༄༅།། ས་མིང་འགྱུར་སྐྱོན་དང་འགྱུར་སྐྱོན་སེལ་ཐབས་བཤད་པ།
ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-25
ཚེ་རིང་སྒྲོལ་མ།
དང་པོ ། ས་མིང་འགྱུར་སྐྱོན་དང་ས་མིང་འགྱུར་སྐྱོན་སེལ་ཐབས།
བོད་རྒྱ་ལོ་ཙཱའི་སྐྱོན་སེལ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ནི་ལོ་ཙཱ་བའི་ལག་ལེན་ནང་ཤིན་ཏུ་ཕན་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ནང་དོན་ཞིག་ཀྱང་རེད། དེ་ལས་ས་མིང་ལོ་ཙཱའི་སྐྱོན་སེལ་སྐོར་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཞིག་རྒྱལ་ཕྱི་ནང་དུ་ཤིན་ཏུ་དཀོན། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་སྒྱུར་གཞུང་གི་ནང་དོན་སྲོལ་གཏོད་ནས་དུས་རབས་བཅུ་གསུམ་ཡས་མས་སྐབས་བོད་ཀྱི་སྒྱུར་གཞུང་ལ་ཞིབ་འཇུག་བྱས་པའི་ཚད་གཞི་གསར་པ་ཞིག་ལ་སླེབས་ཡོད། དེའང་སྐུ་ཞབས་བསོད་ནམས་རྡོ་རྗེ་ཡིས་ས་པཎ་གྱི་གསུང་ཐོར་བུ་རྣམས་གཅིག་ཏུ་བསྡུས་ནས་མིང་དང་ཚིག་གི་འགྱུར་སྐྱོན་དང་བརྡ་རྙིང་དང་ཡུལ་སྐད་གོ་དཀའ་བའི་སྐྱོན་གསུམ་དུ་འགྲོ་བའི་སྐྱོན་སེལ་སྐོར་གསུངས་བ་དང་། ཉེ་བའི་དུས་སྐབས་འདིར་བོད་རྒྱ་ལོ་ཙཱའི་སྐྱོན་སེལ་སྐོར་ལ་ཞིབ་འཇུག་བྱས་མཁན་ཡང་བྱུང་ཡོད་དེ། སྡེ་རོང་ཚེ་རིང་དོན་འགྲུབ་ལགས་ཀྱིས་1990ལོའི་བོད་ལྗོངས་ཞིབ་འཇུག་ཐོག་ཏུ་བོད་རྒྱ་ལོ་ཙཱའི་སྐོར་ལ་རགས་ཙམ་དཔྱད་པ་ཞེས་པའི་དཔྱད་བརྗོད་དེ་ནང་ལོ་ཙཱའི་སྐྱོན་སེལ་སྐོར་ཐོག་མར་གླེང་གནང་ཡོད་པ་དང་། རྡོ་རྗེ་དགྲ་འདུལ་ལགས་ཀྱིས་1991ལོའི་བོད་སྐད་ཡིག་ལས་དོན་ཞེས་པའི་དུས་དེབ་ཐོག་དཔྱད་རྩོམ་ཞིག་སྤེལ་གནང་ཡོད་པའི་ནང་དུའང་ལོ་ཙཱའི་སྐྱོན་སེལ་སྐོར་བྲིས་འདུག 1995ལོའི་བསམ་གླིང་ལྷ་དབང་ཞུས་པས་བོད་ལྗོངས་ཞིབ་འཇུག་དུས་དེབ་གཉིས་པའི་ནང་མཐའ་སྤོངས་དགོས་པ་བརྒྱད་ཀྱི་ལྟ་ཚུལ་གསུངས་ཡོད་པ་སོགས་ནི་བོད་རྒྱ་ལོ་ཙཱ་སྐྱོན་སེལ་སྐོར་གྱི་ཞིབ་འཇུག་གི་འབྲས་བུ་ཡིན་མོད་། འོན་ཀྱང་ས་མིང་ལོ་ཙཱ་འགྱུར་སྐྱོན་སེལ་ཐབས་སྐོར་གྱི་རྩོམ་ཞིག་དེ་སྔ་ཧ་ལམ་མཐོང་ཐོས་མེད།
1.ས་མིང་ལོ་ཙཱའི་གལ་ཆེན་རང་བཞིན།
ས་མིང་ལོ་ཙཱའི་བྱ་གཞག་་ནི་ས་གནས་དང་ས་ཁོངས་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གནས། སློབ་གསོ་ལ་སོགས་དང་འབྲེལ་བ་དམ་ཟབ་ཡོད་པས། ཡང་དག་པའི་ས་མིང་ཆགས་རྒྱུ་ནི་ཧ་ཅང་གལ་ཆེ་བར་མཐོང་ལ། དེའང་རྒྱབ་ཁབ་དང་མི་རིགས་དང་མིའི་བར་འབྲེལ་བ་བྱེད་སའི་རྨང་ཞི་དང་མཐུན་རྐྱེན་ཞིག་ཡིན། ས་མིང་ནི་རིག་གནས་ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་འགྱུར་རྡོ་གསོན་པོ་ཞིག་ཡིན། སྙན་གྲགས་ཆེ་བའི་སྐད་བརྡ་རིག་པའི་མཁས་ཅན་L.R帕默尔པད་མའོ་ཡིས་ས་མིང་ལ་ཞིབ་འཇུག་བྱེད་པ་དེ་ནི་སྐད་བརྡ་རིག་པ་བ་ཆེས་ཐོག་མ་འདྲེན་པའི་ལས་དོན་ཉག་ཅིག་ཡིན་ཏེ། རྒྱུ་མཚན་ནི་དེ་དག་གིས་རྟག་ཏུ་ལོ་རྒྱུས་རིག་པ་བ་དང་གནའ་རྫས་རྟོག་ཞིབ་རིག་པ་ལ་གནད་འགག་གི་དཔང་རྟགས་མཁོ་འདོན་དང་ཁ་གསབ་བྱེད་བཞིན་ཡོད་ཅེས་གསུངས་པ་དང་དགེ་རྒན་དཔའ་མཁར་གྱིས་ས་མིང་ནི་རིག་གནས་མང་པོ་ཞིག་གི་ཉིང་འདུས་ཡིན་ལ། འབྱུང་ཁུངས་སྟེང་ནས་བལྟོས་ན་ཡང་རང་བྱུང་དང་སྤྱི་ཚོགས་གཉིས་ཀྱི་རྣམ་པ་ཡོད་པ་དང་། ལོ་རྒྱུས་འཕེལ་རིམ་རེ་རེའི་ས་མིང་ལ་སྐབས་དེའི་སྤྱི་ཚོགས་གི་སྣང་ཚུལ་དངོས་མངོན་པ་དང་། ས་མིང་ལས་སྤྱི་ཚོགས་ལོ་རྒྱུས་ཀྱི་སྣང་ཚུལ་མཐོང་ཐུབ་པའི་རྐྱེན་གྱིས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་པ་དག་གིས་ས་མིང་ལ་རྒྱུན་དུ་ཞིབ་འཇུག་བྱེད་པ་ནི་ཤེས་ཡོན་མཐོར་འདེགས་བྱེད་པའི་ཐབས་ལམ་ཞིག་ཏུ་བརྩི་བཞིན་ཡོད་ཅེས་གསུངས་པ་ལྟར། ས་མིང་ནི་རིག་གནས་དོན་སྤྱི་ཞིག་མཚོན་པས་རིག་གཞུང་ཞིབ་འཇུག་སོགས་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་པ་ར་སྤྲོད་བྱ་ཐུབ། ས་མིང་ལོ་ཙཱ་ལ་འགྱུར་སྐྱོན་དང་ནོར་འཁྲུལ་མི་ཡོང་བའི་ཆེད་དུ་འདུ་ཤེས་ཡང་དག་འཛིན་རྒྱུ་དང་ནན་ཏན་བྱ་རྒྱུ་ནི་འགྱུར་སྐྱོན་སེལ་ཐབས་ཀྱི་ལམ་དང་པོ་ཡིན།
2.ས་མིང་དང་འབྲེལ་བའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ཀྱི་རིག་གནས་ལ་དོ་སྣང་བྱ་དགོས།
སྤྱིར་ས་མིང་འདོགས་རྒྱུ་ནི་མིའི་རིགས་ཀྱི་སྐད་ཆ་བྱུང་བ་དང་བསྟུན་ཏེ་བྱུང་བས། སྐད་གཉིས་སྨྲ་བའི་བང་མཛོད་ལས་འགྲོ་བ་མིའི་སྐད་ཆ་ཡོད་པ་ནས་བཟུང་ལོ་ཙཱ་ཞེས་བའི་བྱེད་སྒོ་དེའང་སྐབས་བསྟུན་གྱིས་དར་བ་ཡིན་ཞེས་བཀོད་ཡོད་པས། དེ་ལས་ངག་སྒྱུར་ལོ་ཙཱ་ལ་ལོ་ངོ་ཁྲི་ལྷག་གི་ལོ་རྒྱུས་རིང་པའི་ལྡན་པའི་ཤེས་ཐུབ་ངེས། ཡིན་ནའང་དུས་སྐབས་ཧ་ཅང་རིང་བོ་ཞིག་ལ་ལོ་ཙཱ་ནི་སྐད་ཆའི་བརྡ་རྟགས་དང་སྐད་ཆའི་ཕྱི་ཚུལ་གྱི་རྣམ་པ་ཙམ་ལོ་ཙཱ་བྱེད་པའི་ཐབས་རྩལ་ཞིག་ཏུ་འདོད་པ་ལས་ལོ་ཙཱའི་ཆེས་རྩ་བའི་རིག་གནས་ཀྱི་ངོ་བོ་མཚོན་པའི་གནད་དམ་པ་དེར་དོ་སྣང་བྱས་མེད། མི་རིགས་གང་ཞིག་ཡིན་རུང་རང་གི་ལོ་རྒྱུས་འབྱུང་འཕེལ་སོགས་མི་འདྲ་བའི་རྐྱེན་གྱིས་མི་རིགས་སོ་སོའི་ལོ་རྒྱུས་རྒྱབ་ལྗོངས་མི་འདྲ་བས་སྐད་གཉིས་ཕན་ཚུན་ལོ་ཙཱ་བྱེད་དུས་སྐད་ཡིག་དེ་ཉིད་མཚོན་པའི་མི་རིགས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ལོན་རྒྱུ་ནི་གལ་འགངས་ཆེ། སྤྱིར་ས་མིང་སྟེང་ནས་མི་རིགས་དེའི་ལོ་རྒྱུས་སམ་རིག་གནས་མངོན་པར་མཚོན་ཡོད་པས། ལོ་རྒྱུས་ཐོག་གི་ས་གནས་དེའི་མིང་ཡང་དག་པ་དང་ཆ་འགྲིག་པ་ཞིག་ལོ་ཙཱ་བྱ་དགོས་ན། དང་ཐོག་མིང་དེའི་རྒྱབ་ལྗོངས་རྒྱུས་མངའ་ལོན་ནས་འོས་ཤིང་འཚམ་པ་ཞིག་གདམས་དགོས། དཔེར་ན། ལྷ་སའི་ཇོ་ཁང་མདུན་གྱི་བོད་རྒྱ་ལོ་རྒྱུས་རྡོ་རིང་དེ་སྤྱི་ལོ་823ལོར་བཙུགས་པས་དེ་ནང་ཐང་རྒྱལ་རབས་ཀྱི་རྒྱལ་པོ་དང་བོད་བཙན་པོ། སྐད་གྲགས་ཅན་གྱི་བོད་རྒྱ་བློན་པོ་སོགས་ཀྱི་མིང་དང་ས་མིང་བཀོད་ཡོད་པས་ལོ་རྒྱུས་རྒྱུས་མངའ་མེད་ན་བོད་རྒྱ་གཉིས་ཀྱི་མིང་བརྡ་སོགས་གོ་དཀའ།
3.ས་མིང་དང་འབྲེལ་བའི་རིག་གནས་སྐོར་ལ་དོ་སྣང་བྱ་དགོས།
སྤྱིར་བཏང་ལོ་ཙཱ་ནི་སྐད་ཡིག་ཅིག་གིས་མཚོན་པའི་བརྗོད་དོན་དེ་སྐད་ཡིག་གཞན་ཞིག་གིས་མཚོན་པར་བྱེད་པ་ཡིན་པ་དང་མི་དང་མིའི་བར་གྱི་བསམ་བློ་བརྗེ་རེས། མི་རིགས་དང་མི་རིགས་བར་གྱི་དགེ་མཚན་འདྲེན་རེས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་གནས་ཚུལ་བརྒྱུད་སྤེལ་སོགས་བྱེད་པའི་ཐབས་ཤེས་མཆོག་ཏུ་གྱུར་བ་ཞིག་ཡིན། སྔོན་ཐོན་གྱི་མི་རིགས་ཤིག་ཡིན་ན་ངེས་པར་དུ་མི་རིགས་གཞན་གྱི་རིག་གནས་ལ་སློབ་སྦྱོང་དང་མི་རིགས་བར་འབྲེལ་འདྲིས་བྱེད་པ། དེ་ལྟར་འབྲེལ་འདྲེས་བྱེད་སྐབས་ས་མིང་གི་ནུས་པ་ཧ་ཅང་གལ་ཆེ་བས་ས་མིང་བསྒྱུར་རེས་བྱེད་སྐབས་ལོག་སྒྱུར་དང་འགྱུར་སྐྱོན་གྱི་ཉེན་ལ་དོ་སྣང་བྱ་དགོས། ས་མིང་ལོ་ཙཱ་འགྱུར་སྐྱོན་འབྱུང་བའི་རྒྱུ་རྐྱེན་ནི་ཚང་མས་མ་ཡིག་གི་ལོ་རྒྱུས་རྒྱབ་ལྗོངས་དང་མིང་དེའི་གོ་བ་དཔྱིས་ཕྱིན་པ་མ་ལོན་པས་རང་འདོད་གང་བྱུང་དུ་ལོ་ཙཱ་བྱས་བའི་སྐྱོན་མང་བ་དང་། བདག་པོ་རྗེས་འབྲངས་ཀྱི་རྩ་དོན་ལ་མ་གཞིགས་ནས་དོན་སྒྱུར་བྱེད་ཁུལ་བྱས་པ་ལས་གོ་དོན་འཕྱུག་པའི་སྐྱོན་ཤོར་བ། ས་མིང་གཅིག་ལ་འགྱུར་མ་མི་འདྲ་བ་དང་ས་མིང་བསྐྱར་བསྒྱུར་མང་བ། མ་ཡིག་གི་དོན་ལ་མ་བསྟུན་པར་རྡོ་ཆག་བཙན་བསྒྲིགས་ཀྱིས་ལོ་ཙཱ་བྱས་བའི་གནད་དོན་སོགས་ཀྱི་རྐྱེན་གྱིས་འགྱུར་སྐྱོན་བྱུང་བ་རེད། ས་མིང་གཅིག་གྱུར་ཡོང་རྒྱུར་འབད་བརྩོན་རྒྱུན་ཆད་མེད་པར་བྱ་དགོས་རྒྱུ་ནི་རྒྱ་ཆེ་བའི་ལོ་ཙཱ་བ་རྣམས་ཀྱིས་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད། དེས་ན་ས་མིང་ལོ་ཙཱ་བྱེད་བའི་སྐབས་སུ་རང་ཉིད་ཀྱིས་ཅི་འདོད་ལྟར་ལོ་ཙཱ་མི་བྱེད་བ་དང་ངེས་པར་དུ་སྐད་བརྡ་དང་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་པ། ལྷག་པར་དུ་རང་ཉིད་ཀྱིས་གཏན་ཕབ་རང་འགྲིག་དང་བདག་པོ་རྗེས་འབྲངས་ཀྱི་ལོ་ཙཱ་བྱ་དགོས་རྒྱུ་དང་། 法国ཞེས་གོ་མ་ཐག་ཏུ་རྒྱ་ཡིག་འགྱུར་མར་བསྟུན་ནས་ཧྥ་གོ་ཞེས་ལོ་ཙཱ་མི་བྱེད་པ་ངེས་པར་དུ་མ་ཡིག་གི་སྒྲ་གདངས་བཞིན་དུ་ཧྥ་རན་སི་ཞེས་ལོ་ཙཱ་བྱ་དགོས།
གཉིས་པ། བོད་ཁུལ་གྱི་ས་མིང་ལོ་ཙཱ་ཚད་ལྡན་ཅན་དུ་གཏོང་དགོས་པའི་བསམ་གཞིགས།
བོད་ཁུལ་མདོ་དབུས་ཁམས་གསུམ་དུ་ས་མིང་འདྲ་མིན་སྣ་ཚོགས་ཡོད་དེ། རང་རེའི་མེས་པོ་རྣམས་ཀྱིས་གོམ་རྗེས་བཞག་མྱོང་བའི་ཡུལ་གྲུ་ས་ཁུལ་དང་། བོད་མི་རིགས་ཀྱི་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་མྱོང་བའི་ཡུལ་གྲུའི་ས་མིང་། དེ་མིན་བོད་ཁ་བའི་ཡུལ་གྱི་ས་གནས་ཆེ་ཆུང་ཚང་མ་ལ་མིང་རེ་ཡོད་པས་དུས་ད་ལྟའང་འདོད་རྒྱལ་ཡང་ན་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་གཉིས་ལས་མ་འདས། ས་མིང་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དང་སྐད་བརྡ་རིག་པ། ས་ཁམས་རིག་པ་བཅས་དང་འབྲེལ་བས་རིན་ཐང་ཤིན་ཏུ་ཆེ་བས་ལོ་ཙཱ་བ་རྣམས་ཀྱིས་ས་མིང་སྨྱུག་རྩེར་གང་ཐོན་མི་བྱ་བར་གཟབ་ནན་བྱ་དགོས།
1. ས་མིང་སྒྲ་སྒྱུར་དང་ཞུ་དག་གི་ལས་ཁུངས་ཀྱིས་ས་མིང་ཚད་ལྡན་ཅན་དུ་གཏོང་རྒྱུར་ནུས་པ་འདོན་སྤེལ་བྱ་དགོས་ཤིང་སྤྱི་ལོ་1995ལོར་ཀྲུང་གོ་བོད་ཀྱི་སྐད་དང་ཡི་གེའི་བྱ་བའི་ཨུ་ཡོན་ལྷན་ཁང་པེ་ཅིང་ནས་ཚུགས་པ་ནས་བཟུང་གྲུབ་འབྲས་མི་དམན་པ་ཞིག་བླངས་མོད། འོན་ཀྱང་ས་མིང་སྒྲ་སྒྱུར་ཐད་ལ་ད་དུང་ཤུགས་གནོན་བྱེད་དགོས་པ་དང་། འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ས་མིང་ལོ་ཙཱ་ཚད་ལྡན་ཅན་དུ་དར་འཕེལ་གཏང་དགོས།
2.ས་མིང་སྒྲ་སྒྱུར་བྱེད་པ་ལ་ཚད་གཞིར་བཟུང་ཆོག་པའི་གཞུང་ལུགས་གསར་པ་ཞིག་སྒྲིག་བཟོ་བྱེད་དགོས་ལ་ད་ལྟའི་ལོ་ཙཱའི་ལས་ཀར་ཆེས་རྙོག་འཛིང་ཆེ་བས་དཀའ་ཁག་ཀྱང་ཆེ། མི་རིགས་འགའ་ལ་ཀྲུང་གོའི་གནའ་དེང་གི་ས་མིང་ཚིག་མཛོད་དང་ཕྱི་རྒྱལ་གྱི་ས་མིང་སྒྲ་སྒྱུར་ལག་དེབ་དང་རྒྱལ་ཡོངས་ཞང་དང་གྲོང་རྡལ་གྱི་ས་མིང་སྒྲ་སྒྱུར་ལག་དེབ་དང་འཛམ་གླིང་ས་མིང་སྒྲ་སྒྱུར་ལག་དེབ་སོགས་མིང་མཛོད་ཕུན་སུམ་ཚོགས་པ་ཡོད་པས་རང་རིགས་ཀྱིས་དེའི་ཕྱོགས་ལ་གཞུང་ལུགས་ཆ་ཚང་བ་ཞིག་དང་ལག་ལེན་དངོས་ལའང་འཚམས་ཐུབ་པ་ཞིག་ངེས་པར་དུ་བསྒྲིག་དགོས་འདུག
3.སྤྱིར་ས་མིང་ནི་རིག་གནས་གྲུབ་ཆ་གལ་ཆེ་ཞིག་ཡིན་པས་ལོ་ཙཱ་བ་དག་གི་ཆུ་ཚད་མཐོ་དམན་གྱིས་ས་མིང་འགྱུར་ཡིག་གི་སྤུས་ཀར་ཐད་ཀ་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། ཐོག་མ་སྐད་རིགས་གཉིས་ལ་བྱང་ཆུབ་དགོས་ཤིང་། ཨ་ལགས་དོར་ཞི་རིན་པོ་ཆེས་ལོ་ཙཱའི་གནད་དོན་ལྔ་བཏོན་པ་སྟེ། བསྒྱུར་བྱ་སྒྱུར་བྱེད་སྐད་ཡིག་གཉིས་ཀར་ལག་མི་འཐོགས། །སྤྱི་དང་བྱེ་བྲག་ཤེས་བྱའི་གཞུང་ལུགས་ཁོངས་དུ་ཆུད། །བསྒྱུར་བྱའི་ཡི་གེ་ནང་དོན་སྔོན་ལ་ངེས་ཤེས་བྱ། །དོན་ལ་མ་ནོར་ཚིག་ལ་ཇི་བཞིན་ཐོན་མི་དགོས། །སྒྱུར་བྱེད་སྐད་ཀྱི་གོམ་སྲོལ་ལྟར་སྦྱོར་བརྡ་འཕྲོད་གནང་། །ཅེས་དང་། རང་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་མའོ་ཏུའུ་གྱིས་རྒྱལ་ཡོངས་རྩོམ་རིག་ལོ་ཙཱའི་སྐོར་གྱི་ཚོགས་འདུ་རུ་གཏམ་བཤད་གནང་སྐབས། སྐད་རིགས་གཉིས་ལ་བྱང་གོམས་ཆེ་དགོས་པ་ནི་ལོ་ཙཱའི་ལས་ལ་འཇུག་པའི་མ་མཐའི་ཆ་རྐྱེན་ཡིན། རྩོམ་རིག་བརྩམས་ཆོས་ལོ་ཙཱ་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། སྐད་གཉིས་ལ་སྦྱངས་པ་མཐར་སོན་དགོས་རྒྱུ་སྨོས་མེད་ཐོག་ད་དུང་རྩོམ་རིག་གི་ཤེས་བྱ་གང་ཟབ་རྟོགས་པ་དང་འཚོ་བའི་མྱོང་འདྲིས་ཆེན་པོ་བྱུང་ཕྱིན་སྒྱུ་རྩལ་གསར་གཏོད་ལྡན་པའི་བསྒྱུར་ཆོས་ཤིག་སྒྲུབ་ཐུབ་ཅེས་གསུངས་པས་སྐད་གཉིས་ཀྱི་ཚུ་ཚད་གོང་འཕེལ་གཏོང་ན་ད་གཟོད་འགྱུར་ཡིག་གི་སྤུས་ཀ་མཐོ་རུ་འགྲོ་སྲིད།
བོད་ཀྱི་སྐད་ཡིག་ལ་ང་ཚོ་ཚང་མས་མི་རིགས་ཀྱི་ལ་རྒྱ་དང་སྐད་ཡིག་ལ་ཤ་ཞེན་མཛད་དེ་མིང་བརྡ་འགྱུར་སྐྱོན་དང་ནོར་འཁྲུལ་མི་ཡོང་བ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་གནས་ཚུལ་འདི་ལྟ་བུར་མཐོང་ཆེན་བྱེད་ནས་ལོ་ཙཱའི་བྱ་ལས་མཛད་མཁན་དག་ལ་ལོ་ཙཱ་ལེགས་པོ་བྱ་དགོས་པ་ལས་གང་བྱུང་དུ་ལོ་ཙཱ་བྱེད་མི་ཆོག་པའི་རེ་བ་ནན་པོ་འདོན་དགོས་རྒྱུ་སོགས་ནི་བོད་མི་ལོ་ཙཱ་བ་ཡོངས་ཀྱིས་འོས་འགན་ལྟ་བུ་ཡིན་པས་ཚང་མས་ལོ་ཙཱ་གཅིག་གྱུར་ཡོང་བར་རྡོག་རྩ་གཅིག་ཏུ་སྒྲིལ་ནས་འབད་འབུངས་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ། །
◆ ཚེ་རིང་སྒྲོལ་མ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཡིན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1