག་གི་བཤད་ཚུལ་མི་མཐུན་པ་རྣམས་དཔང་རྟགས་འཕེར་བའི་དཔྱད་གཞིའི་དངོས་པོར་ཚད་འཛིན་བྱ་རྒྱུ་མ་གཏོགས་རིགས་པས་སྒྲུབ་མི་ཐུབ་པ་ཕུད། དེ་མིན་བཤད་བྱའི་གཞུང་དོན་གང་ཡིན་གདེང་ཚོད་ཡོད་པའི་སྒོ་ནས་གསལ་བཤད་བྱ་དགོས་པ་ཡིན།

༥ དཀའ་སར་གཡོལ་ནས་སླ་བར་སྤྲོས་བཤད་བྱེད་པ་ནི། དགེ་རྒན་གྱིས་འཁྲིད་བྱའི་གཞུང་དེའི་དཀའ་གནད་ཆེ་སར་གསལ་བཤད་བྱེད་མི་ཐུབ་པར་གཡོལ་ནས་དཀའ་གནད་མིན་པའི་སར་བཤད་པ་མང་པོ་བྱས་པ་ཞིག་སྟེ། དེ་ནི་མི་རྒན་སོ་མེད་ཀྱིས་ཟས་ཟ་བ་དང་འདྲ་བར་གལ་ཆེ་བའི་དཀའ་གནད་རྣམས་རབ་རིབ་ཙམ་དུ་ལུས་ནས་གཞུང་དོན་ལ་དོགས་པ་ཆོད་པའི་བློ་བསྐྱེད་གང་ཡང་ཐོབ་མི་ཐུབ་པ་ཡིན།

༦ གོ་རིམ་མེད་པར་བཤད་པ་ནི། དགེ་རྒན་གྱིས་གཞུང་དོན་སྔ་ཕྱིའི་གོ་རིམ་དཀྲུག་ནས་བཤད་པ་ཞིག་སྟེ། དེ་ནི་དགེ་རྒན་གྱིས་གཞུང་དོན་སོ་སོའི་སྔ་ཕྱིའི་གོ་རིམ་རྣམས་ཉན་པ་པོའི་བསམ་བློས་ཕྱི་རོལ་ཡུལ་ལ་ངོས་འཛིན་བྱེད་པའི་གོ་རིམ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་པོ་དེར་དོ་སྣང་མ་བྱས་པར་རང་ཉིད་ཀྱི་འདོད་པ་ལྟར་གོ་རིམ་མེད་པར་གང་བསམ་གང་དྲན་དུ་བཤད་པ་ཡིན་པས་བཤད་ཚུལ་དེས་སློབ་མས་ཤེས་ཡོན་ཁོང་དུ་ཆུད་པའི་གོ་རིམ་འཁྲུག་ནས་སློབ་སྦྱོང་ཐོག་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན།

༧ སྐབས་སུ་མ་བབས་པར་བཤད་པ་ནི། སློབ་དཔོན་གྱིས་གཞུང་དོན་འཆད་སྐབས་དེ་དང་འབྲེལ་བ་མེད་པ་དང་སྐབས་སུ་མ་བབས་བཞིན་དུ་གོ་སྐབས་བཙལ་ནས་བཤད་པ་ཞིག་སྟེ། བཤད་ཚུལ་དེས་སྐབས་སུ་བབས་པའི་བཤད་བྱ་གཙོ་བོ་བརླགས་ནས་ཉན་མཁན་གྱི་བསམ་བློ་འཁྲུགས་ཏེ་གནད་དོན་གཙོ་བོ་ངོས་ཟིན་མ་ཐུབ་པའི་སྐྱོན་ཆེན་པོ་ཡོད།

༨ འབྲེལ་མ་ཆགས་པར་བཤད་པ་ནི། དགེ་རྒན་གྱིས་བཤད་བྱའི་གཞུང་དོན་རྣམས་སྔ་ཕྱིའི་གོ་རིམ་གྱི་འབྲེལ་བ་ཡོད་པ་རྣམས་འབྲེལ་མཐུད་བྱེད་མ་ཐུབ་པར་དུམ་བུར་ཆད་ནས་བཤད་པ་ཞིག་སྟེ། བཤད་ཚུལ་དེས་སློབ་མ་རྣམས་གཞུང་དོན་སྔ་ཕྱིའི་བར་གྱི་འབྲེལ་བ་གང་ཡིན་པ་དང་། གཞུང་དོན་སྔ་མ་བཤད་རྗེས་ཕྱི་མ་དེ་དང་དེ་བཤད་པའི་དགོས་པ་གང་ཡིན་ཤེས་མི་ཐུབ་པའི་སྐྱོན་ཆེན་པོ་ཡོད།

༩ རང་ཚིག་སྔ་ཕྱི་འགལ་བའི་སྐྱོན་ནི། སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་རང་ཉིད་ཀྱིས་འགྲེལ་བཤད་བྱས་པའི་ཚིག་སྔ་ཕྱི་བར་མི་མཐུན་པའི་འགལ་བ་ཡོད་པ་ཞིག་སྟེ། བཤད་ཚུལ་དེས་སློབ་མ་རྣམས་ལ་རང་ལུགས་གང་ཡིན་གཞི་འཛིན་ས་མེད་པའི་དོགས་པ་མང་པོ་སྐྱེས་ནས་སློབ་དཔོན་ལ་ཡིད་ཆེས་ཆུང་དུ་འགྲོ་བ་དང་། མཐའ་མ་འཕྱ་སྨོད་བྱེད་པའི་གཞིར་འགྲོ་ཉེན་ཆེན་པོ་ཡོད།

༡༠ ཚིག་དང་དོན་ལ་ལྡབ་སྐྱོར་མང་པ་ནི། སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་དགོས་པ་གང་ཡང་མེད་པར་བཤད་ཟིན་པའི་ཚིག་དོན་ལ་ཡང་ནས་ཡང་དུ་ལྡབ་སྐྱོར་བྱས་པ་སྟེ། དེ་ནི་སློབ་དཔོན་གྱིས་སྔར་བཤད་ཟིན་པའི་ཚིག་དོན་ལ་སྔར་ལས་ལྷག་པའི་གསལ་བཤད་བྱེད་རྒྱུ་ཡོད་པའམ། ཡང་ན་མདོར་བསྟན་དང་རྒྱས་བཤད། དོན་གཅོད་བཅས་ཀྱི་དགོས་པ་ལྷག་པོ་གང་ཡང་མེད་བཞིན་དུ་ཡང་ནས་ཡང་དུ་བསྐྱར་ཟློས་མང་དུ་བྱས་ན་སློབ་མའི་སེམས་ལ་སུན་སྣང་སྐྱེ་བ་དང་། ཡང་ན་གོ་མི་བདེ་བའི་ཤུགས་རྐྱེན་ང་ན་པ་ཐེབས་ཀྱི་རེད། འོན་ཀྱང་སློབ་མའི་གནས་ཚད་མཐོ་དམའ་མི་འདྲ་བའི་དབང་གིས་གནས་ཚད་མཐོ་བ་ཚོར་སློབ་དཔོན་གྱིས་ལན་གཅིག་བཤད་པ་ཙམ་གྱིས་ཤེས་ཐུབ་ཀྱང་། འཛིན་གྲྭ་གཅིག་གི་ནང་དུ་ཡོད་པའི་སློབ་མ་ཡིན་ཀྱང་གནས་ཚད་ཅུང་ཟད་ཞན་པ་རྣམས་ལ་བཤད་པ་རྒྱས་བསྡུས་འབྲིང་ཙམ་བྱ་དགོས་པ་དང་། གནས་ཚད་ཧ་ཅང་ཞན་པ་རྣམས་ལ་བཤད་པ་མདོར་བསྡུས་ཙམ་རེ་བྱས་ན་ཆོག་པ་བཅས་ནི་དགོས་པའི་དབང་གིས་ཡིན་པས་བསྐྱར་ལྡབ་མང་བའི་སྐྱོན་དུ་མི་བརྩི་བ་ཡིན།

 ༡༡ གཞུང་དོན་ཕན་ཚུན་འདྲེས་པའི་སྐྱོན་ནི། སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་གཞུང་དོན་གཙོ་བོ་དང་ཕལ་བ་སོ་སོར་མ་ཕྱེ་བར་མཉམ་དུ་བསྲེས་ནས་བཤད་པ་ཞིག་སྟེ། བཤད་ཚུལ་དེས་གཞུང་དོན་གཙོ་བོ་བཤད་མ་ཟིན་གོང་དུ་ཡན་ལག་གི་དོན་ཕལ་བ་བཤད་པ་དེས་སྐབས་དོན་གཙོ་བོ་བསྒྲིབས་ཏེ་གཙོ་གནད་མངོན་གསལ་དོད་པོ་མི་ཡོང་བའི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།

༡༢ ཚིག་ཧ་ཅང་མྱུར་བའི་སྐྱོན་ནི། སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་སྨྲ་བརྗོད་ཧ་ཅང་མགྱོགས་དྲགས་པ་དཔེ་ཆ་ངག་སྐྱོར་བྱེད་པ་དང་འདྲ་བ་ཞིག་སྟེ། བཤད་ཚུལ་དེས་སློབ་མ་ཟིན་བྲིས་འདེབས་འདོད་ཡོད་པ་རྣམས་ཡིག་འབྲུའི་རྗེས་ཟིན་ཐུབ་པ་ལྟ་ཞོག བློ་འཛིན་བཟང་བ་རྣམས་ཀྱིས་ཀྱང་སེམས་ལ་ངེས་མི་ཐུབ་དབང་གིས་སློབ་ཐུན་གྲོལ་བ་དང་སློབ་མས་བརྗེད་པ་དུས་མཚུངས་པས་སློབ་སྦྱོང་གི་གྲུབ་འབྲས་ཐོག་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།

༡༣ ཚིག་ཧ་ཅང་དལ་དྲགས་པའི་སྐྱོན་ནི། སློབ་དཔོན་གྱིས་སློབ་ཁྲིད་བྱེད་སྐབས་ངག་གི་སྨྲ་བརྗོད་ཧ་ཅང་དལ་དྲགས་པ་ཚིག་འབྲུ་རེ་རེ་བཞིན་དུ་བློ་འཛིན་བྱས་པ་ལྟ་བུ་ཞིག་སྟེ། བཤད་ཚུལ་དེས་སློབ་མ་རྣམས་ཀྱི་སེམས་ལ་སུན་སྣང་སྐྱེ་བ་དང་། སློབ་ཁྲིད་ཀྱི་མྱུར་ཚད་དམའ་བ། ཚིག་དོན་སྔ་ཕྱི་གོ་བ་ལོན་མི་བདེ་བ་བཅས་ཀྱི་སྐྱོན་ཡོད། གོང་གསལ་གྱི་སློབ་ཁྲིད་བྱེད་ཚུལ་ཡང་མ་དག་པའི་སྐྱོན་བཅུ་གསུམ་པོ་དེ་སྤངས་ནས་བྱ་ཐབས་ཡང་དག་པ་རྣམས་ཁོང་དུ་ཆུད་པ་བྱ་དགོས་པས་བྱ་ཐབས་ཡང་དག་པ་ནི་གོང་དུ་བཤད་པའི་སྐྱོན་བཅུ་གསུམ་པོ་དེའི་ལྡོག་ཕྱོགས་རྣམས་ཡིན། དེ་ལ་བརྟེན་ནས་གྲུབ་འབྲས་དང་དགེ་མཚན་རྣམས་འབྱུང་ཞིང་། ད་དུང་དེའི་ཐོག་ཚིག་དོན་ངེས་པའི་སྒྲུབ་བྱེད། ཡིད་ཆེས་པའི་གཏམ་རྒྱུད་དང་ལུང་། གོ་བདེ་བའི་དཔེ། བློ་སྒོ་འབྱེད་བྱེད་ཀྱི་དོགས་སློང་དང་། བགྲོ་གླེང་། གཉིད་རྨུགས་སེལ་བའི་གཏམ་རྒྱུད་བཅས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་དགོས། དེ་ནི་བློ་སྒོ་འབྱེད་པའི་སློབ་ཁྲིད་བྱེད་ཐབས་ཡིན། གཞན་ཡང་སློབ་ཁྲིད་བྱ་ཐབས་སྐོར་ས་སྐྱ་པཎ་ཆེན་དང་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས་རྒྱས་བསྡུས་སྣ་ཚོགས་ཤིག་མཛད་ཡོད་པས་དེ་དག་ཏུ་གཟིགས་ན་གསལ་ཞིང་། འདིར་ཕྱོགས་སྟོན་ཙམ་ལས་ཞིབ་ཕྲ་འགོད་པའི་ངལ་བ་མ་བྱས་སོ། །

༼༨༽ བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད། དེ་ནི་དགེ་རྒན་གྱི་གཙོ་ཁྲིད་ནུས་པ་འདོན་པའི་སྔོན་འགྲོའི་ཆ་རྐྱེན་འོག་སློབ་མས་གཙོ་བོར་བསམ་གཞིགས་བྱེད་པའི་བྱ་ཐབས་ཤིག་ཡིན། བྱ་ཐབས་འདིས་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། རང་འགུལ་རང་བཞིན་བཅས་སྐུལ་སྤེལ་བྱེད་ཐུབ་པ་དང་། རང་རྐྱ་འཕེར་བའི་སྒོ་ནས་གནད་དོན་རྟོགས་ཐུབ་པ་དང་། དབྱེ་ཞིབ། ཡིན་མིན་བརྡར་གཅོད་ཐུབ་པའི་དམིགས་ཡུལ་འགྲུབ་ཐུབ་པ་ཡིན། སློབ་མའི་ཤེས་ཡོན་ནི་རྒྱུན་པར་མུ་མཐུད་ནས་གནད་དོན་ཤེས་པ་དང་། གནད་དོན་ཐག་གཅོད་པ། ཡིན་མིན་བརྡར་ཤ་གཅོད་པ་བཅས་ཀྱི་གོ་རིམ་ནང་ཐོན་པ་ཡིན། བློ་སྒོ་འབྱེད་པའི་བྱ་ཐབས་དེའི་ནང་སློབ་དཔོན་གྱིས་སློབ་ཁྲིད་བྱེད་པ་ནི་འགལ་བའི་ཕྱོགས་གཙོ་བོ་ཡིན་པ་དང་། སློབ་མར་ཁྲིད་སྟེོན་བྱས་ཏེ་རང་རང་གི་བསམ་བློ་གཏོང་དུ་འཇུག་པ་འགལ་བའི་ཕྱོགས་ཕལ་བ་ཡིན། ཡིན་ནའང་སློབ་མའི་སློབ་སྦྱོང་ལ་མཚོན་ན་སློབ་མ་ནི་ནང་རྐྱེན་ཡིན་པས་དེ་ལ་དོན་གཉེར་བྱེད་དགོས་པ་དང་། ཁྲིད་པ་ནི་སློབ་པར་བརྒྱུད་ན་གཞི་ནས་སློབ་ཁྲིད་ཀྱི་ནུས་པ་ཐོན་ཐུབ། དེར་བརྟེན་སློབ་ཁང་ནང་དུ་སློབ་མ་གཙོ་བོ་ཡིན་ཞིང་། སློབ་ཁྲིད་བྱེད་པའི་གོ་རིམ་ནི་ཁོ་ཚོ་ཀླད་པ་འགུལ་བ་དང་བསམ་གཞིགས་གཏོང་བ། རིགས་འདེད་བྱེད་པ། བརྡར་ཤ་གཅོད་པ། དོགས་པ་དང་དཀའ་གནད་འདྲི་བ་བཅས་བྱེད་དུ་འཇུག་དགོས། དེ་སྔོན་གདན་ས་ཆེན་མོ་རྣམས་སུ་གཞུང་ཆེན་པོའི་སློབ་ཁྲིད་གནང་སྐབས་དགེ་རྒན་གྱིས་གསུང་བ་ཙམ་མ་ཡིན་པར་དགེ་སློབ་ཕན་ཚུན་དྲི་བ་དྲིས་ལན་དང་། བགྲོ་གླེང་གི་ཐབས་ཤེས་ཟུང་འབྲེལ་གནང་བའི་རྒྱུ་མཚན་ཡང་དེེར་ཐུག་པ་ཡིན་ཅིང་། དེ་ལ་གོང་དུ་བཤད་པ་ལྟར་ཁྱད་ཆོས་ཆེན་པོ་ཡོད་པ་དང་། དེ་ལ་བརྟེན་ནས་གོམ་པ་རིམ་བགྲོད་ཀྱིས་ཤེས་ཚད་དང་ངོས་འཛིན་གྱི་ཆུ་ཚད་གོང་མཐོར་གཏོང་ཐུབ་པ་སྟེ། རགས་པ་ནས་ཟབ་པ་དང་། ཉེ་བ་ནས་རིང་བ། ཚོར་སྣང་ནས་རྗེས་དཔག བྱེ་བྲག་ནས་སྤྱིའི་རང་བཞིན་དུ་གོང་འཕེལ་འགྲོ་ཐུབ་པའི་བསམ་བློའི་རང་བཞིན་དང་སེམས་ཁམས་རིག་པའི་ཆོས་ཉིད་དང་མཐུན་པའི་བྱ་རིམ་རྣམས་དེར་ཚང་ཡོད་པས་སྔར་བོད་ཀྱི་མཁས་པ་ཚོས་བློ་སྒོ་འབྱེད་ཐུབ་ཀྱི་སློབ་ཁྲིད་དེ་གཙོ་བོར་འཛིན་པ་གནང་གི་ཡོད།

༼༩༽ སློབ་ཁྲིད་ཡོ་བྱད། དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་བེད་སྤྱོད་གཏོང་རྒྱུའི་ཡོད་བྱད་དངོས་པོའི་རིགས་ཏེ་གནའ་རབས་བོད་དུ་སློབ་སྦྱོང་ཡོ་བྱད་ཧ་ཅང་སྟབས་བདེ་ཞིག་ལས་མེད། གཞུང་ཆེན་པོའི་སློབ་ཁྲིད་གནང་སྐབས་གཙོ་བོར་མཚན་ཉིད་རིག་པའི་ཐོག་ནས་གོ་བ་ལེན་རྒྱུར་བརྟེན་སློབ་ཁྲིད་ཡོ་བྱད་རི་མོ་དང་། དཔེ་རིས་སོགས་དགོས་པའི་སྟབས་ཧ་ཅང་ཉུང་ཞིང་། དེ་མིན་གསོ་བ་རིག་པ་དང་། སྐར་རྩིས། གསང་སྔགས་བཅས་ཀྱི་སློབ་ཁྲིད་སྐབས་ཡིག་འབྲུའི་ཡོ་བྱད་སམ་ཊ་དང་། སྒོར་ཐིག ཐིག་སྐུད། ཐིག་ཤིང་། དཔེ་རིས། དམར་དཔེ། འབུར་ཐོན་འདྲ་བཟོ་བཅས་ལ་བརྟེན་ནས་དགེ་རྒན་གྱིས་སློབ་རིམ་བཞིན་སློབ་མས་རྒྱུགས་མ་འཕྲོད་བར་དུ་དངོས་སུ་ལག་བསྟར་གྱིས་དངོས་སྦྱོང་བྱེད་དགོས་པ་ཧ་ཅང་མང་པོ་ཡོད་ཅིང་། དེ་དག་གི་སྐབས་བེད་སྤྱོད་གཏོང་རྒྱུའི་ཡོ་བྱད་ཀྱང་རྗེས་ལུས་ཅན་གྱི་ཡོ་བྱད་སྟབས་བདེ་ཤ་སྟག་རེད། དེང་སང་རྒྱལ་ཁབ་ཕྱི་ནང་དུ་ཚན་རིག་རིག་གནས་ཡར་རྒྱས་འགྲོ་མགྱོགས་པོ་ཡོད་པར་བརྟེན་སློབ་ཁྲིད་ཡོ་བྱད་ལའང་ལེགས་བཅོས་དང་གོང་འཕེལ་ཆེན་པོ་བྱུང་སྟེ་དཔེ་རིས་ལ་མཚོན་ན་ཚོན་ཁྲ་ཅན་གྱི་དཔར་རིས་དང་། དཔར་ཆས། འགུལ་མེད་གློག་བརྙན་དང་བརྙན་འཕྲིན། དངོས་བཤུས་གློག་བརྙན་དང་བརྙན་འཕྲིན། ཏིན་རྩི༼གློག་རྡུལ་༽རྩིས་རྒྱག་འཕྲུལ་འཁོར་སོགས་རང་འགུལ་ཅན་གྱི་འཕྲུལ་ཆས་མང་པོ་ཡོད་ཅིང་། དཔར་འདེབས་ཡོ་བྱད་ལ་མཚོན་ན་རང་འགུལ་ཅན་གྱི་དཔར་འདེབས་འཕྲུལ་འཁོར་དང་དཔར་སློག་འཕྲུལ་འཁོར་འདྲ་མིན་སྣ་ཚོགས་ཡོད་པ་དང་། ཡིག་འབྲུའི་ཡོ་བྱད་ལ་མཚོན་ན་ཡིག་འབྲུ་བསྒྲིགས་པའི་ལྕགས་དཔར་འཕྲུལ་འཁོར་དང་། ཏེན་རྩིའི་ཐབས་བྱུས་ལ་བརྟེན་ནས་དཔྱད་གཞི་འཚོལ་བསྡུ་བྱེད་པའི་འཕྲུལ་འཁོར་སོགས་སློབ་གསོའི་ཡོ་བྱད་ཧ་ཅང་མང་པོ་ཞིག་དེང་རབས་ཅན་དང་འཕྲུལ་ཆས་ཅན་དུ་གྱུར་ཟིན་པས་བོད་ཀྱི་རིག་གནས་ཀྱི་སློབ་གསོའི་ཐོག་དེ་དག་བེད་སྤྱོད་གཏོང་འགོ་ཚུགས་པ་བཅས་ཆ་རྐྱེན་བཟང་པོ་ཡོད། འོན་ཀྱང་ཆ་རྐྱེན་བཟང་པོ་དེ་དག་གིས་སློབ་གསོའི་ཐོག་ནུས་པ་རྒྱ་ཆེན་པོ་ཐོན་ཐུབ་དང་མི་ཐུབ་ནི་དེུ??་རབས་ཅན་གྱི་སློབ་ཁྲིད་ཡོ་བྱེད་དེ་ཚོ་དགེ་རྒན་རྣམས་ཀྱིས་བེད་སྤྱོད་གཏོང་ཐུབ་མིན་ལ་རག་ལས་ཤིང་། དེ་ཚོ་བེད་སྤྱོད་གཏོང་ཐུབ་པ་བྱེད་དགོས་ན་སློབ་དེབ་ཀྱི་སྤུས་ཚད་མཐོ་ཞིང་གཅིག་གྱུར་ཆེ་ཙམ་ཡིན་པ་དང་སློབ་ཁྲིད་བྱ་ཐབས་གསར་པ་ཞིག་ལ་བརྟེན་ན་མ་གཏོགས་གཅིག་གྱུར་མེད་པ་དང་། སྤུས་ཚད་ཞན་པ། བྱ་ཐབས་རྙིང་པ་བཅས་ཡིན་པའི་སློབ་དེབ་ལ་བརྟེན་ན་དེང་རབས་ཅན་གྱི་སློབ་ཁྲིད་ཡོ་བྱད་དེ་དག་བེད་སྤྱོད་གཏོང་རྒྱུར་འཕྲོད་པོ་མེད་པ་རེད།

༼༡༠༽ སློབ་ཁང་། དེ་སྔོན་དགོན་པ་ཁག་གི་ནང་སློབ་ཁྲིད་གནང་སའི་སློབ་ཁང་ཟུར་དུ་མེད་ལ་དེ་ཡང་དམིགས་འཛུགས་བྱས་པའི་སློབ་ཁང་ནང་དགེ་རྒན་ཕར་ཕེབས་ནས་སློབ་མར་སློབ་ཁྲིད་གནང་སྲོལ་མེད་ཅིང་། དགེ་རྒན་གྱི་གཟིམས་ཁང་ནང་སློབ་མ་ཚོ་སྐུ་བཅར་ཞུས་ཏེ་སློབ་ཁྲིད་ཉན་པའམ། ཡང་ན་སྡོད་ཁང་གི་ཆ་རྐྱེན་ལེགས་པའི་སློབ་མ་ཞིག་གི་ཁང་པའི་ནང་དགེ་རྒན་གདན་ཞུ་བྱས་ཏེ་སློབ་ཁྲིད་ཉན་སྲོལ་ཡོད། སློབ་མའི་སྡོད་ཁང་ནང་དགེ་རྒན་གདན་ཞུ་བྱས་པའི་སློབ་ཁྲིད་ནི་འཛིན་གྲྭ་གཅིག་གཉིས་དང་། ཡང་ན་འཛིན་གྲྭ་སོ་སོའི་ནང་ནས་སློབ་ཁྲིད་ཉན་འདོད་ཡོད་པའི་སློབ་མ་ཁག་གཅིག་ལ་དུས་ཚོད་རྒྱུན་རིང་ཙམ་གྱི་བར་སློབ་ཁྲིད་གནང་རྒྱུ་དེ་རེད། དེ་འདྲའི་སྐབས་སུ་སློབ་མ་སུའི་སྡོད་ཁང་ནང་སློབ་ཁྲིད་གནང་ཀྱང་གདན་ཞུ་བྱེད་མཁན་གྱི་སློབ་མ་དེས་སློབ་ཁྲིད་དེ་མ་གྲུབ་བར་དུ་དགེ་རྒན་ལ་གསོལ་ཆས་འབུལ་རྒྱུའི་འགན་འཁུར་གྱི་ཡོད། དེང་སང་སློབ་ཁང་ཆ་རྐྱེན་བཟང་པོ་ཡོད་པ་ནི་འཛིན་གྲྭ་རེར་སློབ་ཁང་རེ་རེ་ཡོད་ལ། འཛིན་གྲྭ་གསུམ་བཞི་ཤོང་ཐུབ་པའི་སློབ་ཁང་ཆེན་པོ་ཡང་ཡོད་ཅིང་། དེ་ཚོ་ཚང་མའི་ནང་དུ་མི་རེར་རྐུབ་སྟེགས་རེ་དང་ལྕོག་རྩེ་རེ། ཡིག་འབྲུ་དང་དཔེ་རིས་འབྲི་སའི་ནག་པང་ཆེན་པོ་རེ། མཚན་མོའི་དུས་སུ་ཉིན་མོ་ལྟར་གསལ་བའི་གློག་ཞུ་སོགས་ཡོད་པས་སློབ་ཁང་གི་ཆ་རྐྱེན་བཟང་པོ་འདི་འདྲ་བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་རྗེས་གཞི་ནས་བྱུང་བ་མ་གཏོགས་དེ་སྔོན་སྤྱི་ཚོགས་རྙིང་པའི་སྐབས་སུ་མཐོང་རྒྱུ་ལྟ་ཞོག སེམས་ལ་དྲན་མཁན་ཡང་ཡོད་མེད་ཀྱི་ཚོད་ཙམ་ཡིན་པ་ནི་རྒན་རབས་ཉམས་མྱོང་ཅན་རྣམས་ཀྱིས་ཤེས་གསལ་ལྟར་རེད།

༼༡༡༽ སློབ་ཚན། དེ་ནི་ནང་དོན་དམིགས་བསལ་ཅན་གྱི་སློབ་ཁྲིད་སྡེ་ཚན་ཞིག་སྟེ། དཔེར་ན། རིག་གནས་ཆུང་བ་ལྔ་དང་། ཆེ་བ་ལྔ། དེང་རབས་ཀྱི་སྐྱེ་དངོས་རིག་པ་དང་། སྲོག་ཆགས་རིག་པ། རྫས་འགྱུར་རིག་པ་སོགས་ལྟ་བུ་ཡིན་ཅིང་། དེ་རྣམས་རང་རང་སོ་སོར་ཐུན་མོང་མ་ཡིན་པའི་ནང་དོན་དང་། མིང་ཚིག ཐ་སྙད། སློབ་སྦྱོང་གི་རེ་འདུན་དང་ཚད་གཞི་བཅས་མི་འདྲ་བ་ཡོད་པས་དམིགས་སུ་བཀར་ནས་སློབ་ཁྲིད་བྱེད་པ་མ་གཏོགས། སློབ་ཚན་ཁག་རེ་རེ་ལ་ཡང་སྔ་ཕྱིའི་གོ་རིམ་དང་། ནང་གསེས་ཀྱི་རྣམ་གྲངས། ཞར་བྱུང་གི་དོན་ཚན་ནང་ཕན་ཚུན་གྱི་འབྲེལ་བ་སོགས་ཞིབ་ཅིང་ཕྲ་བའི་དོན་ཚན་མང་པོ་ཡོད།

༼༡༢༽ ཟུར་བཀོལ་སློབ་ཚན། རྩ་བའི་སློབ་ཚན་གྱི་ནང་ནས་དཀའ་གནད་གལ་ཆེ་བའི་རིགས་ཟུར་དུ་བཏོན་ནས་བཟོས་པའི་སློབ་ཚན་ལ་ཟུར་བཀོལ་སློབ་ཚན་ཟེར། དཔེར་ན། ཕར་ཕྱིན་གྱི་ནང་ནས་དྲང་ངེ་དང་། བསམ་གཟུགས། རྟེན་འབྲེལ། དགེ་འདུན་ཉི་ཤུ་བཅས་ཟུར་འདོན་བྱས་པ་དང་། དེ་བཞིན་དུ་དབུ་མའི་ནང་ནས་མཐའ་བཞིའི་སྐྱེ་བ་འགོག་པ། བདག་འགོག་པ། ཀུན་གཞི་བཅས་ཟུར་འདོན་བྱས་པ། ཚད་མ་རྣམ་འགྲེལ་གྱི་ནང་ནས་བློ་རིགས། རྟགས་རིགས། གཞན་སེལ། ཚད་མ་གྲུབ་པ། མངོན་སུམ་ལེའུ་སོགས་ཟུར་འདོན་བྱས་པ་ལྟ་བུས་མཚོན་དཀའ་གནད་ཆེ་ཞིང་དཔྱད་གཞི་མང་བའི་རིགས་ཟུར་འདོན་གྱིས་དམིགས་སུ་བཀར་ནས་སློབ་སྦྱོང་རྒྱུན་རིང་ཙམ་བྱེད་པ་ལྟ་བུ་ཡིན།

༼༡༣༽སློབ་དེབ། དེ་ནི་སློབ་མའི་གནས་ཚད་རབ་འབྲིང་ཐ་གསུམ་གྱི་གནས་ཚུལ་མི་འདྲ་བ་གཞིར་བཟུང་ནས་རྒྱས་བསྡུས་འབྲིང་གསུམ་དུ་བཟོས་པའི་སློབ་ཁྲིད་ཡིག་ཆ་ཞིག་སྟེ་དེ་ལ་ནང་གསེས་རིགས་གསུམ་ཡོད།༡ གཞུང་ཆ་ཚང་བའི་སློབ་དེབ།དེ་ནི་སློབ་མ་གནས་ཚད་མཐོ་བ་ཚོར་སློབ་ཁྲིད་བྱ་རྒྱུའི་སློབ་དེབ་རྒྱས་པའི་རིགས་ཏེ་གཞུང་ཆེན་པོ་ལྔ་སོ་སོའི་རྩ་བ་དང་དེའི་འགྲེལ་པ་རྒྱ་གར་དང་བོད་ཀྱི་མཁས་པ་ཚོས་མཛད་པ་ཧ་ཅང་མང་པོ་ཡོད་དེ།རྒྱ་གར་གྱི་མཁས་པས་མཛད་པ་རྣམས་ནི་བསྟན་འགྱུར་གྱི་ནང་དུ་བཞུགས་ཤིང་།བོད་ཀྱི་སྔ་རབས་སུ་བྱོན་པའི་མཁས་དབང་རྔོག་ལོ་ཡབ་སྲས་དང་ཕྱ་པ་ཆོས་ཀྱི་སེང་གེ ཁོང་གི་སློབ་མ་སེང་ཆེན་བརྒྱད། ས་སྐྱ་པཎ་ཆེན། འུ་ཡུག་པ་རིགས་པའི་སེང་གེ མཆིམས་འཇམ་དབྱངས། ཀུན་མཁྱེན་མཚོ་སྣ་བ། རྗེ་བཙུན་རེད་མདའ་བ། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། འཇམ་མགོན་ཙོང་ཁ་པ་ཆེན་པོ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ། སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ། ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་འགའ་ཞིག་གིས་གཞུང་པོད་ལྔ་ཀ་དང་། འགའ་ཞིག་གཞུང་རེ་ཟུང་བཅས་ཀྱི་འགྲེལ་པ་རྒྱས་བསྡུས་སྣ་ཚོགས་མཛད་ཡོད་པའི་སྐོར་ཞིབ་པར༼བསྟན་འགྱུར་གྱི་དཀར་ཆག༽ཁག་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི༼བཻདྱར་གཡའ་སེལ༽གྱི་རིག་གནས་ལྔའི་སྐོར་དང་། ཨ་ཁུ་རིན་པོ་ཆེ་ཤེས་རབ་རྒྱ་མཚོས་མཛད་པའི༼དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོོ་ཡིག༽བཅས་ཀྱི་ནང་གསལ། ༢ འདེམ་སྒྲིག་སློབ་དེབ། གཞུང་ཆེན་པ་ལྔ་དང་རིག་གནས་སྐོར་སོགས་སློབ་ཚན་ལྟེ་བའི་ནང་ནས་གནད་ཆེ་བའི་ཕྱ་པ་ཆོས་ཀྱི་སེང་གེས་ཚད་མ་རྣམ་འགྲེལ་གྱི་ནང་དོན་ཁག་དོན་ཚན་ཉི་ཤུ་རྩ་ལྔར་བསྡུས་པ་ལ་བསྡུས་གྲྭ་ཞེས་གྲགས་པ་དང་། དེ་ཡང་བློ་རབ་འབྲིང་ཐ་གསུམ་གྱི་གནས་ཚད་དང་བསྟུན་ཏེ་བསྡུས་ཆེན། བསྡུས་འབྲིང་། བསྡུས་ཆུང་བཅས་ཁག་གསུམ་དུ་བགོས་ཏེ་རིམ་བཞིན་རིགས་ལམ་དམའ་བ་ནས་འབྲིང་དང་ཆེན་པོ་བཅས་སུ་གོམ་པ་རིམ་བགྲོད་ཀྱིས་སློབ་སྦྱོང་བྱེད་ཐབས་འདོན་པ་གནང་ཐོག་བསྡུས་གྲྭ་སློབ་སྦྱོང་མཐར་ཕྱིན་པ་བྱུང་ན་ཚད་མ་རྣམ་འགྲེལ་གྱི་གཞུང་དོན་ཆ་ཚང་བར་ཁོང་དུ་ཆུད་ཐུབ་པའི་དགེ་མཚན་ཆེན་པོ་ཡོད་པ་དང་།དེ་བཞིན་དུ་ཚད་མ་དང་།ཕར་ཕྱིན།དབུ་མ།མཛོད་བཅས་ཀྱི་ནང་དོན་ཁག་གནད་བསྡུས་བྱས་ཡོད་པའི་གཞུང༼གྲུབ་མཐའ༽ཞེས་པའི་རྒྱས་བསྡུས་སྣ་ཚོགས་པ་ཞིག་རིས་མེད་ཀྱི་མཁས་པ་མང་པོས་མཛད་ཡོད་པའི་ནང་ནས་རྒྱས་ཤོས་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི༼གྲུབ་མཐའ་ཆེན་མོ༽ཡིན་ཅིང་། དེ་ལ་ཁལ་ཁའི་དགེ་བཤེས་ངག་དབང་དཔལ་ལྡན་གྱིས་མཛད་པའི༼མཆན་འགྲེལ༽ལེགས་པོ་ཞིག་ཀྱང་ཡོད། གྲུབ་མཐའི་ནང་ནས་རྒྱས་བསྡུས་འཚམས་ཤིང་གོ་བདེ་བ་ནི་ལྕང་སྐྱ་ཧོ་ཐོག་ཐུ་རོལ་པའི་རྡོ་རྗེས་མཛད་པའི༼གྲུབ་མཐའ་ཐུབ་བསྟན་མཛེས་རྒྱན༽ཞེས་པ་དེ་ཡིན། འདུལ་བའི་གཞུང་གི་ནང་ནས་གནད་བསྡུས་བྱས་པ་ནི༼འདུལ་བའི་བསླབ་བྱ༽ཁག་དང༼འདུལ་བའི་ལས་ཆོག༽རྒྱས་བསྡུས༼འདུལ་བའི་གླེང་གཞི༽རྒྱས་བསྡུས་བཅས་ཡིན། དེ་བཞིན་དུ་རིག་གནས་ཆུང་བ་ཁག་ལ་ཡང་དོན་ཚན་གལ་ཆེན་གནད་བསྡུས་བྱས་པ་རྒྱས་བསྡུས་སྣ་ཚོགས་ཡོད་པ་ལྟ་བུ་རེད། དེང་སང་སློབ་གྲྭ་ཆེན་བ་འགའ་ཞིག་ལ་གནའ་རབས་ཀྱི་རིག་གནས་དང་། ལོ་རྒྱུས། ཆོས་ལུགས་བཅས་ཀྱི་ནང་ནས་གནད་བསྡུས་བྱས་པའི་འདེམ་སྒྲིག་སློབ་དེབ་བེད་སྤྱོད་གཏོང་གི་ཡོད། འོན་ཀྱང་འདེམ་སྒྲིག་བྱེད་མཁས་པོ་མ་བྱུང་ན་སློབ་དེབ་མགོ་ཡོད་མཇུག་སྡུམ། མགོ་མེད་མཇུག་མེད་སོགས་སྐྱོན་ཆ་མང་པོ་ཡོང་གི་རེད། ༣ ཟུར་བལྟའི་སློབ་དེབ། དེ་ནི་དངོས་གཞིའི་སློབ་དེབ་དང་ཐད་ཀར་འབྲེལ་བ་ཡོད་པའམ། ཡང་ན་ཞར་བྱུང་གི་དོན་ཚན་ལྟ་བུ་འགའ་ཞིག་སློབ་དེབ་ནང་དུ་དངོས་སུ་མ་བཀོད་པར་སློབ་མ་རྣམས་ཀྱིས་དུས་ཚོད་ཡོད་སྐབས་ཟུར་བལྟ་བྱས་ཆོག་པ་ཞིག་སྟེ། དེ་སྔོན་གདན་ས་ཆེན་པོ་ཁག་ལ་གཞུང་ཆེན་པོ་ལྔ་དང་རིག་གནས་སློབ་སྦྱོང་སྐབས་གཅིག་གྱུར་གྱི་ཡིག་ཆ་མང་པོ་ཡོད་པ་ཕུད་དགོན་པ་གྲྭ་ཚང་གཞན་དག་གི་ཡིག་ཆ་རྣམས་བལྟ་ཀློག་བྱེད་རྒྱུའི་གོ་སྐབས་ཡོད་ཚེ་ཟུར་བལྟ་བྱེད་ཆོག་པ་ལྟ་བུ་ཡིན།

༼༡༤༽ སློབ་སྦྱོང་སྔོན་གྱི་སློབ་གསོ། བོད་ཀྱི་སློབ་གསོའི་ལམ་ལུགས་ཐོག་གཞུང་ཆེན་པོ་ལྔ་དང་རིག་གནས་སློབ་སྦྱོང་མ་བྱས་གོང་དུ་སློབ་གཉེར་གྱི་རྨང་གཞི་འདིང་བའི་སློབ་གསོ་ཡོད། དེ་ལ་ཁྱིིམ་ཚང་ནང་གི་སློབ་གསོ་དང་། དགོན་པར་ཞུགས་ནས་སློབ་སྦྱོང་དངོས་གཞི་མ་བྱས་གོང་གི་སློབ་གསོ་བཅས་རིགས་གཉིས་་ཡོད།

༡ ཁྱིམ་ཚང་གི་སློབ་གསོ། དེ་ནི་བུ་ཕྲུག་རྣམས་དགོན་པར་ཆོས་ཞུགས་མ་བྱས་གོང་ཕ་མའི་སར་ཁྱིམ་གྱི་འཚོ་བ་སྐྱེལ་དགོས་པས་དེ་སྐབས་ཕ་མའི་སློབ་གསོ་ནི་གལ་ཆེ་བ་ཞིག་སྟེ། ཕ་མའི་འཚོ་བ་སྐྱེལ་སྟངས་འདྲ་མིན་གྱིས་བུ་ཕྲུག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པས་དེའི་སྐབས་སུ་ཡ་རབས་སྲོལ་རྒྱུན་གྱི་སློབ་གསོ་དང་། ཀུན་སྤྱོད་ཀྱི་སློབ་གསོ། ཤེས་ཡོན་གྱི་རྨང་གཞིའི་ཡི་གེ་འབྲི་ཀློག་གི་སློབ་གསོ་བཅས་བྱེད་དགོས། ཡ་རབས་སྲོལ་རྒྱུན་གྱི་སློབ་གསོ་ཟེར་བ་ནི་སྤྱི་ཚོགས་ཐོག་གི་བསྔགས་འོས་ཀྱི་སྤྱོད་བཟང་སྟེ་ཕ་མ་དང་རྒན་རབས་ལ་གུས་པ། ཡོན་ཏན་ཅན་ལ་བརྩི་བཀུར། སྤྱོད་བཟང་ལ་མིག་དཔེ་ལྟ་བ་བཅས་ཡིན། ཀུན་སྤྱོད་ཀྱི་སློབ་གསོ་ཟེར་བ་ནི་ཟ་འཐུང་དང་། འགྲོ་འདུག སྐད་ཆ་ཤོད་སྟངས། ཁྲིམས་མཐུན་བྱེད་སྟངས་བཅས་ཡིན། ཤེས་ཡོན་གྱི་རྨང་གཞིའི་སློབ་གསོ་ཟེར་བ་ནི་ཡི་གེ་འབྲི་ཀློག་དང་། སུམ་རྟགས་དག་གསུམ་གྱི་རྩ་བ་བློར་འཛིན་བྱེད་རྒྱུ་སོགས་ཡིན།

༢ སློབ་སྦྱོང་སྔོན་གྱི་གྲ་སྒྲིག་སློབ་གསོ། དེ་ནི་དགོན་པར་ཆོས་ཞུགས་བྱས་རྗེས་ནས་སློབ་གཉེར་དངོས་སུ་མ་བྱས་བར་གྱི་སློབ་གསོ་སྟེ་བྱིས་པ་ལོ་བདུན་ཡན་ལོན་ནས་དགོན་པར་ཆོས་ཞུགས་བྱས་རྗེས་རང་ལོ་བཅུ་ཡན་མ་སླེབས་བར་དུ་ཀུན་སྤྱོད་སྒྲིག་ཁྲིམས་ཀྱི་སློབ་གསོ་དང་རྨང་གཞིའི་ཤེས་ཡོན་གྱི་སློབ་གསོ་གཏོང་དགོས་པ་མ་ཟད།དེ་སྔོན་བོད་དུ་གདན་ས་ཆེན་པོ་ཁག་ལ་བྱིས་པ་དགོན་པའི་ནང་ཆོས་ཞུགས་བྱས་རྗེས་གཞུང་ཆེན་པོོའི་སློབ་སྦྱོང་དངོས་སུ་འགོ་མ་ཚུགས་བར་ལོ་ཤས་རིང་ཁག་ཐེག་དགེ་རྒན༼ཤག་རིགས་དགེ་རྒན༽ཟེར་བ་ཞིག་ཡོད་པ་དེའི་སར་བསྡད་ནས་ཡི་གེ་འབྲི་ཀློག་དང་།དགོན་པའི་ཞལ་འདོན་ཁག ཕར་ཕྱིན༼མངོན་རྟོགས་རྒྱན༽དང་།༼དབུ་མ་འཇུག་པ༽བཅས་བློ་འཛིན་ངག་སྐྱོར་བྱེད་རྒྱུ་གཙོ་བོ་དང་།ཞར་ལ་དགོན་པའི་སྒྲིག་ཁྲིམས་དང་སྤྱི་ཚོགས་ཐོག་གི་ཡ་རབས་ཀུན་སྤྱོད།གྲྭ་པའི་ཟ་འཐུང་འགྲོ་འདུག་སོགས་ཀྱི་ལུགས་སྲོལ་རྣམས་ངག་སློབ་ལུས་ཁྲིད་ཐོག་ཞི་དྲག་གང་ལ་གང་འོས་ཀྱི་སྒོ་ནས་ཕ་མ་བཟང་པོས་བུ་ཚ་གསོ་སྐྱོང་བྱེད་པ་ལྟར་སྦྱོང་བརྡར་གནང་སྲོལ་ཡོད་ཅིང་། ལྷག་པར་དུ་ཁག་ཐེག་དགེ་རྒན་སྐུ་ཡོན་བཟང་བ་རྣམས་ཀྱིས་བྱིས་པ་ཆུང་ངུའི་རིགས་ཤེས་རིག་རྒྱས་ཤིང་རྩ་ཁམས་གསལ་བའི་དུས་སྐབས་དེར་གཞུང་དོན་ལ་གོ་བ་ལེན་རྒྱུ་དང་བསམ་གཞིགས་བྱེད་པའི་ནུས་རྩལ་ཞན་ཡང་། དབང་པོ་ལྔའི་ཡུལ་དུ་འཆར་སྣང་གང་བྱུང་སེམས་ལ་མ་བརྒྱུད་པར་ཐད་ཀར་ངེས་ཐུབ་པའི་ཁྱད་ཆོས་ཡོད་པ་དེ་གཞིར་བཟུང་ནས་ཡི་གེ་འབྲི་ཀློག་དང་། གཞུང་ཆེན་པོ་ལྔའི་རྩ་ཚིག་རྣམས་བློར་འཛིན་ངག་སྐྱོར་བྱེད་དུ་བཅུག་སྟེ་རྗེས་སུ་རིག་གནས་ཆེ་ཆུང་ཁག་སློབ་སྦྱོང་བྱེད་ཐུབ་པའི་རྨང་གཞི་བཟང་པོ་འདིང་གནང་མཛད་ཀྱི་ཡོད་པ་དེས་གཞོན་ནུའི་དུས་སྐབས་སུ་དགེ་རྒན་གྱིས་སློབ་ཁྲིད་གང་གནང་བ་ཚང་མ་སོ་སོས་བློ་འཛིན་བྱས་པའི་རྩ་ཚིག་དེའི་ཐོག་ཏུ་བྱེ་མ་ལ་ཆུ་སིམ་པ་ལྟར་ཧྲིལ་ཧྲིལ་འཇགས་ཐུབ་པ་མ་ཟད། ལོ་ན་མཐོན་པོར་སླེབས་པའི་རྗེས་སུ་ཡང་རང་ཉིད་བྱིས་པ་དང་གཞོན་ནུའི་དུས་སུ་བློ་འཛིན་བྱས་པ་རྣམས་ནམ་ཡང་མ་བརྗེད་པར་བརྟན་པོར་ངེས་ཐུབ་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡོད། ཕྱོགས་མཚུངས་བྱིས་པའི་དུས་སུ་ཀུན་སྤྱོད་བཟང་པོ་དང་སྒྲིག་ཁྲིམས་བཟང་པོ་སྣ་ཚོགས་ལ་གོམས་གཤིས་ཆགས་སུ་བཅུག་པ་དེ་ཡང་བཙད་ཤེད་ཀྱི་རང་བཞིན་ལྡན་་པ་ཞིག་ཡིན་རུང་། བྱ་རིམ་དེ་བརྒྱུད་ནས་རང་རྟོགས་ཡོད་པའི་ཀུན་སྤྱོད་བཟང་པོ་དང་། སྒྲིག་ཁྲིམས་སྲུང་རྒྱུར་རང་འགུལ་ཡོད་པ་་ཞིག་ཏུ་འཚར་ལོངས་འབྱུང་ངེས་པ་ནི་སྤྱོད་བཟང་ཡོད་པ་དང་རིག་གནས་ཡོད་པ་ཞིག་ཏུ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་ཡོངས་སུ་མཐུན་པ་ཞིག་ཡིན།

༼༡༥༽ སློབ་ཞུགས་ཀྱི་འགྲོ་ལུགས། ཐོག་མར་ཁག་ཐེག་དགེ་རྒན་ནས་དཔེ་ཆའི་དགེ་རྒན་དང་ཁང་ཚན་དགེ་རྒན་ལ་སྙན་ཞུ་ཕུལ་ཏེ་དེ་ནས་ཁང་ཚན་དགེ་རྒན་གྱིས་གྲྭ་ཚང་དགེ་བསྐོས་དང་། མཁན་པོར་སྙན་ཞུ་འབུལ་དགོས། མཁན་པོར་གསར་མཇལ་ཞུ་སྐབས་མཇལ་དར་དང་དངུལ་ཕྲན་བུ་འབུལ་དགོས། གསར་ཞུགས་དངོས་གཞིའི་སྐབས་ཁང་ཚན་དགེ་རྒན་གྱིས་སྣེ་ཁྲིད་ནས་དགེ་བསྐོས་ལ་ངོ་སྤྲོད་ཞུས་ཐོག་མིང་ཐོ་འགོད་དགོས་ཤིང་། དེ་ཉིད་ནས་སློབ་གཉེར་བའི་ཁོངས་སུ་ཚུད་པ་ཡིན།

༼༡༦༽ དགེ་རྒན། དགེ་རྒན་ཞེས་པའི་གོ་དོན་སྐོར་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ནི། རང་ཉིད་ཀྱི་སྒོ་གསུམ་ཉེས་སྤྱོད་ལས་ལྡོག་ཅིང་། ཡ་རབས་དགེ་བའི་ཕྱོགས་ལ་སྦྱོར་མཁས་པ་དང་། རང་ཉིད་ལས་ཡོན་ཏན་གྱི་སྒོ་ནས་རྒན་པ་ཡིན་པའི་དབང་གིས་དགེ་རྒན་ཞེས་ཐོགས་པར་གསུངས་པ་འདི་ལ་གོ་རྒྱུ་གཏིང་ཟབ་པོ་ཡོད། དབུས་གཙང་གདན་ས་ཆེན་པོ་ཁག་ལ་དགེ་རྒན་རིགས་གསུམ་ཡོད། ༡ ཁག་ཐེག་དགེ་རྒན། དེ་ནི་རང་ཉིད་དགོན་པ་དེར་ཆོས་སྒོར་ཞུགས་རྗེས་སྒྲིག་ཁྲིམས་ལས་མི་འགལ་བ་དང་། རྒྱུན་ལྡན་གྱི་འཚོ་བ། སློབ་སྦྱོང་། དཔེ་ཆའི་དགེ་རྒན་འཚོལ་རྒྱུ་སོགས་ཀྱི་ཐད་ལ་ལེགས་སྤེལ་ཉེས་འགོག་གི་སློབ་སྟོན་དང་ལྟ་རྟོག་མཛད་མཁན་ཡིན། ༢ དཔེ་ཆའི་དགེ་རྒན། དེ་ནི་སྔོན་དུས་གདན་ས་ཆེན་པོ་ཁག་ལ་དཔེ་ཆ་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ལ་ཟེར་ཞིང་། གཞུང་ཆེན་པོར་སློབ་སྦྱོང་བྱེད་པའི་དུས་ལ་སླེབས་ཤིང་སློབ་སྦྱོང་བྱེད་འདོད་ཡོད་པའི་སློབ་གཉེར་བ་དེར་འོས་ཤིང་འཚམས་པའི་དཔེ་ཆའི་དགེ་རྒན་ཞིག་ཁག་ཐེག་དགེ་རྒན་གྱིས་བཙལ་ཏེ། དེ་ལ་སློབ་གཉེར་པ་དེའི་སློབ་ཁྲིད་མངགས་བཅོལ་ཞུས་ཡོད་ལ། ཡང་འཛིན་གྲྭ་གཅིག་གི་སློབ་གཉེར་བ་ཚང་མས་མོས་མཐུན་བྱས་ཏེ་དགེ་རྒན་གཅིག་འཚོལ་བ་ཡང་ཡོད་ཅིང་། འཛིན་གྲྭ་མང་པོས་དཔེ་ཆའི་དགེ་རྒན་གཅིག་བཙལ་ཏེ། དགེ་རྒན་གྱིས་བཀོད་སྒྲིག་གནང་བའི་དུས་ཚོད་དང་མཐུན་པར་འཛིན་གྲྭ་ཁག་ཉིན་རེས་མོས་བཅས་སྐུ་དྲུང་དུ་བཅར་ནས་སློབ་ཁྲིད་ཉན་པ་ཡང་ཡོད། གང་ལྟར་དཔེ་ཆའི་དགེ་རྒན་ནི་སློབ་གཉེར་བ་རྣམས་ཀྱིས་རང་མོས་ཐོག་ནས་འཚོལ་བ་ལས་དགོན་པ་དང་སྲིད་གཞུང་གིས་བཀའ་འབེབས་བསྐོ་བཞག་བྱེད་པའི་ལུགས་སྲོལ་མེད། ༣ ཟུར་ཁྲིད་དགེ་རྒན། དེ་ནི་སློབ་མ་མང་པོ་ཡོད་པའི་དགེ་རྒན་རྣམས་ཀྱིས་སློབ་མའི་ནང་ནས་གནས་ཚད་མཐོ་བ་ཁག་གཅིག་བདམས་ཏེ་དེ་ལ་སློབ་མ་གནས་ཚད་དམའ་བ་ཚོར་ཟུར་དུ་སློབ་ཁྲིད་རོགས་རམ་བྱེད་དུ་བཅུག་པ་ལ་ཟེར། དེ་ནི་སློབ་ཁྲིད་ཀྱི་ལས་དོན་དངོས་ཀྱི་ནང་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་པ་དང་ཆབས་ཅིག སློབ་མ་གནས་ཚད་དམའ་བ་ཚོར་ཤེས་ཚད་གོང་མཐོར་གཏོང་ཐུབ་པའི་ཉམས་མྱོང་གནད་ཆེན་ཞིག་རེད།

༼༡༧༽དགེ་རྒན་གྱི་འོས་ཚན། དེ་ནིདགེ་རྒན་ལ་ཚང་དགོས་པའི་ཡོན་ཏན་ལ་ཟེར་བ་སྟེ།ད་ལྟ་དགེ་རྒན་བྱེད་མུས་ཡིན་པ་རྣམས་ཀྱིས་འོས་ཚད་དེ་རང་ཉིད་ལ་ཚང་མ་ཚང་བརྟགས་ནས་མ་ཚང་བ་རྣམས་ཚང་བར་འབད་བརྩོད་བྱེད་དགོས་པ་དང་།ཚང་བ་རྣམས་སྔར་ལས་ལྷག་པར་གོང་འཕེལ་གཏོང་དགོས་པ།འབྱུང་འགྱུར་དགེ་རྒན་གྱི་ལས་གནས་སུ་སླེབས་རྒྱུ་དང་།དགེ་རྒན་བྱེད་འདོད་ཡོད་པ་རྣམས་ཀྱིས་དགེ་རྒན་གྱི་འོད་ཚད་གཞིར་བཟུང་ནས་རང་ཉིད་ལ་བླང་བྱ་འདོན་དགོས་ཞེས་བོད་ཀྱི་མཁས་པ་ཚོས་སློབ་དཔོན་གྱི་ཡོན་ཏན་བཤད་པའི་སྐབས་སུ་ནན་ཏན་གྱིས་གསུངས་ཡོད།དགེ་རྒན་ལ་ངེས་པར་དུ་ཚང་དགོས་པའི་ཡོན་ཏན་དེ་ལ་བཅུ་གཅིག་ཡོད། ༡ དུལ་བ། ལུས་ངག་གི་བྱ་སྤྱོད་ངན་པ་རྣམས་སྤངས་ནས་ཀུན་སྤྱོད་གཙང་མ་ཞིག་དགོས། དེའི་རྒྱུ་མཚན་ནི་དགེ་རྒན་ཟེར་བ་ནི་སློབ་མའི་མིག་དཔེ་ལྟ་ས་ཡིན་པ་ལུགས་རྒྱག་སའི་ལུགས་པར་དང་འདྲ་ཞེས་གསུངས་སྲོལ་ཡོད་པས་དེ་ནི་རང་དཔེ་གཞན་སྟོན་གྱི་སློབ་གསོའི་གཞི་རྩ་ཡིན། ༢ ཞི་བ། དེ་ནི་བསམ་པ་ངན་པ་ང་རྒྱལ་དང་ཕྲག་དོག་ འདོད་ཆགས། ཁོང་ཁྲོ། གཡོ་སྒྱུ། གནོད་སེམས། ལེ་ལོ། རྣམ་གཡེང་སོགས་མེད་པའམ་ཆུང་བ་ལ་ཟེར། དེའི་རྒྱུ་མཚན་ནི་ལུས་ངག་གཉིས་ལས་བྱུང་བའི་བྱ་སྤྱོད་ངན་པ་རྣམས་རང་སེམས་ལ་ཉོན་མོངས་དེ་དག་ཤུགས་ཆེན་པོ་ཡོད་པའི་དབང་གིས་བྱུང་ཞེས་གསུངས་ཡོད། ༣ ཉེ་བར་ཞི་བ། དེ་ནི་གཞན་དོན་སྒྲུབ་རྒྱུར་རང་དོན་ལས་ལྷག་པའི་དགའ་ཞེན་ཡོད་པ་ལ་ཟེར། རང་དོན་གཙོ་བོར་འཇོག་མཁན་དེས་སློབ་མའི་དོན་དུ་དཀའ་སྤྱད་ཁུར་དུ་འཁྱེར་འདོད་པའི་ཞིག་ཡོང་མི་སྲིད་པའི་དབང་གིས་རེད། ༤ སློབ་མ་ལས་ཡོན་ཏན་ལྷག་པ། དེ་ནི་དགེ་རྒན་དེ་སློབ་མ་ལས་ཡོན་ཏན་ལྷག་པ་ཞིག་ཡོད་ན་སློབ་མ་ཡར་རྒྱས་འགྲོ་མགྱོགས་པ་ཡོད་ཅིང་།འདྲ་མཉམ་ཞིག་ལས་མེད་ན་སློབ་མའི་ཤེས་ཚད་ཡར་རྒྱས་མེད་པར་རང་སོར་གནས་པ་དང་། སློབ་མ་ལས་དགེ་རྒན་ཡོན་ཏན་དམའ་ན་སློབ་མ་ཡོན་ཏན་ཕྲན་བུ་ཡོད་པ་དེ་ཡང་ཉམས་ནས་འགྲོ་གི་ཡོད་པར་གསུངས། ༥ བརྩོན་འགྲུས་དང་ལྡན་པ། དེ་ནི་བྱ་བ་གང་བརྩམས་པ་དེ་མཐའ་འཁྱོལ་བ་བྱེད་པའི་སྙིང་སྟོབས་ཡོད་པ་སྟེ།དགེ་རྒན་དེ་ལ་སློབ་མ་མང་པོ་མང་པོ་ཡོད་ཟེར་བ་དང་།སློབ་ཁྲིད་འདི་དང་འདི་བྱས་ཟེར་བའི་མིང་སྐམ་པོ་དོན་དུ་མི་གཉེར་བར་སློབ་ཁྲིད་ཀྱི་ལས་ཀ་འགོ་མཇུག་མཐའ་འཁྱོལ་བྱེད་ཐུབ་པ་ལ་ཟེར། ༦ མང་དུ་ཐོས་པ། དེ་ནི་ཤེས་ཡོན་སྣ་མང་པོ་སློབ་སྦྱོང་བྱེད་མྱོང་བིའ་མང་དུ་ཐོས་པ་དང་གཅིག ཤེས་ཡོན་སྣ་གཅིག་ཀྱང་ཐེངས་མང་པོ་སློབ་སྦྱོང་བྱེད་མྱོང་བའི་མང་དུ་ཐོས་པ་དང་གཉིས། ཤེས་ཡོན་སྣ་ཁ་གཅིག་ཀྱང་དགེ་རྒན་མང་པོའི་ས་ནས་བསླབས་མྱོང་པའི་མང་པོ་ལས་ཐོས་པ་དང་གསུམ། སློབ་སྦྱོང་བྱེད་སྐབས་སློབ་གྲོགས་མང་པོ་དང་མཉམ་དུ་སློབ་ཁྲིད་ཉན་མྱོང་བའི་མང་པོ་དང་ཐོས་པ་སྟེ་བཞི་བཅས་ནི་མང་ཐོས་ཕུན་སུམ་ཚོགས་པ་བཞི་ལྡན་ཟེར་བ་དེ་ཡིན་ཅིང་།དེ་ཚོ་རེ་རེ་ལ་ཁྱད་ཆོས་མི་འདྲ་བ་རེ་ཡོད་པ་འདིར་འགོད་པར་མ་ནུས་པས་འདུལ་བ་དང་མངོན་པའི་གཞུང་གི་འགྲེལ་པ་ཚོར་གསལ་བ་དེ་ལྟ་བུ་ཞིག་དགོས་པ་ཡིན། ༧ དེ་ཉིད་རྟོགས་པ། དེ་ནི་སློབ་མར་བསླབ་བྱའི་ཡོན་ཏན་དེ་ལེགས་པར་ཤེས་ཤིང་དོགས་པ་དང་ཐེ་ཚོམ་མེད་པའི་གདེང་ཚོད་ཡོད་པ་ལ་ཟེར། ༨ སྨྲ་མཁས་པ། དེ་ནི་དགེ་རྒན་གྱིས་སློབ་མར་སློབ་ཁྲིད་བྱེད་སྐབས་དོན་མཚོན་བྱེད་ཀྱི་དཔེ་དང་། དོན་ངེས་པའི་སྒྲུབ་བྱེད། ཡིད་ཆེས་པའི་ལུང་། གཉིད་སྨུགས་སེལ་བའི་གཏམ་རྒྱུད། བློ་སྐྱེད་འཕེལ་བའི་དོགས་སློང་། བློ་སྒོ་འབྱེད་པའི་དྲི་བ་དྲི་ལན་བཅས་རྒྱས་བསྡུས་འཚམས་ཤིང་ཚིག་གསལ་གོ་བདེ་བ། བྱམས་བརྩེ་ལྡན་པའི་ཚིག་སྙན་ལ་འཇམ་པ།སྨྲ་རྗོད་མགྱོགས་ཚད་རན་ཅིང་ངལ་གསོའི་ཚིག་མཚམས་ལྡན་པ་བཅས་སློབ་མས་ཇི་ཙམ་ཉན་ཀྱང་སེམས་ལ་སུན་སྣང་མེད་པར་ཉན་སྙིང་འདོད་པ་དེ་ལྟ་བུ་ཞིག་དགོས་པར་གསུངས་པ་དེ་ནི་དེང་སང་སློབ་གསོའི་སྐད་ཆ་ཟེར་བ་དེ་རང་རེད། ༩ བྱམས་བརྩེ་དང་ལྡན་པ། དེ་ནི་སློབ་མའི་མདུན་ལ་ཁ་འཚེར་འཚེར་དང་ངོ་གདོང་ལ་བྱུལ་བྱུལ་བྱས་པ་ལྟ་བའི་བྱམས་བརྩེ་ལ་མི་ཟེར་བར་སྐྱོན་བརྗོད་དང་བསྟོད་བསྔགས་གང་གང་འོས་བྱས་ཏེ་དཀའ་ངལ་ཕྲད་སྐབས་དུས་ཐོག་ཏུ་སེལ་ཐུབ་པའི་ཕ་མ་བཟང་པོ་ལྟ་བུ་ཞིག་དགོས་པར་གསུངས། ༡༠ སྐྱོ་ངལ་མེད་པ། དེ་ནི་སློབ་མར་སློབ་ཁྲིད་ཡང་ཡང་གནང་དགོས་བྱུང་ཡང་སུན་སྣང་མེད་པའི་ཐོག་ནས་སློབ་མས་ལེགས་པར་མ་ཤེས་ཀྱི་བར་ངང་རྒྱུད་རིང་པོས་སློབ་ཁྲིད་གནང་ཐུབ་པ་ལ་ཟེར། ༡༡ དུས་སུ་འདོམས་པ། དེ་ནི་སློབ་དཔོན་དང་དགེ་རྒན་གྱིས་སློབ་མ་རྣམས་ལ་སློབ་གསོ་དང་། སྐྱོན་བརྗོད། བསྟོད་བསྔགས་བཅས་གང་གནང་ཡང་དུས་ཐོག་ཏུ་གནང་བ་ལས་དུས་ལ་མ་བབས་པའམ། དུས་ལས་ཡོལ་ན་མི་གནང་བ་དེ་ལ་ཟེར། དེའི་རྒྱུ་མཚན་ནི་དུས་ལ་བབས་པ་དང་།དུས་ལས་ཡོལ་བའི་སློབ་གསོ་དང་། སྐྱོན་བརྗོད། བསྟོད་བསྔགས་བཅས་ཀྱི་སློབ་མར་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཐོན་མི་ཐུབ་ལས་དེ་འདྲ་བྱས་ན་ཕན་ཐོགས་མེད་པ་ཡིན།

གོང་གསལ་བོད་ཀྱི་སྔོན་བྱོན་མཁས་པ་ཚོས་སློབ་དཔོན་ལ་ངེས་པར་དུ་ཚང་དགོས་པའི་ཡོན་ཏན་བརྒྱད་དང་།དེ་ཚོ་རེ་རེ་ལ་ཡང་དགེ་སྐྱོན་གཉིས་རེ་རྒྱུ་མཚན་དང་བཅས་ནས་ཞིབ་ཕྲ་གསུངས་ཡོད་པ་རྣམས་དེང་དུས་ཀྱི་དགེ་རྒན་ཚོས་ཀྱང་སློབ་སྦྱོང་གནང་འོས་པ་ཤ་སྟག་རེད།

༼ ༡༨ ༽སློབ་མའི་ཆ་རྐྱེན། དེ་ནི་སློབ་མ་རྣམས་ལ་ཚང་དགོས་པའི་ཆ་རྐྱེན་ལ་ཟེར། གཞུང་ཆེན་པོའི་སློབ་གཉེར་ལ་ཞུགས་ཆོག་པའི་ཆ་རྐྱེན་ནི་གཞུང་ཆེན་པོ་ལྔ་ལ་སློབ་སྦྱོང་བྱེད་འདོད་ཡོད་པ། དགོན་པའི་རྒྱུན་གཏན་གྱི་ཚོགས་འདོན་དང་།སློབ་སྦྱོང་རྨང་གཞིའི་རྩ་ཚིག་རྣམས་བློ་འཛིན་བྱས་ཡོད་པ། ཆོས་ལུགས་ཐོག་གི་རྐུ་ཐབས་སུ་གནས་པ་མ་ཡིན་པ་བཅས་ཡིན་ན་སློབ་གཉེར་ལ་ཞུགས་ཆོག་ཅིང་རུས་རྒྱུད་འབྱུང་ཁུངས་ཀྱི་དབང་དུ་བྱས་ན། མགར་བ་དང་། བཤན་པ། ཕ་མ་གསོད་པ་སོགས་ཉུང་ཤས་ཕུད། དེ་མིན་ངལ་རྩོལ་མི་དམངས་ཀྱི་རིགས་གང་ལའང་བཀག་འགོག་མེད། དེ་སྔོན་གདན་ས་ཆེན་པོ་ཁག་ནས་དགའ་ལྡན་ཁྲི་པ་དང་གྲགས་ཅན་གྱི་དགེ་བཤེས། དེ་མིན་གྱི་མཁས་པ་ཆེན་པོ་གྲངས་ལས་འདས་པ་བྱུང་བའི་ནང་ནས་ཉུང་ཤས་ཤིག་ཁྱིམ་ཚང་སྟོབས་འབྱོར་ཅན་གྱི་རྒྱུད་ནས་བྱུང་བ་ཕུད། མང་ཆེ་བ་ནི་ངལ་རྩོད་མི་དམངས་ཀྱི་ཁྱིམ་ཚང་ནས་བྱུང་བ་ཤ་སྟག་ཡིན་སྟབས་བོད་ཀྱི་གཏམ་དཔེར། ༼ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ༽ཟེར་བ་ཡང་དོན་དངོས་དང་མཐུན་པའི་གཏམ་དཔེ་གསོན་པོ་ཞིག་རེད། སྤྱིར་བཏང་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བཀག་སྡོམ་འོག་རྒྱ་ཆེའི་ངལ་རྩོལ་མི་དམངས་རྣམས་རིག་གནས་སློབ་སྦྱོང་གི་དབང་ཆ་རྦད་དེ་ཤོེར་ཡང་ངལ་རྩོལ་མི་དམངས་ཀྱི་བུ་ཕྲུག་རྣམས་གདན་ས་ཆེན་པོ་སོགས་དགོན་པ་ཁག་ཏུ་ཆོས་ཞུགས་ཟིན་རྗེས་རང་གི་བརྩོན་འགྲུས་དང་སྙིང་རུས་ཀྱིས་ལྕོགས་ནས་གཞུང་ཆེན་པོ་སློབ་སྦྱོང་བྱས་ནས་དགེ་བཤེས་བྱས་ཀྱང་ཆོག་ལ། དེ་མིན་རིག་གནས་གཞན་དག་གང་ཞིག་སློབ་སྦྱོང་བྱས་ཀྱང་ཆོག་པ་ལས། དགོན་པའི་སྒྲིག་ཁྲིམས་དང་། མཐོ་རིས་བླ་མ་ལས་སྣེ། འབྱོེེར་ལྡན་གྲྭ་པ། སྲིད་གཞུང་བཅས་སུ་ཞིག་གིས་ཀྱང་བཀག་འགོག་བྱེད་མཁན་མེད་སྟབས་ངལ་རྩོལ་མི་དམངས་ཀྱི་བུ་ཕྲུག་ནང་ནས་མཚན་སྙན་ཆེ་བའི་མཁས་དབང་མང་པོ་ཐོན་པ་བྱུང་ཡོད། དེར་བརྟེན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་བྲན་གཡོག་དང་མི་སེར་སྤྱི་འབངས་ཀྱི་གནས་བབས་ལས་མ་ཐར་རིང་དེར་རིག་གནས་སློབ་སྦྱོང་གི་དབང་ཆ་མེད་ཀྱང་དེ་ལས་ཐར་ན་དགོན་པའི་ནང་ཆོས་ཞུགས་བྱས་རྗེས་རང་གི་སྙིང་རུས་ཀྱིས་འདང་ན་སློབ་སྦྱོང་གང་འདྲ་བྱས་ཀྱང་རང་དབང་ཡོད་པ་དང་།དགོན་པའི་ནང་དུ་དགེ་འདུན་པ་མང་པོ་ཞིག་གཞུང་ཆེན་པོ་དང་རིག་གནས་སློབ་སྦྱོང་མི་བྱེད་པ་དེ་ནི་བརྩོན་འགྲུས་ཆུང་བའམ་འཚོ་བ་དོན་གཉེར་ལ་གཙོར་འདོན་བྱས་པ་སོགས་རང་རང་ཉིད་ཀྱིི་ནང་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པས་བོད་ཀྱི་སྤྱི་ཚོགས་རྙིང་པའི་སྐབས་དགོན་པའི་ནང་གི་དགེ་འདུན་དབུལ་ཕོངས་ཚོ་ལ་རིག་གནས་སློབ་སྦྱོང་བྱེད་པའི་དབང་ཆ་མེད་ཟེར་བ་དང་།སློབ་སྦྱོང་གི་དབང་ཆ་རྣམས་མཐོ་རིམ་མི་སྣས་འཕྲོས་པ་ཟེར་དེར་གཞི་འཛིན་ས་རྩ་བ་ནས་མེད་པ་རེད།

༼༡༩༽ སློབ་གསོའི་སྒྲིག་འཛུགས། རིག་གནས་སློབ་གསོ་དང་།ཀུན་སྤྱོད་སློབ་གསོ་སོགས་སློབ་གསོའི་རིགས་རྣམས་སྒྲིག་འཛུགས་ཡོད་པའི་སྒོ་ནས་མ་བྱས་ན་སློབ་གསོ་བྱ་ཡུལ་གྱི་མི་རྣམས་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། རེ་འདུན་དང་ཕུགས་བསམ་གཅིག་གྱུར་བཅས་ཡོང་མི་ཐུབ་པས་སྒྲིག་འཛུགས་བྱེད་པ་ནི་དོན་སྙིང་ཆེན་པོ་ཡོད་པའི་བྱ་བ་ཞིག་རེད། སྒྲིག་འཛུགས་ལ་ཡང་ཆེ་ཆུང་རིམ་པ་འདྲ་བ་ཡོད་ཆོག་པ་ཡིན་སྟབས་གདན་ས་ཆེན་པོའི་ནང་དུ་སྒྲིག་འཛུགས་ཆེ་ཤོས་ནི་ཚོགས་ཆེན་ཡིན། དེའི་འོག་ཏུ་གྲྭ་ཚང་འགའ་ཞིག་དང་། གྲྭ་ཚང་རེ་རེའི་འོག་ཏུ་ཁང་ཚན་བཅུ་ལྷག་ཙམ་ཡོད། དེ་ནི་གདན་ས་ཆེན་པོའི་ནང་དུ་ཡོད་པའི་དགེ་འདུན་སློབ་གཉེར་བ་ཡིན་མིན་ལ་མ་ལྟོས་པའི་སྤྱིའི་སྒྲིག་འཛུགས་ཀྱི་རྣམ་པ་ཞིག་ཡིན་པས་དེ་སྐོར་འདིར་གླེང་མ་དགོས་ཤིང་། སྐབས་འདིར་བཤད་པའི་སྒྲིག་འཛུགས་ནི་སློབ་སྦྱོང་གི་སྒྲིག་འཛུགས་བྱ་ཚུལ་ཟེར། དེ་ནི་གཞུང་ཆེན་པོ་ལྔ་ལ་སོ་སོའི་ནང་དོན་རྒྱ་ཆེ་ཆུང་ལ་གཞིགས་ཏེ་འཛིན་གྲྭ་མང་ཉུང་སྣ་ཚོགས་སུ་བགོས་པ་སྟེ། དེ་ཡང་སྔར་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་གསང་ཕུ་དགོན་པའི་མཁན་པ་མཁས་པའི་དབང་ཕྱུག་ཕྱ་པ་ཆོས་ཀྱི་སེང་གེས་ཐོག་མར་གསར་གཏོད་གནང་བ་ཞིག་ཡིན། དེ་སྐབས་གཞུང་ཆེན་གཞན་དག་ལ་འཛིན་གྲྭ་ཇི་ཙམ་ཡོད་མེད་དཔྱད་གཞི་མ་རྙེད་ཀྱང་།ཚད་མ་རྣམ་འགྲེལ་ལ་འཛིན་གྲྭ་ལྔ་ཡོད་པ་སྟེ། བསྡུས་ཆུང་། བསྡུས་འབྲིང་། བསྡུས་ཆེན། རྟགས་རིགས། རྣམ་འགྲེལ་བཅས་ཡིན། རྗེས་སུ་གདན་ས་ཆེན་པོ་ཁག་ལ་འཛིན་གྲྭ་ཕྱེ་ཚུལ་མང་ཉུང་སྣ་ཚོགས་བྱུང་སྟེ་གཅིག་ཏུ་མ་ངེས་པ་དཔེར་ན།འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་བསྡུས་གྲྭ་བློ་རྟགས་བཅས་ལ་འཛིན་གྲྭ་ལྔ། ཕར་ཕྱིན་འཛིན་གྲྭ་བཞི། དབུ་མ་འཛིན་གྲྭ་གཉིས། འདུལ་བ་འཛིན་གྲྭ་གཅིག མཛོད་ལ་འཛིན་གྲྭ་གཅིག་བཅས་ཡོད་པ་དང་།གདན་ས་ཆེན་པོ་སེ་རའི་སྨད་གྲྭ་ཚང་ལ་ཁྱོན་བསྡོམས་འཛིན་གྲྭ་བཅུ་གསུམ་སྟེ། བསྡུས་གྲྭ་བློ་རྟགས་བཅས་བསྡོམས་པའི་འཛིན་གྲྭ་གཅིག ཕར་ཕྱིན་འཛིན་གྲྭ་དྲུག དབུ་མ་འཛིན་གྲྭ་གཉིས། འདུལ་བ་འཛིན་གྲྭ་གཉིས། མཛོད་ལ་འཛིན་གྲྭ་གཉིས་བཅས་ཕྱེ་ཡོད། གོང་གསལ་འཛིན་གྲྭ་དེར་རྣམ་འགྲེལ་འཛིན་གྲྭ་ཟུར་དུ་མ་ཕྱེ་བ་ནི་བསྡུས་གྲྭ་བློ་རྟགས་བཅས་ལ་སྦྱངས་པ་མཐར་ཕྱིན་པ་བྱུང་ན་རྣམ་འགྲེལ་ཡང་དེའི་ཞར་ལ་སློབ་སྦྱོང་བྱེད་ཐུབ་པའི་དབང་གིས་ཡིན།

༼ ༢༠ ༽སློབ་གསོའི་སྒྲིག་ཁྲིམས། དེའི་ནང་སློབ་གཉེར་བ་རྣམས་ཀྱི་དམིགས་བསལ་སྒྲིག་ཁྲིམས་དང་། དམིགས་བསལ་ལྟ་རྟོགས་ལམ་ལུགས་གཉིས་ཀ་ཚུད་ཡོད། སློབ་གསོའི་སྒྲིག་ཁྲིམས་ནི་སློབ་གཉེར་བ་རྣམས་ཀྱིས་བརྩི་སྲུང་བྱེད་དགོས་པའི་དམིགས་་བསལ་གྱི་ཁྲིམས་ལུགས་ཏེ། དེང་སང་གི་སློབ་དུས་དང་འདྲ་བའི་ཆོས་ཐོག་ཟླ་ཆོས་དང་ཟླ་ཕྱེད་ཆོས་ཐོག་གང་གི་སྐབས་སུ་ཡང་རང་ལ་ནད་གཞི་ཕོག་པ་དང་།རང་གི་དགེ་རྒན་དང་ཕ་མ་བསྙུན་གཞི་བྱུང་བ་སོགས་ཕུད།དེ་མིན་དགོངས་ཞུ་མི་ཆོག་པ་དང་སློབ་གཉེར་བ་མིན་པའི་ཚོགས་པ་ཁག་གི་ནང་དུ་ཞུགས་མི་ཆོག་པ། སྐབས་སུ་བབས་པའི་སློབ་སྦྱོང་དང་འབྲེལ་ཡོད་ཀྱི་ཡིག་ཆ་མ་གཏོགས་རིག་གནས་གཞན་དག་དང་སྒྲུང་དཔེ་སོགས་བསམ་བློར་བསླད་སྐྱོན་ཡོང་བའི་དཔེ་ཆའིེ་རིགས་བལྟ་ཀློག་བྱེད་མི་ཆོག་པ་དང་།ཞིབ་འཇུག་བརྟག་དཔྱད་མ་བྱས་པར་དགེ་རྒན་དང་བླ་མ་གང་བྱུང་བསྟེན་མི་ཆོག་པ་བཅས་ཡིན།གཞུང་ཆེན་པོར་སློབ་གཉེར་བྱེད་མཁན་གྱི་གྲས་སུ་ཞུགས་རྗེས་དགོན་པའི་གཞོན་ཁྲལ་དང་། སྤྱི་དོན་ཨར་པོ། དོས་ཆོས་དབོར་སྐྱེལ། སྤྱི་གཉེར། སྤྱི་པའི་རུང་ཁང་གི་མ་བྱན་བཅས་བྱེད་མི་དགོས་པའི་དམིགས་བསལ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1