ཟླ་5ཚེས་27ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དུ་སྐབས་གཉིས་པའི་སྟག་མའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ་རེད། 2017ལོར་སྐབས་དང་པོའི་སྟག་མ་མེ་ཏོག་གི་ཡུལ་སྐོར་དུས་ཆེན་སྤེལ་བ་དང་། ཡུལ་སྐོར་བ་མང་པོ་ཞིག་གིས་རྟའུ་ཡི་བོད་རིགས་སྡོད་ཁུལ་གྱི་མཛེས་སྡུག་ཉམས་སུ་མྱོང་ཡོད་པ་རེད། ད་ལོར་རི་བོ་ཡོངས་ལ་སྟག་མའི་མེ་ཏོག་བཞད་ཡོད་པས། ད་ལོའི་སྟག་མའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཉེར་འཁོར་གྱི་ཡུལ་སྐོར་བ་མང་པོ་གནས་འདི་རུ་འགུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྟག་མའི་མེ་ཏོག་དུས་ཆེན་ལ་དུས་ཡུན་ཉིན་གཉིས་ཡོད་པ་དང་། དེའི་སྐབས་སུ་རྟ་འགྲོས་མ་རྒྱུག་པ་དང་། ཞབས་བྲོ གཟབ་མཆོད་སོགས་འཁྲབ་སྟོན་བྱེད་པ། ན་གཞོན་གླུ་བའི་གླུ་དབྱངས་འགྲན་བསྡུར། དམངས་ཁྲོད་ཀྱི་ལུས་རྩལ་འགྲན་སྡུར་སོགས་ཡོད་པ་རེད།
མུའུ་སྟོང་གི་ས་ཆར་བཞད་པའི་སྟག་མ་མེ་ཏོག་གི་ཁྲོད་དུ། གཞོན་ནུ་མ་འགའ་ཤས་ཀྱིས་པར་ལེན་བཞིན་ཡོད་ལ། བགྲེས་སོང་འགའ་ཤས་ཀྱིས་སྟག་མའི་མེ་ཏོག་གི་དྲི་བསུང་འཐུལ་བཞིན་ཡོད་ཅིང་། ལ་ལས་བོད་ལྭ་གོན་ཏེ་པར་ལེན་པར་གྲ་སྒྲིག་བྱེད་བཞིན་འདུག རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་དང་། ཐུན་མོང་མ་ཡིན་པའི་བོད་ལུགས་ཀྱི་སྡོད་ཁང་དང་གུར་ནང་སྡོད་པའི་མི་རྣམས་མཉམ་དུ་འཛོམས་པས། བདེ་སྐྱིད་ལྡན་པའི་རྣམ་པ་ཡིད་འོང་བ་ཞིག་མིག་ལམ་དུ་གྲུབ་ཡོད།