དྲྭ་ཐོག་ཚོང་ལམ་བརྒྱུད་ནས་ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-28


      རིན་གོང་དམའ་བ་དང་ལམ་ཐག་རིང་བས་གྲོང་མི་ཚོས་ཚ་ལུའི་ཚོང་གཉེར་ལ་སེམས་ཁྲལ་བྱེད་དགོས་ཐུག
      ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་དུ་ཆགས་ཡོད་པས་དེ་ནའི་ས་རྒྱུ་བཟང་ལ་ཁོར་ཡུག་ལེགས་པས་ཤིང་ཏོག་ཚ་ལུའི་སྐྱེས་ཚུལ་བཟང་ཕྱིར་ཤིང་ཏོག་ཚ་ལུའི་ཕ་ས་ཞེས་མཚན་སྙན་ཡོད་པ་རེད།
དབུལ་ཐར་ཡོང་འབབ་འཕར་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏང་ཆེད། ཉེ་བའི་ལོ་འདི་དག་གི་རིང་ལ་ལྕགས་ཟམ་རྫོང་གིས་གདན་ཐོག་གྲོང་རྡལ་དུ་ཚ་ལུའི་ཐོན་ལས་རྟེན་གཞི་མུའུ3000འཛུགས་སྐྱོང་བྱས་ཡོད་ཅིང་། སྔོན་རྩིས་བྱས་ན་ད་ལོར་ཚ་ལུའི་ཐོན་ཚད་རྒྱ་མ་ཁྲི50ཡས་མས་ལ་བསླེབ་ཐུབ་རྒྱུ་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོར་གྱུར་དང་འགྱུར་བཞིན་ཡོད་པ་རེད།
ཡིན་ནའང་། གནམ་གཤིས་ཀྱིས་ཤུགས་རྐྱེན་འོག་ད་ལོར་ཧྲི་མན་རྫོང་གི་མུའུ་ཁྲི5ལས་ཐོན་པའི་ཚ་ལུ་ཕྱིར་ཚོང་གི་དུས་ཚོད་དང་གདན་ཐོག་གྲོང་རྡལ་གྱི་ཚ་ལུ་ཕྱིར་ཚོང་གི་དུས་ཚོད་ཏག་ཏག་གདོང་ཐུག་བརྒྱགས་ཡོད་ཅིང་། དེའི་ཐོག་ལ་འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་གྱིས་ཚ་ལུའི་རིན་གོང་དམིགས་བསལ་དུ་མར་ཆག་པ་རེད།
      གནས་ཚུལ་འདི་འདྲའི་འོག་ཏུ་གྲོང་མི་ཚོར་ཕྱིར་ཚོང་གི་ཐབས་ལམ་གཞན་ཞིག་མེད་པས་སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་སྟངས་སྤྱད་དེ་རྫོང་ཁུངས་ཚོང་རའི་ནང་དུ་བཙོངས་ཡོད་ཀྱང་ཉོ་མཁན་མང་པོ་མེད་པའི་གནས་ཚུལ་བྱུང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་གདན་ཐོག་གྲོང་རྡལ་གྱི་ཤིང་ཏོག་ཚ་ལུ་རྒྱ་མ་ཁྲི50ཙམ་དེ་གལ་སྲིད་དུས་ཐོག་ཏུ་འཚོང་མ་ཐུབ་ན་གྲོང་མིའི་ཡོང་འབབ་འཕར་ཐབས་བྲལ་བ་རེད།
      ཤིང་ཏོག་ཚ་ལུ་འཚོང་རོགས་བྱས་ཏེ་ཞིང་པའི་དཀའ་ངལ་སེལ།
      ཉེ་ཆར། དཀར་མཛེས་ཁུལ་སྒུལ་འཕྲིན་སྤྱི་གཉེར་ཁང་གིས་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་ཁུལ་ཚོང་དོན་མ་དངུལ་གཏོང་འཇོག་ཅུས་དང་ལྕགས་ཟམ་རྫོང་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དྲྭ་རྒྱའི་མཉམ་འབྲེལ་དྲ་བའི་ཐོག་གློག་རྡུལ་ཚོང་དོན་ལས་སྟེགས་སྣོན་པའི་དབུལ་སྐྱོར་ཇུས་གཞི་གཏན་འབེལ་བྱས་ཡོད་ཅིང་། དྲྭ་ཐོག་ཚོང་ལམ་བརྒྱུད་དེ་ཞིང་པའི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་འཚོང་བྱས་མཐར་ཚོང་ལམ་བྲིན་བས་ཞིང་པའི་ཐོན་རྫས་བཙོང་མི་ཐུབ་པའི་སེམས་ཁྲལ་སེལ་རོགས་བྱས་པ་རེད།
      དཀར་མཛེས་ཁུལ་སྒུལ་འཕྲིན་སྤྱི་གཉེར་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རིན་པ་མི་དགོས་པར་ཤིང་ཏོག་ཚ་ལུ་དྲྭ་ཐོག་ཚོང་དོན་ལས་སྟེགས་ནང་བཅུག་ནས་ཕྱིར་ཚོང་བྱས་ཡོད་པས་མ་ཚད་དབུལ་སྐྱོར་གནད་སྨིན་གྱི་ཕྱིར་ཚོང་ཆེད་ལས་ཁུལ་བཙུགས་ཡོད་ཅིང་། ཚ་ལུ་རྒྱ་མ10རེར་སྒོར39.8བྱས་ནས་རྒྱལ་ཡོངས་ཀྱི་ས་ཆ་གང་ལ་སྐུར་ཡང་བསྐུར་རིན་མི་བླངས་པས་ཉོ་མཁན་མང་བ་རེད། བཙོངས་རིན་བསྡོམས་གྲངས་ཚང་མ་ཞིང་དུད་ཀྱི་ལག་ཏུ་སྤྲད་ཡོད་ཅིང་། དྲྭ་ཐོག་ཚོང་ལམ་བརྒྱུད་ནས་ཉིན་གཉིས་རིང་ལ་ཚ་ལུ་རྒྱ་མ6000ལྷག་བཙོངས་བ་དང་སྒོར་མོ་ཁྲི8ལྷག་རག་ཡོད། འདི་འདྲའི་བྱེད་ཐབས་སྤྱད་དེ་མུ་མཐུད་དུ་ཚ་ལུ་མ་ཚར་བར་དུ་ཕྱིར་ཚོང་བྱས་ན་མང་ཚོགས་ཀྱི་ཡོང་འབབ་འཕར་ཐུབ་ངེས་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1