༄༅།།སློབ་དཔོན་ནག་མོ་ཁོལ་དང་བོད་ཀྱི་རྩོམ་རིག

། ཝཝཝཝརྒྱ་ཡེ་བཀྲ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭའི་དྲ་བ། སྤེལ་དུས། 05-30


རྒྱ་ཡེ་བཀྲ་བྷོ།
དོན་ཚན་དང་པོ།   སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་དང་བརྩམས་ཆོས།   
          ཀཱ་ལི་དཱ་སའམ་ནག་མོ་ཁོལ་ནི་རྒྱ་གར་གྱི་སྙན་ངག་མཁན་མཐའ་དག་གི་གཙུག་གི་ནོར་བུ་ལྟ་བུ་ཡིན་ལ།  འཛམ་གླིང་ཤར་ནུབ་ཀུན་ལ་ཤིན་ཏུ་གྲགས་ཆེ་མོད། དེའི་ལོ་རྒྱུས་གཙང་མ་ནི་གང་དུ་ཡང་མི་ཪྙེད་ཅིང་། ཁོང་གིས་མཛད་པའི་བསྟན་བཅོས་རྣམས་སུའང་རང་གི་ཚུལ་ལུགས་བརྗོད་པ་སོགས་མེད་པས། མཐའ་གཅིག་ཏུ་འདི་འདྲ་ཞིག་པོ་ཞེས་གསལ་བོར་སྨྲ་རྒྱུ་སུས་ཀྱང་རྔོ་མི་ཐོགས།  རང་རེ་བོད་ལ་མཁས་པ་ཆེན་པོ་དེའི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་གལ་ཆེན་པོ་བཞི་ཡོད་དེ། དུས་ཀྱི་སྔ་ཕྱི་ལྟར་བཀོད་ན། དུས་རབས་བཅུ་གསུམ་པར་བཙུན་པ་རིན་ཆེན་དཔལ་གྱིས་མཛད་པའི《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་འགྲེལ་བ》ལས“ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།།  གོ་ཡིས་བླུན་པོས་དེ་ལྟ་མིན།། ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་བོའི་བྱ་རྣམས་ལོང་བར་འགྱུར། །”ཞེས་པའི་སྒྲུང་འགྲེལ་དང་།  དུས་རབས་བཅུ་བདུན་པར་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》ལས་ལེའུ་བཅོ་ལྔ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་པ་སྐྱོང་བའི་དུས་ཀྱི་གཏམ་དང་།  དུས་རབས་ཉི་ཤུ་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ལས་ལེའུ་བཅུ་གཅིག་པ་གུཔྟའི་རྒྱལ་བརྒྱུད་ཀྱི་སྐབས་བཅས་སུ་བྱུང་བའི་ནག་མོ་ཁོལ་གྱི་ལོ་རྒྱུས་དང་། དུས་རབས་ཉི་ཤུ་པའི་མཇུག་ཏུ་མཁས་པ་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་མཛད་པའི《སྙན་ངག་མཁན་ནག་མོ་ཁོལ་གྱི་ལོ་རྒྱུས》 བཅས་སོ། །ཡིག་ཆ་དེ་དག་ཏུ་རྒྱ་གར་པ་རྣམས་ལ་གནའ་ནས་ད་བར་དུ་གྲགས་པའི་སློབ་དཔོན་འདིའི་ལོ་རྒྱུས་དང་འབྲེལ་བའི་ངག་རྒྱུན་དང་འདོད་ཚུལ་ཕལ་ཆེ་བ་འདུ་ཞིང་། འཛམ་གླིང་ནུབ་ཕྱོགས་དང་ཤར་ཕྱོགས་ཉི་ཧོང་གི་མཁས་པ་སོགས་ལའང་སློབ་དཔོན་འདིའི་ལོ་རྒྱུས་ནི་ཡིག་ཆ་དེ་དག་ཏུ་མི་སྣང་བ་ཞིག་འཆད་རྒྱུ་མི་འདུག   
          དེས་ན་འདིར་གོང་གི་ཡིག་ཆ་རྣམས་གཙོར་བྱས་ཤིང་ནུབ་ཕྱོགས་དང་ཉི་ཧོང་གི་མཁས་པ་སོགས་ཀྱིས་བྱས་པའི་ཡིག་ཆས་ཟུར་བརྒྱན་ཏེ། སློབ་དཔོན་ནག་མོའི་ཁོལ་གྱི་ལོ་རྒྱུས་ཀྱི་མཐའ་ལ་ཅུང་ཟད་བརྟགས་ན། སློབ་དཔོན་འདི་འཇིག་རྟེན་དུ་ནམ་བྱོན་པ་ནི། 《ཨ་ཡེ་ཧོལ་གྱི་རྡོ་རིང་གི་ཡི་གེ》རུ་སྙན་ངག་མཁན་ནག་མོ་ཁོལ་དང་བྷཱ་ར་ཝི་གཉིས་ཀྱི་མིང་བྱུང་ཞིང་།  སྤྱི་ལོ630ལོར་སྙན་ངག་མཁན་བཱཎབྷཏྟའམ་ནགས་ཀྱི་རྗེ་བོ་བྱ་བས་བརྩམས་པའི《ཧརྴཙ་རི་ཏྲ》སྟེ 《དགའ་བའི་ལྷའི་སྤྱོད་པ》 (དགའ་བའི་ལྷ་ནི《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》གྱི་རྩོམ་པ་པོའོ་)ཞེས་པར་ནག་མོ་ཁོལ་གྱི་སྙན་ངག་ལ་བསྔགས་པ་བརྗོད་འདུག་པ་ལས་སློབ་དཔོན་ནག་མོ་ཁོལ་ནི་སྤྱི་ལོ630ལོའི་སྔོན་ལ་བྱོན་པ་གསལ་བོར་ཤེས་ནུས་ལ། 《མནྡསཽརའི་རྡོ་རིང་གི་ཡི་གེའི》ཚིགས་བཅད་སོ་གཅིག་པ་ནི་རྩོམ་མཁན་བཏྶ་བྷཊྚི་བྱ་བས 《རྀ་ཏུ་སཾ་ཧཱ་ར》སྟེ་དུས་དྲུག་གི་ངང་ཚུལ་ལ་སྦྱར་བའི་སྙན་ངག་གི་ཚིགས་བཅད་གཉིས་པ་གསུམ་པ་གཉིས་དང་རྗེས་སུ་མཐུན་པར་སྦྱར་བ་དང་། རྡོ་རིང་གི་ཡི་གེ་དེའི་ཚིགས་བཅད་བཅུ་པ་བཅུ་གཅིག་པ་གཉིས་ནི 《སྤྲིན་གྱི་ཕོ་ཉའི》ཚིགས་བཅད་གཅིག་དང་ཆ་མཐུན་པ་ལས། ནག་མོ་ཁོལ་འཚོ་གཞེས་ཀྱི་དུས་ནི་སྤྱི་ལོ473ལས་མི་འཕྱིས་པར་བསྟན་ཏེ། མནྡ་སཽ་རའི་ཉི་མའི་ལྷ་ཁང་གི་རྡོ་རིང་དེ་ནི་སྤྱི་ལོ473ལ་བསླངས་པའི་ཕྱིར་རོ།།  [1]ཡོངས་གྲགས་ལ་རྒྱལ་པོ་སམུདྲགུཔྟའི་བུ་ཙནྡྲ་གུཔྟ་གཉིས་པའམ་བིཀྲམདིཏྱའི་མདུན་སར་རིན་ཆེན་དགུ་ཞེས་བྱ་བའི་མཁས་པ་ཡོད་ཅིང་། ནག་མོ་ཁོལ་ནི་རིན་ཆེན་དགུའི་ཡ་གྱལ་དུ་བཤད།  བིཀྲམདིཏྱ་ནི་རྒྱ་གར་གུཔྟའི་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་སྟེ། ཁོས་སྲིད་ལ་མངའ་བསྒྱུར་པའི་དུས་ནི་ཧ་ལམ་སྤྱི་ལོ380ནས་སྤྱི་ལོ415ཙམ་ལ་བྱེད། གུཔྟའི་རྒྱལ་རབས་ནི་རྒྱ་གར་གྱི་རྒྱལ་ཁམས་ཆ་གང་ཐད་ནས་ཉི་མ་ཉིན་གུང་ལ་སླེབས་པ་བཞིན་དུ་དར་བའི་རྩེ་མོར་སོན་པའི་སྐབས་ཡིན་པར་གྲགས་ཤིང་། རྒྱལ་རབས་དེས་སྤྱི་ལོ320ནས་སྤྱི་ལོ550བར་ཧ་ལམ་ལོ230ཙམ་ལ་རྒྱ་གར་ལ་དབང་བསྒྱུར།  ནག་མོ་ཁོལ་གྱིས 《སྤྲིན་གྱི་ཕོ་ཉ》རུ་གྲོང་ཁྱེར་ཨུཛྫ་ཡ་ནའམ་འཕགས་རྒྱལ་གྱི་གནས་ཚུལ་ཞིབ་ཏུ་བཀོད་པ་ལས་ཁོང་གྲོང་ཁྱེར་དེར་འཁྲུངས་པའམ་ཡང་ན་དེ་རུ་བཞུགས་མྱོང་བར་བསམ་དུ་རུང་། ཙནྡྲ་གུཔྟ་གཉིས་པའི་རྒྱལ་པོའི་ཁབ་འཕགས་རྒྱལ་ཉིད་ཡིན་པས་དེ་ལ་འཕགས་རྒྱལ་གྱི་བདག་པོ་ཞེས་པའི་ཆེ་མིང་གིས་ཀྱང་འབོད། མཁས་པ་རྣམས་ཀྱིས་སློབ་དཔོན་ནག་མོ་ཁོལ་རྒྱལ་པོ་ཙནྡྲ་གུཔྟ་་གཉིས་པའི་སྐབས་སུ་ཡིན་པའི་སྒྲུབ་བྱེད་ལ 《ར་གྷུ་ཝཾ་ཤ》རུ་རཱ་མཱ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཀྱིས་རྒྱལ་པོ་སམུདྲགུཔྟ་གཡུལ་ལས་རྒྱལ་བ་བསྟན། 《ཀུ་མཱ་ར་སཾ་བྷཱ་ལྦ》ལས་དེའི་བུ་ཀུ་མཱ་ར་གུཔྟ་སྐྱེས་པའི་ཚུལ་གསལ་བར་བྱས། 《བི་ཀྲ་མོརྦ་ཤི་ཡ》ཞེས་ལྷ་མོ་ཨུརྦ་ཤི་ཡ་རྣམ་པར་རྒྱལ་བའི་ཟློས་གར་ནི་རྒྱལ་པོ་རྣམ་གནོན་ཉི་མའི་ལོ་ཚིགས་འགོ་བརྩམས་པའི་དུས་དང་སྦྱར་ཞེས་སློབ་དཔོན་འདི་པའི་བརྩམས་ཆོས་ཀྱང་འཔོད་པར་བྱེད། སིདྒ་ལའི་ཡུལ་དུའང་ནག་མོ་ཁོལ་གྱི་ལོ་རྒྱུས་དང་འབྲེལ་བའི་ངག་རྒྱུན་ཅི་རིགས་ཡོད་ལ། སིདྒ་ལའི་རྒྱལ་པོ་འོད་སྲུང་དང་མཽགྷལ་བུ་གཉིས་ནག་མོ་ཁོལ་དང་དུས་མཉམ་ཞིང་།  མཽགྷལ་བུའི་བུ་སིདྒ་ལའི་སྙན་ངག་མཁན་ཆེན་པོ་གཞོན་ནུ་ཁོལ་ནི་སློབ་དཔོན་འདིའི་གྲོགས་པོར་གྱུར་ཟེར། གཞོན་ནུ་ཁོལ་དང་འབྲེལ་བའི་ནག་མོ་ཁོལ་གྱི་ལོ་རྒྱུས་ནི་མང་ཙམ་འདུག་པར་གྲགས་ཤིང་། ཉུང་ཟད་ཅིག་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས 《གསེར་གྱི་ཐང་མར》 བཀོད་འདུག ། སིདྒ་ལའི་རྒྱལ་པོ་དེ་དག་ཀྱང་ཙནྡྲ་གུཔྟ་་གཉིས་པའི་སྐབས་སུ་ཁེལ་འདུག།   དེ་དག་གཞིར་བྱས་ནས་ནག་མོ་ཁོལ་གྱི་ལོ་ཚིགས་ནི་དུས་རབས་བཞི་པའི་ཕྱེད་ཕྱི་མ་ནས་དུས་རབས་ལྔ་པའི་ཕྱེད་སྔ་མའི་བར་དུ་བྱེད་ཅིང་། ད་ལྟ་འཛམ་གླིང་གི་མཁས་པ་ཕལ་མོ་ཆེའི་འདོད་ཚུལ་ནི་འདི་ཉིད་ཀྱི་སྟེང་དུ་གཅིག་མཐུན་བྱུང་འདུག །མཁས་པ་ཁ་ཅིག་གིས་སློབ་དཔོན་འདི་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་སྐོར་དང་པོར་བྱོན་ཟེར་བ་དང་། ཁ་ཅིག་གིས་བརྒྱ་སྐོར་གཉིས་པར་བྱོན་ཟེར་བའང་ཡོད་མོད། མོས་མཐུན་བྱེད་མཁན་ཉུང་ངོ་། །   
          སློབ་དཔོན་ནག་མོ་ཁོལ་གང་དུ་འཁྲུངས་པའི་ཡུལ་ནི། 《སྤྲིན་གྱི་ཕོ་ཉ》རུ་གྲོང་ཁྱེར་ཨཛྫ་ཡ་ནའི་བསྔགས་པ་བརྗོད་འདུག་པ་དང་། སློབ་དཔོན་འདི་རྒྱལ་པོ་ཙནྡྲ་གུཔྟ་་གཉིས་པའམ་བིཀྲམཱདི་ཏྱ་སྟེ་རྣམ་གནོན་ཉི་མའི་དུས་ཀྱི་ཕོ་བྲང་གི་མཁས་པ་རིན་པོ་ཆེ་དགུའི་ཡ་གྱལ་ཡིན་པས། ཨཛྫ་ཡ་ནའམ་འཕགས་རྒྱལ་དུ་སྐྱེས་པར་བཤད་པ་དང་། ཁ་ཅིག་གིས་སློབ་དཔོན་འདིས་རང་གི་བརྩམས་ཆོས་སུ་ཧི་མ་ལ་ཡའི་བསྔགས་པ་མང་དུ་བརྫོད་ཡོད་པ་དང་། ལྷག་པར་ཁོང་གིས་བྱས་པའི《བི་ཀྲམདྐ་དེ་ལྦ་ཙ་རི་ཏྲ》ལས།  
          གུར་གུམ་གེ་སར་རྣམས་དང་ལྷུམས་གཅིག་པ།། ངེས་པར་སྙན་ངག་ལ་ནི་རྣམ་པར་བརྩོན།།   
          ཚངས་པའི་བུ་མོའི་ཡུལ་ལས་བརྒལ་ནས་ནི།། གཞན་དུ་གང་དེ་རབ་སྐྱེས་མཐོང་མི་འགྱུར།།   
          ཞེས་པའི་ཚིག་བྱུང་བ་ལས། འདི་པའི་འཁྲུངས་ཡུལ་ཀསྨིར་ཡིན་པར་བཤད།  ལ་ལ་ཞིག་གིས་སློབ་དཔོན་འདིས་ལྷ་མོ་ནག་མོ་ལ་མཆོད་པས་བྷདྒ་ལའི་ཡུལ་དུ་འཁྲུངས་སམ་ཡང་ཟེར་བས་འདོད་ཚུལ་གཅིག་ཏུ་མ་ངེས།   
          སློབ་དཔོན་ནག་མོ་ཁོལ་རིགས་བྲམ་ཟེ་ཡིན་ཞིང་། ཆོས་ལུགས་ནི་ཕྱི་རོལ་པ་ལས་བྲམ་ཟེའི་ཆོས་ལུགས་སུ་གཏོགས། ལྷ་ཆེན་པོ་དབང་ཕྱུག་ལ་ཤིན་ཏུ་དད་པས་དབང་ཕྱུག་པ་ཡིན་འདྲ་ཡང་།  ཕྱོགས་འཛིན་ཆེར་མི་བྱེད་པས་ཁྱབ་འཇུག་ལའང་བསྔགས་པར་བྱེད།  གྲངས་ཅན་རྣལ་འབྱོར་ལྷར་བཅས་པའི་ལྟ་བ་འཛིན་ཅིང་། རྟོགས་སླ་བ་རིག་བྱེད་མཐའ་པའི་རིང་ལུགས་ལ་དད།[1]  སློབ་དཔོན་ནག་མོ་ཁོལ་གྱི་ལོ་རྒྱུས་སྐྱེ་བོའི་ངག་རྒྱུན་ལ་ཡོངས་སུ་གྲགས་པ་ནི། འདི་དང་པོ་བྲམ་ཟེའི་ཁྱི་མ་དུ་སྐྱེས་ཤིང་། སྔ་མོ་ནས་དྭ་ཕྲུག་ཏུ་ལུས་པ་བ་ལང་གིས་བསྐྱངས་ནས་ནར་སོན། ཕྱིས་བ་ལང་གི་རྫི་བོ་གཟུགས་བཟང་ཡང་འདུ་ཤེས་བླུན་པ་ཞིག་ཏུ་ཡོད་པའི་ཚེ། བྲམ་ཟེའི་མཁས་པ་ཆེན་པོ་མཆོག་སྲེད་ཀྱིས་རང་ཉིད་ལྦ་རཱ་ཎ་སཱིའི་སྔིའི་རྒྱལ་པོ་བྷི་མ་ཤུཀླའི་བུ་མོ་དཔྱིད་ལྡན་མས་མ་འདོད་པ་ལ་ལན་གླན་པའི་ཕྱིར་དུ་དེ་ཉིད་པཎྜི་པའི་ཆ་བྱད་དུ་བཅུག་ནས་རྒྱལ་པོའི་བུ་མོའི་ཁྱིམ་ཐབ་ཏུ་ཕུལ་ཀྱང་། བླུན་པོ་ཡིན་པ་ཤེས་ནས་ཆུང་མས་བཪྙས་ཤིང་སྨད་པས། ནགས་སུ་ཕྱིན་ཏེ་དབང་ཕྱུག་གི་ཆུང་མ་ལྷ་མོ་ཀཱ་ལིའམ་ནག་མོའི་སྐུ་བཪྙན་ཞིག་ཡོད་པར་གསོལ་བ་ཤུགས་དྲག་ཏུ་བཏབ་པས། ལྷ་མོ་དེ་ལས་མཆོག་ཐོབ་སྟེ་དེ་མ་ཐག་བློ་གྲོས་ཀྱི་མཐུ་རྨད་དུ་བྱུང་བ་ཪྙེད་ཅིང་། རྟོག་གེ་པ་དང་། བརྡ་སྦྲོད་པ་དང་། སྙན་ངག་སྨྲ་བ་ཆེན་པོར་གྱུར། དེ་ནས་པཎྜི་ཏ་ནག་མོ་ཁོལ་ཞེས་པའི་མཚན་ཆགས། མཐར་སློབ་དཔོན་འདི་ཉིད་ཆང་ཚོང་མའི་ཁང་པར་བཞུགས་པའི་ཚེ་ཆང་ཚོང་མས་བསད་ཅེས་པའོ།། སིདྒ་ལའི་ངག་རྒྱུན་ལ།  གདུང་ཞུགས་ལ་འབུལ་བའི་ཚེ།  པཎྜི་ཏའི་གྲོགས་པོར་གྱུར་པ་སིདྒ་ལའི་རྒྱལ་པོ་སྙན་ངག་མཁན་ཆེན་པོ་གཞོན་ནུ་ཁོལ་ཡང་སྐྱོ་གདུང་གིས་མ་བཟོད་དེ་མེ་ལ་མཆོངས་ནས་ཤི་ཟེར།  དེས་ནི་སྙན་ངག་སྨྲ་བ་ཆེན་པོ་གཉི་གའི་མཛའ་བཤེས་ཀྱི་འབྲེལ་བ་དང་།  ལྷག་པར་དེ་ལྟ་བུའི་རིན་པོ་ཆེ་དེ་ཉམ་ཉེས་སུ་སོང་བ་ནི་རྒྱ་ལ་ཁབ་ཀྱི་གྱོང་ཆེན་པོ་ཡིན་པ་བསྟན་ཏོ ། སློབ་དཔོན་འདིའི་ལོ་རྒྱུས་ཡོངས་གྲགས་དེ་ནི་བོད་ཀྱི་ཡིག་ཆ་ཁག་ཏུ་གསལ་བར་མ་ཟད། རྒྱ་གར་གྱི་མཁས་པ་ཚོས་ཡི་གེར་ཕབ་པའང་ཕལ་ཆེར་དེ་དང་མཐུན་ལ། འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་པའི་ལོ་རྒྱུས་ཀྱང་དེ་ལས་མ་འདས་སོ །《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་འགྲེལ་བར》སློབ་དཔོན་འདི་ལ་ངག་གི་དངོས་གྲུབ་སྩོལ་མཁན་ནི་ལྷ་མོ་དབངས་ཅན་མ་ཡིན་ལ། ནག་མོ་ནི་སློབ་དཔོན་འདིའི་ཆུང་མར་གྱུར་པའི་རྒྱལ་པོའི་བུ་མོ་དེའི་གཡོག་མོ་ཞིག་ཡིན་པར་བཤད་པ་ནི་ཡོངས་གྲགས་ཀྱི་ངག་རྒྱུན་ལ་སངས་རྒྱས་པ་ཚོས་བཟོ་བཅོས་བས་པར་ངེས་ཤིང་། འགའ་ཞིག་གིས་སློབ་དཔོན་འདི་སངས་རྒྱས་པ་ཡིན་པར་བཤད་པའང་ཚུལ་དེ་ལས་མ་འདས་ཏེ། རྒྱུ་མཚན་ཅི་ཡང་མ་མཐོང་བའི་ཕྱིར་རོ། །   
སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པར་གྲགས་པའི་བརྩམས་ཆོས་ལ་གྲངས་སུམ་ཅུར་བརྒལ་བ་ཡོད་མོད།  མང་པོ་ཞིག་ནི་ཁོང་ལ་ཁ་འཕངས་པར་བཤད་ཅིང་།རང་རེའི《བསྟན་འགྱུར》དུ་ནག་མོ་ཁོལ་གྱི་བརྩམས་ཆོས་ལ《སྤྲིན་གྱི་ཕོ་ཉ》ལས་གཞན།  ད་དུང《ལྷ་མོ་དབྱངས་ཅན་གྱི་བསྟོད་པ》ཞེས་ནག་མོ་ཁོལ་གྱིས་          ལྷ་མོ་དབྱངས་ཅན་མ་ཞལ་གཟིགས་པའི་དུས་སུ་དགྱེས་ཏེ་བརྩམས་པར་གྲགས་པ་དང་། 《བཀྲ་ཤིས་བརྒྱད་པ》ཞེས་པ་གཉིས་མཆིས།  འདི་བས་མཛད་མིན་ལ་བཤད་ལུགས་མེད་པ་ནི། 《སྤྲིན་གྱི་ཕོ་ཉ》 (《མེ་གྷ་དཱུ་ཏ》)དང་། 《ར་གྷུའི་གདུང་རིགས》 (《ར་གྷུ་ཝཾ་ཤ》) 《གཞོན་ནུ་འབྱུང་བ》 (《ཀུ་མཱ་ར་སཾ་བྷ་ལྦ》) 《བྱ་ལེན་མའི་ཟློས་གར》 (《ཤ་ཀུནྟ་ལཱ》) 《མཱལབིཀཱགྣིམིཏྲ》 《བིཀྲམོརྦཤིཡ》བཅས་ཡིན་པ་དང་། 《རྀ་ཏུ་སཾ་ཧཱ་ར》ཞེས་པའང་འདིས་མཛད་མོད་ཁ་ཅིག་གིས་མ་ཡིན་པར་བཤད་པའང་མཆིས། དེ་དག་ལས《སྤྲིན་གྱི་ཕོ་ཉ》དང《རྀ་ཏུ་སཾ་ཧཱ་ར》གཉིས་ནི་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་སྟེ།  སྔ་མ་ནི་འོག་ཏུ་འཆད་པར་འགྱུར་ཞིང་།  ཕྱི་མ་ནི་དབྱར་དགུན་ལ་སོགས་པའི་དུས་དྲུག་གི་ངང་ཚུལ་སྙན་ངག་ཏུ་བྱས་པ་ལེའུ་དྲུག་ཅན་ཞིག་པོ།《ར་གྷུའི་གདུང་རིགས》དང《གཞོན་ནུ་འབྱུང་བ》གཉིས་ནི་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་སྟེ། སྔ་མ་ནི་རྒྱལ་པོ་རཱ་མཱའི་སྤྱོད་ཚུལ་སྟོན་པ་ལེའུ་བཅུ་དགུ་ཅན་དང་།  ཕྱི་མ་ནི་དབང་ཕྱུག་གི་བུ་ཀརྟིཀ་དང་སྲིན་པོ་ཏ་ར་ཀ་འཐབ་པའི་ལོ་རྒྱུས་ལེའུ་བརྒྱད་ཅན་ནོ། འདི“བོད་ལ་སྔོན་དུས་འགྱུར་ངེས་པར་མ་ཟད། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དུ་མཚན་བྱ ང་ཡང་བཀོད་འདུག”ཅེས་མཁས་དབང་ཚེ་ཏན་ཞབས་དྲུང་གི《སྙན་ངག་སྤྱི་དོན》དུ་དྲངས་པའི་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱི་ངག་སྒྲོས་ཟེར་བ་ལས་བྱུང་།  བརྩམས་ཆོས་གཞན་མ་གསུམ་ག་ནི་ཟློས་གར་གྱི་བསྟན་བཅོས་ཡིན་ཞིང་། 《མཱལབིཀཱགྣིམིཏྲ》ནི་རྒྱལ་པོ་ཨགྣིཏྲས་ལིདྒའི་བུ་མོ་མཱ་ལ་བི་ཀཱ་ཆུང་མར་བསུས་པ་ལས་མཚོ་ལ་གྲུ་ཞིག་སྟེ་ཡུལ་གཞན་དུ་འཁྱམས་པའི་ཚུལ་སོགས་ཟློས་གར་དུ་བྱས་པ་ཡན་ལག་ལྔ་ཅན་དང་། 《བིཀྲམོརྦཤིཡ》ནི་རྒྱལ་པོ་བིཀྲམ་དང་ལྷ་མོ་ཨུརྦཤིཡའི་ལོ་རྒྱུས་ཟློས་གར་དུ་བྱས་པ་སྟེ།  འདིའང་ཡན་ལག་ལྔ་ཅན་ཞིག་གོ །《བྱ་ལེན་མའི་ཟློས་གར》 (《ཤཀུནྟལཱ》)ནི་བུ་མོ་ཤཀུནྟལཱ་དང་རྒྱལ་པོ་གདུལ་དཀའི་ལོ་རྒྱུས་ཟློས་གར་དུ་བྱས་པ་ཡན་ལག་བདུན་ཅན་ཞིག་གོ ། ། འཛམ་གླིང་གི་མཁས་པ་ཕལ་མོ་ཆེས་ནག་མོ་ཁོལ་གྱི་བརྩམས་ཆོས་ལ་སྤྱིར་བཏང་དུ་འདི་བདུན་ག་འདྲེན་པར་བྱེད་ཅིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང《གསེར་གྱི་ཐང་མའི》ནག་མོ་ཁོལ་གྱི་སྐབས་སུ་འདི་བདུན་ག་ཁོ་ན་དྲངས་པ་འཛམ་གླིང་ཡོངས་གྲགས་ཀྱི་བཤད་ལུགས་དང་སྒོ་བསྟུན་པར་ངེས།  ནག་མོ་ཁོལ་གྱི་བརྩམས་ཆོས་ལས་འཛམ་གླིང་ཡོངས་ལ་གྲགས་ཆེ་བ་ནི《བྱ་ལེན་མའི་ཟློས་གར》 (《ཤཀུནྟལཱ》)ཏེ།   རྒྱ་གར་པ་རྣམས་ཀྱིས་ཀྱང་ཁ་རྒྱུན་ལ།   
          ཟློས་གར་སྙན་ངག་ཀུན་ཀྱང་མཛེས།།  དེ་ལས་ཤཀུནྟལཱ་མཛེས།།   
          ཤཀུནྟལཱ་ཀུན་ཀྱང་མཛེས།།  དེ་ལས་ཡན་ལག་བཞི་པ་མཛེས།།  
          ཞེས་ཟེར། སྤྱི་ལོ1789ལོར། དབྱིན་ཇིའི་ལེགས་སྦྱར་གྱི་མཁས་པ་ཝེ་ལེམ་ཇོན་ཟི་བྱ་བས་ཟློས་གར་གྱི་བསྟན་བཅོས་འདི་དབྱིན་ཇིའི་སྐད་དུ་བསྒྱུར་པ་དང་། སྤྱི་ལོ1791ལོར། ཆོ་ཀྲི་ཧྥོར་ཟི་ཐེར་བྱ་བས་དབྱིན་ཇིའི་སྐད་ནས་འཇར་མན་གྱི་སྐད་དུ་བསྒྱུར་རྗེས། འདི་ལ་སྤྱིར་ཡོ་རོབ་གླིང་དང་ལྷག་པར་འཇར་མན་དུ་གྲགས་པ་ཆེ་རུ་རྒྱས་ཏེ། འཇར་མན་གྱི་སྙན་ངག་པ་ཆེན་པོ་ཧེར་དེར་དང་། ཀི་ཏི། ཤི་ལི་སོགས་ཀྱིས་བསྔགས་བརྗོད་རྒྱ་ཆེར་བས།[1]ཟློས་གར་འདིའི་ཡན་ལག་དང་པོའམ་སྔོན་དུ་འགྲོ་བའི་ཡན་ལག་གིས་ཀི་ཏིའི་ཟློས་གར་གྱི་བརྩམས་ཆོས་གྲགས་ཅན《ཧྥུ་ཧྲི་ཏི》ལ་ཤན་ཐེབས་པ་ཀུན་ལ་ཡོངས་སུ་གྲགས་པ་བཞིན་ནོ། །དུས་རབས་ཉི་ཤུ་པ་ནས་རྒྱའི་མཁས་པ་དུ་མ་ཞིག་བརྩམས་ཆོས་འདི་ལ་རིམ་བཞིན་དོ་སྣང་ཆེ་བར་གྱུར་ཅིང་།[2]བརྩམས་ཆོས་འདི་ལ་སྔ་ཕྱི་བསྡོམས་པས་རྒྱ་ཡིག་གི་འགྱུར་མི་འདྲ་བ་བཅུ་ལྷག་བྱུང་།[3]རྒྱ་ཡིག་གི་འགྱུར་མི་འདྲ་བ་དེ་དག་ལས་མཁས་པ་ཅི་ཞན་ལིན་གྱིས་ལེགས་སྦྱར་ནས་བསྒྱུར་པ་དེ་གྲགས་ཆེ་ཞིང་།  སྤྱི་ལོ1959ལོར་ཐེངས་དང་པོར་དཔར་དུ་བཏབ།  ཅི་ཞན་ལིན་གྱིས 《བིཀྲམོརྦཤིཡ》བྱ་བ་དེའང་དུས་རབས་སྔ་མའི་ལོ་རབས་དྲུག་ཅུ་པར་རྒྱ་ཡིག་ཏུ་བསྒྱུར་ནས་དཔར་དུ་བཏབ་ཡོད། བོད་མི་དག་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《ཤཀུནྟལཱ》བོད་སྐད་དུ་བསྒྱུར་བ་ལ་བརྟེན་ནས་བརྩམས་ཆོས་འདི་ལ་རྒྱུས་ཡོད་པར་གྱུར། རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་《ནག་མོ་ཁོལ་གྱི་ལོ་རྒྱུས》སུ“ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས་ཤཀུནྟལཱའི་ཟློས་གར་ཆ་ཚང་བསྒྱུར་པ་བོད་དུ་མཇལ”ཟེར་ཡང་། ད་ལྟ་ལེའུ་དང་པོ་མ་གཏོགས་མཐོང་རྒྱུ་མི་འདུག 《གཟུགས་ཀྱི་སྙེ་མའི》གཏམ་རྒྱུད་ཀྱི་ཆ་དུ་མ་ཞིག《ཤཀུནྟལཱ》དང་འདྲ་བར་སྣང་མོད། འདིའི་ལད་མོ་བས་པའི་ཁ་ཚོན་ནི་གཅོད་པར་མི་ནུས། དེས་ན《ཤཀུནྟལཱ》ནི་ནག་མོ་ཁོལ་གྱི་ཟློས་གར་གྱི་བརྩམས་ཆོས་ཀུན་ལས་མཆོག་ཏུ་གྱུར་པ་དང་། རྒྱ་གར་གནའ་རབས་ཀྱི་སཾསྐྲྀཏའི་སྐད་ཀྱིས་བྱས་པའི་ཟློས་གར་གྱི་བརྩམས་ཆོས་རྣམས་ཀྱི་རྩེ་མོ་ཡིན་ལ།   སློབ་དཔོན་འདི་ལ“རྒྱ་གར་གྱི་ཤ་ཤི་པི་ཡ”ཞེས་བསྔགས་བརྗོད་བྱེད་པའང་གཙོ་བོ《ཤཀུནྟལཱ》གཙོར་བྱས་པའི་་ཟློས་གར་གྱི་བརྩམས་ཆོས་དག་གི་ཆ་ནས་དེ་ལྟར་བརྫོད་པར་ངེས་མོད།  རང་རེ་བོད་དུ་ནི《ཤཀུནྟལཱ》ལས《སྤྲིན་གྱི་ཕོ་ཉ》ལྡིར་སྒྲ་ཆེ་བར་སྣང་། 
          སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་སྙན་ངག《སྤྲིན་གྱི་ཕོ་ཉ》ནི་སྤྱི་ལོ1340ལོར་ས་སྐྱའི་དཔོན་ཆེན་ནམ་མཁའ་བརྟན་པའི་བཀས་བསྐུལ་བ་ལ་བརྟེན་ནས། ཁ་ཆེའི་པཎྜི་ཏ་སྙན་ངག་མཁན་ཆེན་པོ་སུ་མ་ན་ཤྲཱི་དང་།  ཞུ་ཆེན་གྱི་ལོ་ཙཱ་བ་མང་དུ་ཐོས་པའི་དགེ་སློང་བྱང་ཆུབ་རྩེ་མོ་དང་། ལོ་ཙཱ་བ་ལུང་རིགས་སྨྲ་བ་ནམ་མཁའ་བཟང་པོས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སྙན་ངག་གི་བསྟན་བཅོས་འདི་ཡུལ་གཞན་གྱི་སྐད་དུ་འགྱུར་བའི་ཐོག་མ་ནི་བོད་སྐད་ཀྱི་འགྱུར་འདི་ཡིན་པར་གྲགས།  
          དེས་ན་རང་རེས་འདི་བོད་སྐད་དུ་བསྒྱུར་ནས་ལོ་བཞི་བརྒྱ་བདུན་ཅུ་ལྷག་ཕྱིན་པའི་རྗེས་ལ། ཡོ་རོབ་ཀྱི་མཁས་པ་ཚོས་ད་གཟོད་སྙན་ངག་འདི་ཁོ་རང་ཚོའི་སྐད་དུ་བསྒྱུར་ཅིང་། ཁོ་ཚོས་འཛམ་གླིང་གི་སྙན་ངག་མཁན་རྣམས་ཀྱི་གཙུག་རྒྱན་ནག་མོ་ཁོལ་བྱ་བའི་མཚན་ཐོས་པའང་ཧ་ལམ་དེ་ཤེད་ཅིག་ནས་ཡིན།  རྒྱའི་མཁས་པ་རྣམས་ཀྱིས་དུས་རབས་ཉི་ཤུ་པར་སླེབས་ནས་འདི་དོ་གལ་ཆེ་བར་མཐོང་ཞིང་། འདི་ལ་སྔ་ཕྱིར་ཉུང་མཐར་ཡང་རྒྱ་ཡིག་གི་འགྱུར་མི་འདྲ་བ་བཞི་བྱུང་།[1] དེ་དག་ལས་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ལ་མཁས་པ་ཅིན་ཁི་མུས་ལེགས་སྦྱར་ནས་བསྒྱུར་པའི《སྤྲིན་གྱི་ཕོ་ཉ》ནི་རྒྱ་འགྱུར་རྣམས་ཀྱི་རྩེ་གྲས་སུ་བརྩི་ཞིང་། ད་ལྟ་དེ་ཁོ་ན་རྒྱུགས་ཆེ། དུས་རིང་པོ་ཞིག་ལ་རྒྱ་གར་དང་འབྲེལ་ལམ་ཆད་པའི་དབང་གིས་རྒྱ་ལ་སྔོན་མ་ལྟར་ལེགས་སྦྱར་ལ་མཁས་པའི་ལོ་ཙཱ་བ་དཀོན་པས། ཉེ་དུས་སུ་རྒྱ་སྐད་དུ་བསྒྱུར་པའི་གནའ་བོའི་སཾསྐྲྀཏའི་སྐད་ཀྱི་བསྟན་བཅོས་རྣམས་ལས་འགྱུར་མང་པོ་ཞིག་ནི་དབྱིན་ཇི་དང་ཧྥ་རན་སི་སོགས་ཀྱི་སྐད་ནས་བརྒྱུད་བསྒྱུར་བྱས་པ་ཡིན་མོད། མཁས་པ་ཅི་ཞན་ལིན་དང་། ཅིན་ཁི་མུ། ཞི་ཧྥན་ཁྲིན་སོགས་བྱོན་ཏེ་བརྩམས་ཆོས་མང་པོ་ཐད་ཀར་སཾསྐྲྀཏའི་སྐད་ནས་བསྒྱུར་བ་ནས་ཀུན་གྱིས་དེ་དག་གིས་བསྒྱུར་པ་རྣམས་ཚད་མར་བཟུང་བས། རྒྱ་ཡིག་གི་འགྱུར་གཞན་པ་རྣམས་ངང་གིས་བག་ལ་ཞ་བར་གྱུར། ད་ལྟ་ཐད་ཀར་སཾསྐྲྀཏའི་སྐད་ནས་བསྒྱུར་བའི《སྤྲིན་གྱི་ཕོ་ཉའི》རྒྱ་ཡིག་གི་འགྱུར་ལ་ཅིན་ཁི་མུའི་འགྱུར་དང་། ཞི་ཧྥན་ཁྲིན་གྱི་འགྱུར་དང་། ལོ་ཧོང་གི་འགྱུར་བཅས་འགྱུར་མི་འདྲ་བ་གསུམ་མཆིས།
          བོད་ཡིག་གི《སྤྲིན་གྱི་ཕོ་ཉ》ནི་སྡེ་དགེའི《བསྟན་འགྱུར》གྱི་སྒྲ་རིག་པའི་སྐོར་གླེགས་ བམ་སེ་པ་ལ་བཞུགས། 《སྤྲིན་གྱི་ཕོ་ཉའི》ལེགས་སྦྱར་གྱི་མ་རྩོམ་དངོས་ལ་ཚིགས་བཅད་བརྒྱ་དང་བཅོ་ལྔ་ཡོད་པར་བཤད་ཅིང་། ཚིགས་བཅད་རེ་ལ་ཚེག་ཁྱིམ་དྲུག་ཅུ་རེ་བརྒྱད་དང་། ཚིགས་བཅད་གཅིག་ནི་ཚེག་བར་སུམ་ཅུ་སོ་བཞི་ཅན་གྱི་ཚིག་རྐང་གཉིས་རེས་གྲུབ། བོད་ཡིག་གི་འགྱུར་ལ་ཚིགས་བཅད་བརྒྱ་དང་བཅུ་བདུན་ཡོད་པས་རྐང་པ་གཉིས་ཀྱིས་མང་ངོ་།།  ཅིན་ཁི་མུའི་རྒྱ་ཡིག་གི་འགྱུར་ལ་ཚིགས་བཅད་བརྒྱ་བཅོ་ལྔ་དང་། ཉི་ཧོང་གི་འགྱུར་ལ་ཚིགས་བཅད་བརྒྱ་བཅུ་གཅིག་ཡོད་པ་སོགས་ནི་གང་ལ་གཞི་བྱེད་སའི་མ་རྩོམ་གྱི་རྒྱ་དཔེ་ལ་པར་གཞིའི་ཁྱད་པར་གྱིས་ཚིགས་བཅད་བརྒྱ་དང་བཅུ་ཅན་ནས་ཚིགས་བཅད་བརྒྱ་དང་ཉིར་ལྔ་ཅན་གྱི་བར་ཡོད་པས[1]ཡིན་ནོ།  བོད་ཡིག་གི་འགྱུར་དུ་ཚིགས་བཅད་རེ་རྐང་པ་བཞི་རེ་དང་། རྐང་པ་རེ་ཚེག་བར་བཅུ་དགུ་རུ་བྱས་པས།  བསྟན་བཅོས་ཧྲིལ་བོ་ལ་བསྡོམས་པས་ཚིག་རྐང་བཞི་བརྒྱ་དྲུག་ཅུ་རེ་བརྒྱད་ཡོད། 《སྤྲིན་གྱི་ཕོ་ཉའི》རྒྱ་དཔེ་ལ་ཚིགས་བཅད་དང་པོ་ནས“ཀྭ་ཡེ་འདོད་བཞིན་རྒྱུ་བྱེད་ཁྱོད་ནི་དེ་ལས་རྒལ་ཚེ་ལྕང་ལོ་ལྡན་མ་ཤེས་པར་འགྱུར”སོགས་ཀྱི་ ཚིགས་བཅད་དང་བཅས་པའི་བར་ལ་པཱུརྦ་མེ་གྷ་སྟེ་སྤྲིན་སྔ་མ་དང་། དེའི་འཕྲོ་ན་ཡོད་པའི་ཚིགས་བཅད་རྣམས་ལ་ཨུཏྟ་ར་མེ་གྷ་སྟེ་སྤྲིན་ཕྱི་མའི་ཐ་སྙད་བྱས་ཡོད་ལ།   རྒྱ་དང་ཉི་ཧོང་གི་དཔེ་ལའང་དེ་བཞིན་འབྱུང་མོད། བོད་དཔེ་ལ་ནི་མ་བྱུང་ངོ་། །    
          《སྤྲིན་གྱི་ཕོ་ཉའི》བརྗོད་བྱ་ནི་ལྷ་ཆེན་པོ་དབང་ཕྱུག་གི་འཁོར་དུ་གཏོགས་པའི་ནོར་ ལྷ་ཀུ་བཱེ་ར་ལ་སྲི་ཞུ་བྱེད་པའི་གནོད་སྦྱིན་གྱི་ཁོལ་བོ་ཞིག་རང་གི་བསྒྲུབ་འོས་ཀྱི་ལས་ལ་གཡེལ་བའི་ཉེས་ཆད་དུ་རང་གི་རྗེ་བོ་ནོར་ལྷ་ཁྲོས་ནས་ལོ་གཅིག་ལ་བསྐྲད་པས།  རྒྱལ་པོ་རཱ་མཱའི་ཆུང་མ་སཱི་ཏཱས་ཁྲུས་བྱས་པ་ལས་ཤིན་ཏུ་གཙང་མར་གྱུར་པའི་ཆུ་བོའི་རྒྱུན་དང་བཅས་པའི་རྒྱ་གར་དབུས་ཕྱོགས་རཱ་མཱའི་རི་བོ་ལ་སྡོད་དགོས་པར་གྱུར་ནས། ཡིད་རང་གི་ཆུང་མ་དང་བྲལ་བའི་གདུང་བ་དང་བཅས་ཏེ་རིང་ཞིག་ལོན་པའི་ཚེ།  ཆར་དུས་ཉེ་བར་སླེབས་པའི་རྟགས་སུ་སྤྲིན་རྣམས་བྱང་གི་ཕྱོགས་སུ་སྐྱོད་པ་མཐོང་བས། ལྷ་ཆེན་དབང་ཕྱུག་གི་བསྟི་གནས་རི་བོ་ཀེ་ལ་ཤའི་པང་དུ་ཆགས་པའི་གནོད་སྦྱིན་གྱི་གྲོང་ཁྱེར་ལྕང་ལོ་ཅན་དུ་ལུས་པའི་རང་གི་གཅེས་པའི་ཆུང་མ་དྲན་པའི་གདུང་བ་མ་བཟོད་དེ། ནམ་མཁའི་སྤྲིན་གྱི་དུམ་བུ་ཞིག་ཆུང་མ་ལ་འཕྲིན་སྐྱེལ་བའི་ཕོ་ཉ་རུ་བཏང་བའོ། །སྤྲིན་སྔ་མ་ནི་སྤྲིན་གྱི་ཕོ་ཉ་ལ་གང་དུ་བགྲོད་པའི་ལམ་གྱི་རིམ་པ་ཞིབ་ཏུ་བསྟན་པ་སྟེ། རཱ་མཱའི་རི་བོ་ནས་ནུབ་ཕྱོགས་ཏམ་ཤའི་གྲོང་ཁྱེར་གྱི་རྒྱལ་པོའི་ཁབ་བི་དི་ཤི་བརྒལ་ནས་ཕྱིན་པ་ན་ཨནྟའི་ཡུལ་གྱི་རྒྱལ་པོའི་ཁབ་གྲོང་ཁྱེར་ཨཛྫ་ཡ་ན་ལ་སླེབས་པར་འགྱུར་ཞིང་། དེ་ནས་བྱང་གི་ཕྱོགས་སུ་བསྐྱོད་དེ་གྲོང་ཁྱེར་ད་ཤ་འདས་པ་ན། 《མ་ཧཱ་བྷཱ་ར་ཏ》ལས་བཤད་པའི་གཡུལ་གྱི་དོ་ར་ཀུ་རུ་པ་ཡི་ཞིང་མཐོང་བར་འགྱུར་ལ། སཱ་ར་སྭ་ཏིའི་ཆུ་ཡིས་སྐོམ་པའི་གདུང་བ་བསལ་རྗེས།  ཤར་གྱི་ཕྱོགས་སུ་གདྒཱའི་ཆུ་བོ་གང་དུ་འབབ་སའི་གནས་ཁ་བ་ཅན་གྱི་རི་བོ་ཡོད་པ་དེ་ལ་འཛེགས་པ་ན། གང་ལ་བགྲོད་པར་བྱ་བའི་ཡུལ་གྱི་མཐར་ཐུག་ལྕང་ལོ་ཅན་གྱི་གྲོང་ཁྱེར་དུ་སླེབས་པར་འགྱུར་ཞེས་པའོ།། གང་དུ་རྒྱུ་བའི་ལམ་གྱི་ཕྱོགས་རྣམས་སུ་བྱ་ཚོགས་བག་ཡངས་སུ་རྩེན་པའི་ཆུ་བོ་དང་། དྲི་ཞིམ་གྱི་མེ་ཏོག་བཞད་པའི་ནགས་ཚལ། ཡིད་འོང་གི་བུད་མེད་དང་། གྲོང་དང་གྲོང་ཁྱེར། ལྷའི་ཁང་པ་རྣམས་རིམ་པར་ཡོད། སྣོད་བཅུད་ཀྱི་དངོས་པོ་དེ་དག་གཏམ་རྒྱུད་དང་དུང་ཞེན་གྱིས་ཡོངས་སུ་བཅིངས་ཤིང་། ལྷག་པར་གྲོང་ཁྱེར་ཨུཛྫ་ཡ་ནའི་བཀོད་པ་ཞིབ་ཏུ་བྲིས་པ་ལས་སྙན་ངག་པ་འདིའི་མྱོང་འདྲིས་ཀྱི་གནས་སྐབས་དྲན་པར་བྱེད།  སྤྲིན་ཕྱི་མ་ནི་སྤྲིན་གྱི་ཕོ་ཉ་ལ་བརྗིད་ཅིང་གཟི་དཔལ་འཚེར་བའི་གྲོང་ཁྱེར་ལྕང་ལོ་ཅན་གྱི་གནས་སྟངས་ལེགས་པར་ངོ་སྤྲད་པ་དང་། གཅེས་པའི་ཆུང་མ་གང་དུ་སྡོད་སའི་ཁང་ཁྱིམ་གྱི་རྣམ་པ་ཞིབ་ཏུ་བརྗོད་པ། ཁྱོ་བོ་དང་བྲལ་བའི་གདུང་བས་རབ་ཏུ་མནར་བའི་དགའ་མོ་དེ་ལ་ཇི་ལྟར་དབུགས་དབྱུང་བའི་ཚུལ་ལེགས་པར་བསླབས་པ། མི་འགྱངས་པར་ཁྱོ་ཤུག་བདེ་བའི་ངང་སླར་འཛོམས་པར་འགྱུར་བའི་འཕྲིན་པ་གསོལ་རོགས་ཞུས་པ་བཅས་སོ།། སྙན་ངག་འདིར་ཁྱོ་ཤུག་བྲལ་བའི་གདུང་བ་མངོན་པར་བསྟན་ཅིང་། ཡུལ་གྱིས་རིང་དུ་བསྐལ་བའི་ཆུང་མ་དྲན་པའི་སྐྱེ་བོའི་ནང་སེམས་ཀྱི་འགྱུར་བ་དང་གདུང་བ་ཞིབ་ཏུ་བརྫོད་པའི་ཤུགས་ལ།  ཁྱོ་ཤུག་མི་འགྱུར་དམ་དུ་འཁྱུད་པའི་མཛའ་བའི་བསྔགས་པ་བརྗོད་པར་བྱས། སྙན་ངག་རིལ་བོ་བརྩེ་གདུང་གི་འགྱུ་བས་དམ་དུ་དཀྲིས། ཀུན་རྟོག་གིས་ཕྱུག།  ཚིག་སྦྱོར་འཕྱོར། དཔེ་མཚར་བྱས། བརྗོད་བྱ་དང་རྗོད་བྱེད་མཐུན་སྡེབ་རྨད་དུ་བྱུང་།   
          མཁས་པ་ཅིན་ཁི་མུས་ནག་མོ་ཁོལ་གྱི་བརྩམས་ཆོས་སུ་ཡུལ་གཞན་དུ་འཁྱམ་པའི་འཁྱམས་པོ་དག་གིས་རང་ཁྱིམ་གྱི་ཆུང་མ་དྲན་པའི་ཚུལ་བརྗོད་པ་ནི་སྐྱེས་རབས་དང་གཏམ་རྒྱུད་དུ་རྟག་པར་འབྱུང་བའི་ནོར་གྱི་ཕྱིར་རྒྱང་རིང་དུ་འགྲོ་བའི་ཚོང་པ་ཚོའི་སེམས་ཀྱི་གནས་སྐབས་གསལ་བར་བྱས་པར་འདོད་མོད།[1]ཁོ་བོ་ནི་དེ་ལྟར་མི་སེམས་ཏེ། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ》ལས།   དེ་ལྟ་བུའི་མཁས་པ་ཆེན་པོ་དེས་བཞིན་གྱི་དཀྱིལ་འཁོར་མཐོང་བ་ཙམ་ལ་ལུས་ཇི་ལྟར་གནས་པ་རྟོགས་པ་ལས་རེ་ཞིག་རི་མོ་མཁན་པོས་རྒྱལ་པོའི་བཙུན་མོའི་སྐུ་འབག་བྲིས་ནས་འདི་འདྲའམ་ཞེས་བསྟན་པས། ཤིན་ཏུ་འདྲ་བ་ལ་འོན་ཀྱང་སྐྱེ་གནས་ཀྱི་ཐད་ན་སྨེ་བ་གཅིག་ཡོད་པ་དེ་འདི་ལ་མ་ཚང་འདུག་ཅེའོ།། དེ་ལ་བརྟགས་པས་དེ་ཁོ་ན་ལྟར་བྱུང་བས་རྒྱལ་པོ་ན་རེ། འདི་ལྟ་བུ་བདག་གིས་ཀྱང་མ་རྟོགས་ཏེ།  འདི་ནི་ངེས་པར་འདོད་ལོག་སྤྱོད་པ་ལ་ཞུགས་སོ་ཞེས་ཟེར་ཏེ་པཎྜི་ཏ་དེ་སྤྱུགས་སོ། །
          ཞེས་འབྱུང་བ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《གསེར་གྱི་ཐང་མ》ལས།   
          བླུན་པོ་དེ་ནི་མལ་གཟན་གྱི་སྟེང་དུ་འཛེགས་པ་ཙམ་ཡང་མ་ཤེས་པ་ལ་ཆུང་མས་ཅུང་ཟད་སྤྱོས་པས་སྐྱོ་སྟེ་ནགས་སུ་བྲོས། ཀ་ལིའི་སྐུ་བཪྙན་ཞིག་གི་མདུན་དུ་ལུས་འདོར་བར་བརྩམས་པ་ན་སྔོན་གྱི་འབྲེལ་བ་སད་དེ་ལྷ་མོས་རྗེས་སུ་བཟུང་། ཆུང་མས་ཀྱང་དྲན་ཏེ་ནགས་སུ་འཚོལ་དུ་ཕྱིན་པས་ཤིང་ཆེན་པོ་དག་གི་ཤུན་པ་ལ་སྤྲིན་གྱི་ཕོ་ཉའི་ཚིགས་བཅད་བྲིས་པ་དག་མཐོང་ནས་ངོ་མཚར་ཏེ་བཙལ་བས་རྙེད།   
          ཅེས་འབྱུང་།འདི་ལས་རང་རེས་དོན་གྱི་གནད་ཆེན་པོ་ཞིག་རྟོགས་ནུས་ཏེ། གོང་གི་ངག་རྒྱུན་འདི་གཉིས་ལ་བདེན་པའི་ས་བོན་ཞིག་ཅི་ནས་ཀྱང་ཡོད་ངེས་པས། རྒྱལ་པོས་སྤྱུགས་ཀྱང་རུང་ཆུང་མས་སྤྱུགས་ཀྱང་རུང་། གང་ལྟར་ཡང་སློབ་དཔོན་ནག་མོ་ཁོལ་ལ་ཡུལ་ནས་སྤྱུགས་པའི་ལོ་རྒྱུས་ཤིག་གདོན་མི་ཟ་བར་ཡོད་མྱོང་བ་དང་། 《སྤྲིན་གྱི་ཕོ་ཉ》ནི་རང་ཉིད་ཡུལ་ནས་སྤྱུགས་པའི་དུས་དེ་ལ་བརྩམས་པར་སྣང་།  དེ་ལྟར་ན 《སྤྲིན་གྱི་ཕོ་ཉ》ལས་བྱུང་བའི་གནོད་སྦྱིན་དེ་ནི་དོན་དུ་སློབ་དཔོན་ཁོ་རང་དང་།  གནོད་སྦྱིན་གྱི་ཆུང་མ་ནི་སློབ་དཔོན་ཁོ་རང་གི་ཆུང་མ་སྟེ། འོན་ཀྱང་ཆུང་མ་དེ་ནི་ལྦ་རཱ་ཎ་སཱིའི་རྒྱ་ལ་པོ་བྷི་མ་ཤུཀླའི་བུ་མོ་དཔྱིད་ལྡན་མ(《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ》ལས་རྒྱལ་པོ་ཚངས་པས་བྱིན་གྱི་བུ་མོ་གསེར་མཆོག་མ་ཞེས་འབྱུང)དེ་ཡིན་མིན་ནི་ཁ་ཚོན་གཅོད་པར་དཀའ་འོ།།  གནོད་སྦྱིན་གྱིས་ཆུང་མ་དྲན་པ་ནི་སློབ་དཔོན་ཁོ་རང་གིས་རང་གི་ཆུང་མ་དྲན་པ་ཡིན་པས། 《སྤྲིན་གྱི་ཕོ་ཉ》ནི་སློབ་དཔོན་ཁོ་རང་ཡུལ་ནས་སྤྱུགས་པའི་སྐབས་དེར་བརྩམས་པར་ངེས་ཤིང་། སློབ་དཔོན་ཁོ་རང་གིས་ཆུང་མ་དྲན་པའི་གདུང་བ་དངོས་བརྗོད་པའོ། །  ནག་མོ་ཁོལ་གྱིས་མི་ན་བཞིན་དུ་ན་སྐད་བཏོན་པ་མིན་པས། 《སྤྲིན་གྱི་ཕོ་ཉ》རུ་བརྗོད་པའི་དྲན་པའི་གདུང་བ་དེ་དག་ལ་ཟོལ་གྱིས་བཅོས་པ་ཅུང་ཟད་ཀྱང་མེད་ལ། དེ་ལ་བརྟེན་ནས་སྙན་ངག་དེས་སྐྱེ་བོ་ཀུན་གྱི་ཡིད་གཡོ་བར་བྱས་ཏེ། འཛམ་གླིང་ལ་གྲགས་ཆེ་བའི་བརྩམས་ཆོས་ཤིག་ཏུ་གྱུར་པ་ཡིན་མོད། དེ་ལྟ་བུའི་རྒྱུ་མཚན་གལ་ཆེན་དེ་ལ་མཁས་པ་རྣམས་ཀྱིས་ད་ལྟའི་བར་ཐུགས་མཉམ་མ་བཞག་པར་སྣང་། རྒྱ་གར་གྱི་སློབ་དཔོན་སོ་མ་དེ་ལྦས་མཛད་པའི《གཏམ་གྱི་ཆུ་བོའི་རྒྱ་མཚོའི》ལེའུ་དང་པོར་གནོད་སྦྱིན་ཞིག་ལ་ནོར་ལྷ་ཀུ་བེ་རས་དམོད་བོར་ཏེ་ཤ་ཟ་རུ་གྱུར་ཅིང་རི་བོ་བིནྡྷྱའི་ནགས་སུ་སྡོད་པ་ཞེས་སོགས་འབྱུང་བ་ནི 《སྤྲིན་གྱི་ཕོ་ཉའི》བརྗོད་བྱའི་ས་བོན་གང་ལས་འབྱུང་བའི་ཁུངས་ལྟ་བུར་སྣང་མོད། གལ་ཏེ་དེ་ཡིན་པའི་དབང་དུ་བཏང་ཡང་། ནག་མོ་ཁོལ་གྱིས་སྔོན་བྱུང་གི་གཏམ་ལ་སྙད་བཏགས་པའི་ཚུལ་གྱིས་རང་གི་གནས་སྐབས་གསལ་བར་བྱས་ཞེས་འགྲེལ་དུ་རུང་ངོ་། །   
          གནོད་སྦྱིན་ཡིན་ཡང་རུང་། ནག་མོ་ཁོལ་ཡིན་ཡང་རུང་། ཡུལ་ནས་སྤྱུགས་པའི་རྒྱུ་མཚན་ནི་རང་ཉིད་བག་མེད་ཀྱི་དབང་དུ་གྱུར་པས་ཡིན་མོད།  《སྤྲིན་གྱི་ཕོ་ཉ》རུ་རང་ཉིད་བག་མེད་དབང་གྱུར་ཅེས་པ་ཙམ་ལས། ཚུལ་ཇི་ལྟར་བག་མེད་ཀྱི་དབང་དུ་གྱུར་པའི་ཚུལ་གསལ་ཁ་མ་བྱུང་བས། དེ་ལ་ཅུང་ཟད་བརྟགས་ན། རྒྱའི་མཁས་པ་ལིའུ་ཨན་བི་ཡིས་གནོད་སྦྱིན་གང་གིས་རང་གི་རྗེ་བོ་ཀུ་བེ་རའི་མེ་ཏོག་གི་ཚལ་སྲུང་བ་ལ། ཅི་ཙམ་ན་དེ་རང་གི་ཁྱིམ་ཐབ་ཏུ་བསུས་ནས་ཡུན་རིང་མ་ལོན་པའི་ཆུང་མའི་མཛེས་པ་ལ་ཆགས་ནས། མེ་ཏོག་གི་ཚལ་སྲུང་བའི་ལས་ལ་གཡེལ་བར་གྱུར་པའི་ཚེ། མི་སྲུན་པའི་གླང་པོ་ཁྱུ་གཅིག་གིས་མེ་ཏོག་གི་ཚལ་ཀུན་ནས་བརྫིས་པས།  རྗེ་བོ་ཀུ་བེ་ར་རབ་ཏུ་ཁྲོས་ཏེ་ཉེས་ཆད་དུ་གནོད་སྦྱིན་དེ་ཡུལ་ནས་སྤྱུགས་པར་བཤད།[1]གནོད་སྦྱིན་དེ་ཇི་ལྟར་བག་མེད་དུ་གྱུར་པའི་ཚུལ་ལ་མཁས་པ་ལིའུ་ཨན་བིའི་བཤད་ཚུལ་མཚར་ཞིང་དོན་ལ་འབྱོར་བ་འདི་ལྟ་བུ་ཞིག་གང་དུའང་མ་མཐོང་ལ་ཤིན་ཏུ་གལ་ཆེ། ཤིན་ཏུ་ཕངས་པ་ཞིག་ནི་བཤད་ཚུལ་འདི་ལ་ཁུངས་གང་ཡོད་མ་བསྟན་པ་དེ་ཡིན་མོད།  འོལ་ཚོད་དུ་བཤད་པ་ནི་མིན་པར་སེམས། 《སྤྲིན་གྱི་ཕོ་ཉ》རུ་བྱུང་བའི་གནོད་སྦྱིན་དེ་དོན་དུ་རྩོམ་མཁན་ཁོ་རང་སྟོན་བྱེད་ཡིན་པའི་ཆ་ནས་བསམས་ན། བསྟན་བྱ་ནག་མོ་ཁོལ་ལའང་བག་མེད་དུ་གྱུར་པའི་ལོ་རྒྱུས་འདི་འདྲ་ཡོད་པ་མ་ཡིན་ནམ་སྙམ་སྟེ།  སྙན་ངག་ལ་ཤིན་ཏུ་མཁས་པས་རིན་པོ་ཆེ་དགུའི་གྲས་སུ་ཚུད་དེ་ཀུན་གྱིས་སྨོན་པའི་ཡུལ་དུ་གྱུར་པ་དང་། ཕོ་བྲང་གི་ནང་དུ་ཡོད་པས་རྒྱལ་པོའི་བཙུན་མོ་རྣམས་དང་འགྲོགས་འདྲིས་ཀྱི་གོ་སྐབས་ཪྙེད་སླ་ལ།  བརྩམས་ཆོས་རྣམས་ཀྱི་བརྗོད་བྱ་དང་ཐ་མར་ཆང་ཚོང་མའི་ཁྱིམ་དུ་གཤེགས་པ་ལས་ཆང་དང་བུད་མེད་ལ་དགྱེས་པ་རྟོགས་ནུས་པས། རྒྱལ་པོའི་བཙུན་མོ་ཞིག་དང་མཛའ་བར་གྱུར་པ་རྒྱལ་པོས་ཤེས་ཏེ་རང་གི་ཁྱིམ་དང་རྒྱལ་པོའི་ཕོ་བྲང་གཉི་གར་འབྲལ་དགོས་བྱུང་བའོ། །   
          ཕོ་བྲང་གི་རིན་པོ་ཆེ་རུ་བཀུར་བའི་མཁས་པ་ཆེན་པོ་དེ་ཐ་མར་ཆང་ཚོང་མའི་ཁྱིམ་དུ་ཚེ་ལས་འདའ་དགོས་བྱུང་བ་བདེན་ན། ཁོས་ངེས་པར་དེ་འདྲའི་བག་མེད་ཀྱི་ལས་ཤིག་བགྱིས་ཡོད་པར་ངེས། 《ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ》ལས་སློབ་དཔོན་འདིས་རྒྱལ་པོའི་བཙུན་མོའི་སྐྱེ་གནས་ཀྱི་ཐད་ན་སྨེ་བ་ཡོད་པ་ཤེས་པས་རྒྱལ་པོས་འདི་ངེས་པར་འདོད་ལོག་སྤྱོད་པ་ལ་ཞུགས་སོ་ཟེར་ཏེ་སྤྱུགས་ཞེས་པས་རང་ཅག་ལ་ནག་མོ་ཁོལ་ཇི་ལྟར་བག་མེད་དུ་གྱུར་པའི་གནད་རྟོགས་པའི་བློ་ཪྙེད་དུ་འཇུག་པ་མ་ཡིན་ནམ། འོ་ན་ནག་མོ་ཁོལ་གྱིས 《སྤྲིན་གྱི་ཕོ་ཉར》བརྗོད་པའི་དྲན་པའི་གདུང་བ་དེ་ཆུང་མ་དྲན་ནས་བྱུང་ངམ་བཙུན་མོ་དྲན་ནས་བྱུང་སོགས་དྲི་ན། གང་ཡིན་ཡང་མི་འགལ་མོད། ཀུན་སྤྱོད་ཚུལ་ལུགས་དང་མཐུན་པར་བྱེད་ན། ཆུང་མ་དྲན་པར་བྱས་ཀྱང་ཆོག་སྟེ།  དངོས་གནས་པ་ནི་ཤེས་པའི་སྐབས་མེད་དོ ། 《སྤྲིན་གྱི་ཕོ་ཉའི》རྩོམ་པ་པོ་ནག་མོ་ཁོལ་དང《སྤྲིན་གྱི་ཕོ་ཉ》ལས་བྱུང་བའི་གནོད་སྦྱིན་གཉིས་ཀྱི་འབྲེལ་བ་ནི་བསྟན་བྱ་སྟོན་བྱེད་ཀྱི་འབྲེལ་བ་ཡིན་པ་དང་། བསྟན་བྱ་སྟོན་བྱེད་དེ་གཉིས་ཇི་ལྟར་བག་མེད་དུ་གྱུར་པའི་གཏམ་རྒྱུད་ཀྱང་ཪྙེད་པ་འདི་ནི། སྙན་ངག་གི་བསྟན་བཅོས་འདི་ལ་འཇུག་བྱེད་ཀྱི་ལྡེ་མིག་སྔ་ན་མེད་པ་ཞིག་གོ ། །   
          སྙན་ངག 《སྤྲིན་གྱི་ཕོ་ཉ》རུ་བྱུང་བའི་སྐྱེས་བུ་གཙོ་བོ་ནི། རྗེ་བོ་དང་། གནོད་སྦྱིན་དང་། ཆུང་མ་དང་། སྤྲིན་བཞི་ག་ཡིན་ལ།  རྗེ་བོས་བསྐྲད་པའི་གནོད་སྦྱིན་གྱིས་ཆུང་མ་དྲན་ཏེ་སྤྲིན་ལ་འཕྲིན་པ་བསྐུར་བ་ནི་སྙན་ངག་འདིའི་བྱུང་བའོ། །  སྙན་ངག་གི་བསྟན་བཅོས་འདི་ནི་ཕལ་ཆེར་མགོ་ནས་མཇུག་བར་དུ་གནོད་སྦྱིན་གྱིས་སྤྲིན་ལ་སྐྱེས་བུ་གཉིས་པའི་སྒྲས་བོས་ཏེ། དེ་ལ་ཁ་བརྡའི་ཚུལ་དུ་སྦྱར་ཡོད།  སྤྲིན་གྱི་ཕོ་ཉ་དེ་ཤིན་ཏུ་གལ་ཆེ་བར་སྣང་སྟེ།  རྗེ་བོས་བརྩེ་མེད་དུ་བསྐྲད་པའི་ཉེས་ཆད་ཕོག་ཀྱང་སྤྲིན་གྱི་ཕོ་ཉ་ལ་བརྟེན་ནས་གནོད་སྦྱིན་དང་ཆུང་མའི་བར་དུ་དྲན་པ་དང་བརྩེ་བའི་ཟམ་ཞིག་བཙུགས་པའི་ཕྱིར་རོ། །  དེས་ན་རྗེ་བོ་དང་། གནོད་སྦྱིན་དང་། ཆུང་མ་ནི་སྔར་བཤད་ཟིན་པས། ད་ནི་སྤྲིན་གྱི་སྐོར་ཅུང་ཟད་བརྗོད་ན། གནོད་སྦྱིན་གྱིས་ཕོ་ཉར་མངགས་པའི་སྤྲིན་པ་དེ་ནི་རོལ་ཅིང་མཛེས་པའི་གླང་ཆེན་གྱི་རྣམ་པ་ཅན་གྱི་ཆར་སྤྲིན་ཞིག་ཡིན་པར་མ་ཟད།  སྙན་ངག་མཁན་གྱིས་དེ་སེམས་ལྡན་དུ་རབ་རྟོག་བྱས་ཡོད་པ་དང་།  དེ་ཡང་སྐྱེས་པ་ཕོའི་རང་བཞིན་ཅན་ཞིག་ཡིན་པ་ནི་སྙན་ངག་འདི་ལས།   
          ཁྱོད་ཀྱང་འདོད་པའི་ཡུལ་ནི་ཐོབ་ཅིང་མཛེས་པའི་ཆར་སྤྲིན་ཚོགས་འཛིན་དཔལ་དང་ལྡན་པ་དང་།།   
          གློག་མ་དང་ཡང་ནམ་ཡང་མི་འབྲལ་གྱུར་ཅིག་དེ་བཞིན་ཀུན་ཀྱང་དགེ་ཞིང་ཤིས་གྱུར་ཅིག །   
          ཅེས་འབྱུང་བ་ལས་རྟོགས་པར་འགྱུར་རོ། །ཤིན་ཏུ་ངོ་མཚར་བ་ཞིག་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས 《གསེར་གྱི་ཐང་མ》རུ་“སྤྲིན་གྱི་ཕོ་ཉ་བྱ་བ་རྒྱལ་པོས་བསྐྲད་པ་ཞིག་གིས་རི་བོ་འབིགས་བྱེད་ཀྱི་ཕྱོགས་ནས་ཁ་བ་ཅན་དུ་ཆུང་མ་ལ་སྤྲིན་གྱི་གནོད་སྦྱིན་ཕོ་ཉར་བཏང་བའི་ཚུལ་ལ་སྦྱར་བ”ཞེས་སྤྲིན་པ་དེ་སེམས་ལྡན་ཡིན་པ་ཙམ་དུ་མ་ཟད་སྤྲིན་གྱི་གཟུགས་སུ་བྱས་པའི་གནོད་སྦྱིན་ཞིག་ཡིན་པར་བཤད་དོ། །དེས་ན་ཕོ་ཉར་བཏང་བའི་སྤྲིན་པ་དེ་ནི་རྣམ་པ་ཆར་སྤྲིན།  དབྱིབས་གླིང་ཆེན།  སྐྱེས་ལུས་ཕོ།  ངོ་བོ་གནོད་སྦྱིན་ཡིན་པ་ཞིག་ཏུ་བཤད་ཆོག་པར་སེམས།  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བཤད་ཚུལ་དེའང་ཁུངས་གང་ལ་ཐུག་པ་མི་ཤེས་ཀྱང་། བབ་ཅོལ་མ་ཡིན་པ་ཐག་གིས་ཆོད་སྙམ། དུས་རབས་དགུ་པར་བྱོན་པའི་རྒྱ་གར་གྱི་སྙན་ངག་སྨྲ་བ་བྷཱ་མ་ཧས་སྤྲིན་དང་རླུང་ལ་སོགས་པ་སེམས་མེད་ཀྱི་དངོས་པོ་ནི་ཕོ་ཉར་བྱ་བའི་གནས་མ་ཡིན་པར་གསུངས་ཤིང་།  ཡང་མཆོག་ཏུ་དགའ་བས་ཤེས་པ་རྣལ་དུ་མི་གནས་པ་ལྟར་གྱུར་པ་ལ་ནི་དམིགས་བསལ་གྱིས་རུང་གསུངས་པ་ནི།  ཕལ་ཆེར《སྤྲིན་གྱི་ཕོ་ཉའི》ཚིགས་བཅད་ལྔ་པ་ལ་བསམས་ནས་སྨྲས་པ་ཡིན་པར་འདོད།  [1]དངོས་སུ་ན་མིའི་འགྲོ་བ་མ་ཡིན་ཚེ།  སེམས་ལྡན་སེམས་མེད་གང་གིས་ཀྱང་ངག་འཕྲིན་སྐྱེལ་བའི་བྱ་བ་བྱེད་མི་ནུས་པས། སྤྲིན་ཕོ་ཉར་བཏང་བ་སྐད་དུ་བརྗོད་པ་ནི་སྙན་ངག་མཁན་གྱིས་ནང་གི་དྲན་པའི་གདུང་བ་མཚོན་བྱེད་དུ་དེ་འདྲའི་སྒྱུ་རྩལ་གྱི་ཐབས་འཕྲུལ་སྤྱད་པ་ཙམ་མོ།།   
          《སྤྲིན་གྱི་ཕོ་ཉ》ནི་གནའ་བོའི་རྒྱ་གར་གྱི་སཾསྐྲྀཏའི་སྐད་དུ་བརྩམས་པའི་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་གི་རབ་དང་རྩེ་མོ་ཡིན་པས།  སློབ་དཔོན་ནག་མོ་ཁོལ་གྱིས་སྙན་ངག་དེ་བརྩམས་གྲུབ་རྗེས། རྒྱ་གར་གྱི་ཡུལ་དུ་སྐྱེ་བོ་ཀུན་གྱིས་དབྱངས་སུ་ལེན་པ་བྱུང་ཞིང་། དེ་དང་རྗེས་སུ་མཐུན་པར་སྦྱར་བའི་བརྩམས་ཆོས་ཀྱང་ཆུ་མིག་བཞིན་དུ་བརྡོལ་ཏེ། 《རླུང་གི་ཕོ་ཉ》 དང་། 《ནེ་ཙོའི་ཕོ་ཉ》 《བུང་བའི་ཕོ་ཉ》 《ངང་བའི་ཕོ་ཉ》 《ཟླ་བའི་ཕོ་ཉ》 《ཁུ་བྱུག་གི་ཕོ་ཉ》 《རྨ་བྱའི་ཕོ་ཉ》 [2]སོགས་བརྩམས་ཆོས་བཞི་བཅུ་ལས་བརྒལ་བ་བྱུང་།[3]མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཕོ་ཉའི་མིང་ཅན་གྱི་སྙན་ངག་དེ་དག་ལས་ལྔ་དྲུག་ཅིག་ནི་སིདྒ་ལ་པ་དག་གིས་བྲིས་ཤིང་། ཇོ་ནང་ཀུན་མཁྱེན་གྱིས 《རྒྱ་གར་ཆོས་འབྱུང》དུ་སློབ་དཔོན་ནག་མོ་ཁོལ་གྱིས 《སྤྲིན་གྱི་ཕོ་ཉ》ལ་སོགས་པའི་ཕོ་ཉ་བརྒྱད་བརྩམས་གསུངས་པ་དག་ནི་འདིར་མ་ཐོས་པས་དེ་ཚོའི་གྲས་ཡིན་རྒྱུར་འདུག་གསུངས་ལ།    ཁོང་གིས 《ཕུག་རོན་གྱི་ཕོ་ཉ》ཞེས་པ་ཞིག་ཀྱང་བགྲང་འདུག[4]སློབ་དཔོན་ནག་མོ་ཁོལ་གྱི《སྤྲིན་གྱི་ཕོ་ཉའི》ཤན་ཤུགས་ཀྱིས་རྒྱ་གར་དུ་དེ་ལྟར་སྙན་ངག་སྦྱོར་ཚུལ་གསར་བ་ཞིག་གི་སྒོ་ཕྱེ་ཞིང་། རྒྱ་གར་གྱི་མཁས་པ་རྣམས་ཀྱིས་བརྩམས་ཆོས་དེ་རིགས་ལ་ཕོ་ཉའི་སྙན་ངག་ཅེས་བྱ།  སྙན་ངག་མཁན་གྷཌཀརྦར་སྟེ་བུམ་པའི་དུམ་བུ་བྱ་བས 《བུམ་པའི་དུམ་བུ》 (《གྷཌཀརྦར》)ཞེས་པའི་སྙན་ངག་ཤོ་ལོ་ཀ་ཉེར་གཅིག་ཅན་ཞིག་བརྩམས་ཤིང་། དེ་ནི་བུད་མེད་ཅིག་གིས་ཁྱོ་བོ་ལ་སྤྲིན་ཕོ་ཉར་བཏང་བའི་ལོ་རྒྱུས་བྱ་དཀའ་བའི་ཟུང་ལྡན་དུ་བསྡེབས་པ་ཞིག་སྟེ།   མིང《སྤྲིན་གྱི་ཕོ་ཉར》མ་བཏགས་པ་ཙམ་ལས་དོན་ལ་དེ་ཡང 《སྤྲིན་གྱི་ཕོ་ཉ》ཞིག་གོ། །གཞན་ཡང 《སྤྲིན་གྱི་ཕོ་ཉའི》རྣམ་པ་དང་མཐུན་པར་སྦྱར་བ་ཙམ་མ་ཡིན་པར།  སྙན་ངག་དེའི་ཚིགས་བཅད་སོ་སོ་ནས་རྐང་པ་གཅིག་གམ་གཉིས་བླངས་པ་ལ་ཆ་གཞན་རྣམས་རང་གིས་ཁ་བསྐངས་ཏེ་སྦྱར་པའི་སྙན་ངག་ཀྱང་ཡོད་དོ། །དུས་རབས་བརྒྱད་པ་ལ་གཅེར་བུ་བའི་སློབ་དཔོན་ཛི་ན་སེ་ནའམ་རྒྱལ་བའི་སྡེས་སྦྱར་བའི《པཱརཤྭཱབྷཡུདཡ》བྱ་བ་ཚིགས་བཅད་བརྒྱ་དང་ཉི་ཤུ་ཅན་གྱི་སྙན་ངག་ནི་དེ་འདྲའི་བརྩམས་ཆོས་སྔ་གྲས་སུ་གཏོགས་ལ།  ཡང་གཅེར་བུ་བའི་སློབ་དཔོན་བིཀྲམ་སྟེ་རྣམ་གནོན་བྱ་བས་དུས་རབས་བཅུ་བདུན་པར་བརྩམས་པའི《ནཻམིདཱུཏ》བྱ་བ་ཚིགས་བཅད་བརྒྱ་ཉེར་ལྔ་ཅན་གྱི་སྙན་ངག་ཚིགས་བཅད་སོ་སོའི་རྐང་པ་ཐ་མ་ལ《སྤྲིན་གྱི་ཕོ་ཉའི》ཚིགས་བཅད་སོ་སོའི་རྐང་པ་ཐ་མ་སྦྱར་བའང་ཡོད་དོ[1]།། དེ་དག་གང་ཡིན་ཡང《སྤྲིན་གྱི་ཕོ་ཉའི》རྗེས་སུ་རྐང་པ་བཞག་པ་ཙམ་ལས་དེའི་དོ་ཕེར་བ་མ་བྱུང་ཡང་། 《སྤྲིན་གྱི་ཕོ་ཉ》དང་ཉེ་བར་འབྲེལ་བའི་ཡིག་ཆ་ཡིན་པས། དཔྱོད་པའི་རིན་ཐང་ཆེའོ། །   
          《སྤྲིན་གྱི་ཕོ་ཉ》 ལ་རྒྱ་གར་དུ་མཁས་པ་མ་ལླི་ནཱ་ཐས་མཛད་པའི《སྤྲིན་གྱི་ཕོ་ཉའི་འགྲེལ་བ་སྲོག་ལྡན》དང་།  སློབ་དཔོན་ཙརིཏྲདྷནས་མཛད་པའི《འགྲེལ་པ་ཙརིཏྲ》མཁས་པ་ཆེན་པོ་ཤྲཱི་ཀེ་དཱ་ར་ནཱ་ཐ་ཤརྨས་མཛད་པའི་ཧིན་དྷུའི་སྐད་ཀྱི་འགྲེལ་བ 《སཽདཱམིནཱི》སོགས་འགྲེལ་བའི་བསྟན་བཅོས་མང་དུ་ཡོད་ཀྱང་།  སྔོན་འགྲེལ་བ་དེ་དག་བོད་སྐད་དུ་མ་འགྱུར་ལ།  སྤྱི་ལོ1997ལོར། མཁས་པ་རཀ་ར་ཐུབ་བསྟན་ཆོས་དར་གྱིས་གོང་གི་སྤྲིན་གྱི་ཕོ་ཉའི་འགྲེལ་བ 《སཽདཱམིནཱི》 འམ 《གློག་ཕྲེང་མ》བྱ་བ་བོད་སྐད་དུ་བསྒྱུར་པས་རང་རེ་ལ་སྔར་སྙན་ངག་འདིའི་རྒྱ་འགྲེལ་མ་འགྱུར་པའི་སྟོང་ཆ་བསྐངས།  མཁས་པ་རཀ་རས་བསྒྱུར་པའི་འགྲེལ་བ 《གློག་ཕྲེང་མ》རུ《སྤྲིན་གྱི་ཕོ་ཉའི》ཚིགས་བཅད་རེ་རེའི་ཚིག་རྐང་དང་པོ་ནས་ཅུང་ཟད་རེ་དྲངས་ཏེ་དགྲོལ་བྱའི་ཚིགས་བཅད་གང་ཡིན་པ་ངོས་བཟུང་རྗེས།  དེའི་འོག་ཏུ 《གློག་ཕྲེང་མའི》སྐབས་སུ་བབ་པའི་འགྲེལ་བྱེད་ཀྱི་ཚིག་རྣམས་བསྒྱུར་ནས་བཀོད་ཡོད་ལ།  སྐབས་འགའ་ཞིག་ཏུ་ཚིགས་བཅད་ཁ་ཤས་ཚིག་དོན་གོང་འོག་བསྒྱུར་བ་དང་།  ཚིག་སྣ་བསྟུངས་ཏེ་གསར་དུ་གོ་བདེ་བར་བསྒྱུར་པའང་ཡོད་ཅིང་།  བོད་འགྱུར་གྱི《སྤྲིན་གྱི་ཕོ་ཉ》ལ་མི་གསལ་བའི་ཡུལ་དང་།  མེ་ཏོག །  ལྗོན་ཤིང་།   རི་བོ །  ཆུ་བོ་ལ་སོགས་པའི་མིང་རྣམས་ཀྱང་གསལ་བོར་བཀོད་འདུག་པས།  དེས་རང་རེ་ལ 《སྤྲིན་གྱི་ཕོ་ཉའི》འཇུག་ངོགས་གསར་བ་ཞིག་བསྐྲུན་འདུག་ཀྱང་། ཡི་གེའི་དག་ཆ་དང་ཚིག་གི་སྦྱོར་བ་སོགས་ནི་རྣམ་པ་ཀུན་ཏུ་ཡིད་དུ་འོང་བ་ཞིག་མ་ཡིན་ནོ། །
          སྤྱིར་ལེགས་སྦྱར་གྱི་སྙན་ངག་ལ་མ་ཧཱ་ཀཱ་བྱཱ་སྟེ་སྙན་ངག་ཆེན་པོ་དང་། ཁཎྜ་ཀཱ་བྱཱ་སྟེ་སྙན་ངག་དུམ་བུམའམ་སྙན་ངག་ཆུང་ངུ་ཞེས་རིགས་གཉིས་སུ་དབྱེ་ཞིང་།   སྙན་ངག་ཆེན་པོ་ཞེས་པ་གཙོ་བོ་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་དང་།   སྙན་ངག་ཆུང་ངུ་ཞེས་པ་གཙོ་བོ་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་ལ་བྱ། 《སྙན་ངག་མེ་ལོང》དུ“སརྒས་བཅིངས་པ་སྙན་ངག་ཆེ། །”ཞེས་སྙན་ངག་ཆེན་པོ་ནི་སརྒ་སྟེ་ལེའུ་གཉིས་ཡན་ཆད་ཡོད་པ་ཞིག་ལ་བཤད། སྣར་ཐང་པ་དང་རིན་སྤུངས་པས་ཀྱང་སྙན་ངག་ཆེ་ཆུང་ནི་ལེའུས་བཅད་མ་བཅད་ཀྱིས་གསུངས།[1]དེ་ལྟར་ན 《སྤྲིན་གྱི་ཕོ་ཉ》ནི་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཀྱང་མིན་ལ།  སརྒས་ཀྱང་མ་བཅིངས་པས་སྙན་ངག་ཆེན་པོའི་མིང་མི་ཐོབ་པ་ལྟར་སྣང་ཡང་།  རྒྱ་གར་དུ་མཁས་པ་རྣམས་ཀྱིས་འདི་སྙན་ངག་ཆེན་པོ་རུ་བརྩི།[2] སྙན་ངག་ཆེ་ཆུང་གི་དོན་ནི་སྙན་ངག་དེའི་བརྗོད་བྱ་སོགས་དང་ཡང་འབྲེལ་མོད། གཙོ་བོ་ནི་སྙན་ངག་དེའི་གཞུང་ཚད་ལ་འབྲེལ་ཤིན་ཏུ་ཆེ་བས།  ཚིགས་བཅད་བརྒྱ་ཕྲག་བརྒལ་བའི་སྙན་ངག 《སྤྲིན་གྱི་ཕོ་ཉ》ནི་སྙན་ངག་ཆེན་པོའི་གྲས་སུ་བགྲང་འོས་པ་སྨོས་ཅི་དགོས།  ནག་མོ་ཁོལ་གྱིས་སྙན་ངག་འདི་ལེའུར་མ་ཕྱེ་མོད།  འགྲེལ་བྱེད་རྣམས་ཀྱིས་འདི་ལ་སྤྲིན་སྔ་ཕྱིའི་ཐ་སྙད་སྦྱར་བ་ནི་དོན་ལ་ལེའུ་སྔ་ཕྱི་གཉིས་སུ་བཅད་པར་སྣང་ངོ་།།  གཞན་ཡང་བརྗོད་བྱའི་དབང་དུ་བྱས་ན 《སྤྲིན་གྱི་ཕོ་ཉ》ལ།“གྲོང་ཁྱེར་རྒྱ་མཚོ་རི་དང་དུས།།”སོགས་ལས་མང་པོ་ཞིག་ཚང་ཞིང་།  ལྷག་པར་སྙན་ངག་འདི་ནི།“གྲོས་དང་ཕོ་ཉ་བགྲོད་པ་དང་།།”ཞེས་པའི་ཕོ་ཉ་བགྲོད་པ་གཙོ་བོར་བརྗོད་པའི་སྒོ་ནས་སྦྱར་བ་ཞིག་གོ ། །  སྤྱིར་བཏང་དུ་སྙན་ངག་ཆེན་པོ་ཞེས་པ་ནི་གྲོག་མཁར་བའི《རཱ་མཱ་ཡ་ཎ》དང་ནག་མོ་ཁོལ་གྱི《གཞོན་ནུ་འབྱུང་བ》ལྟ་བུའི་དོན་གྱི་བྱུང་བ་རྒྱས་པར་བརྗོད་པའི་སྙན་ངག་དག་ཡིན་ཞིང་། ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་གི་བརྩམས་ཆོས་ནི་ཐུང་ངུ་ཤས་ཆེ་བས་ཕལ་ཆེ་བ་སྙན་ངག་ཆུང་ངུའི་གྲས་སུ་འགྲོ་མོད། 《སྤྲིན་གྱི་ཕོ་ཉ》ལྟ་བུའི་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་རིང་པོ་དག་ནི་སརྒས་བཅིངས་ཀྱང་རུང་མ་བཅིངས་ཀྱང་རུང་སྟེ། ངེས་པར་སྙན་ངག་ཆེན་པོའི་མིང་འཐོབ་བོ། །   
          《སྤྲིན་གྱི་ཕོ་ཉ》ནི་མནྡཱ་ཀྲནྟཱ་སྟེ་དལ་འགྲོ་ཞེས་པའི་སྡེབ་སྦྱོར་གྱིས་ཉེ་བར་བཅིངས་ཤིང་། ཉམས་བརྒྱད་ལས་ནི་སྒེག་པའི་ཉམས་གཙོ་བོར་བྱས་པའི་སྙན་ངག་ཅིག་སྟེ། ནང་གི་དགའ་བའི་འགྱུར་བ་ཕྱི་རོལ་ཏུ་ཤར་བ་ཚིག་ཏུ་བརྗོད་པ་ཡིན་པའི་ཕྱིར་རོ ། 《ས་པཎ་མཁས་འཇུག》ཏུ“སྒེག་པ་ནི་མཛེས་ཤིང་ཡིད་འཕྲོག་པའི་ཆ་ལུགས་སོ། །”གསུངས་པ་དང་། 《འགྲེལ་བ་འདོད་འཇོར》“སྐྱེས་པ་བུད་མེད་འཕྲད་པ་ལ།།  དགའ་བ་སོ་སོར་འབྱུང་འགྱུར་བ།།  དེ་ནི་སྒེག་པ་ཞེས་བར་བཤད། །  དགའ་བའི་རྩེད་མོ་སོགས་ཀྱི་རྒྱུ། །”གསུངས་པ་བཞིན། བྲལ་བས་ཉེན་པའི་སྐྱེ་བོའི་ཕྱི་ནང་གི་གནས་སྐབས་མཚོན་པ་ལ་སྒེག་པའི་ཉམས་འདི་ཅི་བས་བཟང་།  དེ་ཡང་སྒེག་པའི་ཉམས་ལ་ནང་གི་སྒེག་པ་དང་།  ཕྱིའི་སྒེག་པ།  ལོངས་སྤྱོད་ཀྱི་སྒེག་པ།  ཆོས་ཀྱི་དབང་དུ་བྱས་པའི་སྒེག་པ་སོགས་ཡོད་པ་ལས 《སྤྲིན་གྱི་ཕོ་ཉ》 ནི་ནང་གི་སྒེག་པ་དང་ཕྱིའི་སྒེག་པའི་ཉམས་གཙོ་བོར་བྱས་པ་ཞིག་གོ ། །   
          དེ་ལྟར་ནག་མོ་ཁོལ་གྱི་བརྩམས་ཆོས་སྤྱིདང་ལྷག་པར་སྙན་ངག《སྤྲིན་གྱི་ཕོ་ཉའི》ཚུལ་ལས་བརྩམས་ཏེ་ཅུང་ཟད་དཔྱད་ན།  སློབ་དཔོན་འདིའི་སྙན་ངག་དང་ཟློས་གར་གྱི་བརྩམས་ཆོས་རྣམས་ནི་བརྗོད་བྱ་ཕལ་ཆེ་བ་སྒྲུང་རབས་ཆེན་མོ་གཉིས་ལས་བྱུང་བའམ་དེ་གཉིས་དང་འབྲེལ་བ་ཞིག་སྟེ།  དཔེར་ན 《ཤཀུནྟལཱ》ནི་བརྗོད་བྱ《མ་ཧཱ་བྷཱ་ར་ཏ》ལས་བྱུང་ཞིང་། གནའ་བོའི་རྒྱ་གར་གྱི་ཟླ་བའི་རིགས་སུ་བྱུང་བའི་རྒྱལ་པོ་གདུལ་དཀའི་ལོ་རྒྱུས་སྟོན།《རགྷུའི་གདུང་རིགས》 ནི་བརྗོད་བྱ《རཱ་མཱ་ཡ་ཎ》 ལས་བྱུང་ཞིང་། ཉི་མའི་རིགས་སུ་བྱུང་བའི་རྒྱལ་པོ་རཱ་མཱའི་གཏམ་རྒྱུད་གཙོ་བོར་སྟོན། 《སྤྲིན་གྱི་ཕོ་ཉ》རུའང་རཱ་མའི་རི་བོ་དང་།  སཱི་ཏཱས་ཁྲུས་བྱས་པའི་ཆུ་བོ།   སྐྱ་བསེང་བུ་ལྔ་དང་སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་གཡུལ་གྱི་དོ་ར་ཀུ་རུ་ཀྵེ་ཊ་སོགས་འབྱུང་། ཡང་ནག་མོ་ཁོལ་གྱི་བརྩམས་ཆོས་ཡོངས་གྲགས་བདུན་གའང་ཕོ་མོའི་འདོད་བརྩེ་དང་སྦྱར་བ་ཤ་སྟག་ཡིན་ལ། གཏམ་རྒྱུད་ཕལ་ཆེ་བ་རྒྱལ་པོའི་ཕོ་བྲང་དུ་བྱུང་ཞིང་།  གཏམ་རྒྱུད་དུ་བྱུང་བའི་སྐྱེས་བུ་གཙོ་བོ་ལས་ཕོ་རྣམས་ནི་རྒྱལ་པོ་ཡིན་འདུག །དེ་ནི་སློབ་དཔོན་ནག་མོ་ཁོལ་ཁོ་རང་རང་བཞིན་གྱིས་འདོད་པ་ལ་མངོན་པར་དགྱེས་པའི་སྐྱེས་བུ་ཡིན་པ་དང་། ཕོ་བྲང་གི་སྙན་ངག་མཁན་ཡིན་པས་རྒྱལ་པོའི་ཕོ་བྲང་ལ་རྒྱུས་ཞིབ་པའི་དབང་གིས་ཡིན་ནམ་སྙམ།  སློབ་དཔོན་འདིའི་བརྩམས་ཆོས་རྣམས་ནི་རྗོད་བྱེད་ཀྱི་ཆ་ནས།   རྒྱ་གར་ན་ལྷོ་ཕྱོགས་བཻ་དརྦྷ་དང་ཤར་ཕྱོགས་གཽ་ཌཱ་པ་ཞེས་ཚིག་སྦྱོར་སྤེལ་བའི་ལམ་སྲོལ་མི་འདྲ་བ་ཆེན་པོ་གཉིས་ཡོད་པ་ལས།  འདི་ནི་ཤར་ཕྱོགས་གཽ་ཌཱ་པའི་རིགས་སུ་གཏོགས་པས། འདིའི་བརྩམས་ཆོས་ཀྱི་ཚིག་སྦྱོར་རྣམས་ཅུང་ཟད་ཁ་དམ་ཞིང་པོ་དཀའ་བར་སྣང་ལ། རྒྱ་གར་དུ་ཤར་ཕྱོགས་གཽ་ཌཱ་པའི་ལམ་སྲོལ་གྱི་དཔེའི་དང་པོ་ལ་སློབ་དཔོན་འདི་ཉིད་འདྲེན་པས། ནག་མོ་ཁོལ་ནི་ཤར་ཕྱོགས་གཽ་ཌཱ་པའི་ལམ་སྲོལ་གྱི་འཐུས་ཚབ་ཏུ་གྱུར་འདུག །འདིའི་ཚིག་གི་སྦྱོར་བའི་ཁྱད་ཆོས་གཞན་ཞིག་ནི།  དཔེ་སྦྱོར་བ་ལ་ཤིན་ཏུ་མཁས་པ་སྟེ།  རྒྱ་གར་དུ་ཁ་རྒྱུན་ལ།  མཇེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་ནག་མོ་ཁོལ།  རྗེས་ཁྲིད་ཀྱི་སྒྲ་སྦྱོར་བ་ལ་མཆོག་ཏུ་གྱུར་པ་བྷ་ར་ཝི།  སྙན་པའི་རོ་འདོན་པ་ལ་མཆོག་ཏུ་གྱུར་པ་དབྱུག་པ་ཅན། དེ་གསུམ་ག་ལ་མཆོག་ཏུ་གྱུར་པ་མ་གྷ།  ཞེས་སྐད་གྲགས་ཆེ་བར་བཤད།  ཁ་དམ་ཞིང་གོ་དཀའ་ལ་དཔེས་ཉེ་བར་མཛེས་པའི་ཚིག་སྦྱོར་གྱི་ཁྱད་ཆོས་དེ 《སྤྲིན་གྱི་ཕོ་ཉ》 གཅིག་པུ་ལས་ཀྱང་བདེ་བླག་ཏུ་མཐོང་ཐུབ།   
          མདོར་ན། སློབ་དཔོན་ནག་མོ་ཁོལ་གྱི་བརྩམས་ཆོས་རྣམས་ནི་བརྗོད་བྱ་རྗོད་བྱེད་གཉིས་ཆར་འགྲན་པའི་ཟླ་དང་ཀུན་ནས་བྲལ་བ་ཞིག་སྟེ།  མཁས་པ་རཀ་ར་ཐུབ་བསྟན་ཆོས་དར་གྱིས《ནག་མོ་ཁོལ་གྱི་ལོ་རྒྱུས》སུ།“ལེགས་སྦྱར་གྱི་སྙན་ངག་མཆོག་ཏུ་གྱུར་པ་ནི་འདིའི་སྙན་ངག་ཡིན་ཏེ། སྙན་པའི་ངག་གི་བཅུད་དང་། ཉམས་དང་འགྱུར་བའི་མཛེས་པ་རྣམས་རྩེ་མོར་གྱུར་པ་ཡིན་ནོ། །”གསུངས་པ་བཞིན་ཡིན་ཞིང་། 《པྲསནྣརཱགྷུ》སྟེ《རཱགྷུ་མཉེས་བྱེད》ཅེས་པའི་རྩོམ་པ་པོ་རྒྱ་གར་གྱི་སྙན་ངག་མཁན་ཛ་ཡ་དེ་ལྦས་འདི་ལ་སྙན་ངག་མཁན་པོའི་རིགས་ཀྱི་ཡབ་ཅེས་བསྔགས་པ[1]འང་དོན་དང་མཐུན་པའི་བསྔགས་པའོ ། 
དོན་ཚན་གཉིས་པ། སློབ་དཔོན་ནག་མོ་ཁོལ་གྱི་བརྩམས་ཆོས་ཀྱི་འཕྲིན་ལས་ཇི་ལྟར་རྒྱས་པའི་ཚུལ་ལས་བརྩམས་ཏེ་བོད་ཀྱི་ཕོ་ཉའི་རྩོམ་རིག་བཤད་པ།
          སློབ་དཔོན་ནག་མོ་ཁོལ་དང་ཁོང་གིས་མཛད་པའི་བརྩམས་ཆོས་རྣམས་ནི་རྒྱ་གར་རང་དང་།  བོད་དང་རྒྱ་སོགས་འཛམ་གླིང་ཤར་ཕྱོགས་ཀྱི་ཡུལ་གྲུ་ཙམ་དུ་མ་ཟད།  དབྱིན་ཇི།  འཇར་མན།  ཧྥ་རན་སི་སོགས་འཛམ་གླིང་ནུབ་ཕྱོགས་ཀྱི་རྒྱལ་ཁམས་རྣམས་སུའང་གྲགས་ཆེ།  འཛམ་གླིང་ནུབ་ཕྱོགས་ཀྱི་ཡུལ་ཁམས་རྣམས་སུ་གཙོ་བོ་དབྱིན་ཇིའི་མཁས་པ་ཝེ་ལེམ་ཇོན་ཟི(WilliamJones)བྱ་བས་སྤྱི་ལོ་1789ལོར《ཤཀུནྟལཱ》དབྱིན་ཇིའི་སྐད་དུ་བསྒྱུར[2]པ་ནས་ནག་མོ་ཁོལ་གྱི་གྲགས་པ་འབར་བར་གྱུར། 《སྤྲིན་གྱི་ཕོ་ཉ》ནི་སྤྱི་ལོ1813ལོར་དབྱིན་ཇིའི་མཁས་པ་ཧོ་ལི་ཟི་ཧེ་མན་བེར་ཟུན་བྱ་བས་དབྱིན་སྐད་དུ་བསྒྱུར།[3]དེ་གཉིས་ཀྱི་བར་ལ་ལོ་ཉེར་བཞི་འགྱང་། དེ་ནས་བརྩམས་ཆོས་གཞན་རྣམས་ཀྱང་རིམ་བཞིན་ནུབ་ཕྱོགས་ཀྱི་ཡུལ་གྲུ་སོ་སོའི་སྐད་དུ་འགྱུར། ནུབ་ཕྱོགས་སུ་འདིའི་བརྩམས་ཆོས་རྣམས་ནི་དང་པོ་དབྱིན་སྐད་དུ་འགྱུར་ཞིང་། དེ་ནས་ཡུལ་གྲུ་གཞན་གྱི་སྐད་རིགས་སུ་འགྱུར། རིམ་གྱིས་ནུབ་ཕྱོགས་ཀྱི་ཡུལ་མཐའ་དག་ལ་གྲགས་པས་ཁྱབ་ཅིང་།  མཁས་པ་ཝེ་ལེམ་ཇོན་ཟིས་འདི་ལ“རྒྱ་གར་གྱི་ཤ་ཤི་པི་ཡ”ཞེས་བསྔགས། 《ཤཀུནྟལཱ》ཡིས་འཇར་མན་གྱི་སྙན་ངག་མཁན་ཀི་ཏི་སོགས་ཀྱི་ཡིད་འཕྲོག་ཚུལ་སྔར་བཤད་པ་ལྟར་ལ།  ཀི་ཏིས《སྤྲིན་གྱི་ཕོ་ཉ》ལའང“འདི་བདག་ཅག་གི་སྙིང་གི་དཀྱིལ་དུ་བསྲེལ་མི་འདོད་པ་སུ་ཡོད་ཅེས་དང་།“འདི་འདྲའི་བརྩམས་ཆོས་བཀླག་རྒྱུ་བྱུང་བ་རང་ཅག་ཤིན་ཏུ་སྐལ་བ་བཟང་”སོགས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།[1]  རང་ཅག་གངས་ཅན་གྱི་ལྗོངས་འདིའང་སློབ་དཔོན་ནག་མོ་ཁོལ་གྱི་རྨད་དུ་བྱུང་བའི་བརྩམས་ཆོས་ཀྱི་འཕྲིན་ལས་རབ་ཏུ་རྒྱས་པའི་ཡུལ་ཞིག་ཏུ་སྣང་མོད།  འཕྲིན་ལས་ཇི་ལྟར་རྒྱས་པའི་ཚུལ་ནི་ནུབ་ཕྱོགས་ཀྱི་ཡུལ་གྲུ་སོགས་དང་ཅུང་མི་འདྲ།  དུས་ཀྱིདབང་དུ་བྱས་ན།   རྒྱ་གར་རང་ས་ཕུད་པའི་ཡུལ་གྲུ་ཀུན་ལས་ཆེས་སྔ་བ་སྟེ། 《སྤྲིན་གྱི་ཕོ་ཉ》སྤྱི་ལོ1340ལོར་བོད་སྐད་དུ་འགྱུར་བར་བྱས་ན།  དབྱིན་སྐད་ཀྱི་འགྱུར་དང་པོ(1813ལོ)ལས་ལོ473གྱིས་སྔ་ཞིང་།  རྒྱ་སྐད་ཀྱི་འགྱུར་དང་པོ(1937་ལོ)ལས་ལོ597གྱིས་སྔ།   བརྩམས་ཆོས་ཀྱི་དབང་དུ་བྱས་ན། 《སྤྲིན་གྱི་ཕོ་ཉ》ཁོ་ན་གྲགས་ཆེ་ཞིང་འཕྲིན་ལས་ཆེ་སྟེ། 《ཤཀུནྟལཱ》ནི་དུས་རབས་ཉི་ཤུ་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་སྐད་དུ་བསྒྱུར་པ་ནས་བོད་རྣམས་ཀྱིས་ཅུང་ཟད་ཅིག་ཤེས་པར་གྱུར་ཅིང་། བརྩམས་ཆོས་གཞན་རྣམས་ནི་ད་ལྟའི་བར་དུ་མིང་ཙམ་འདྲེན་ཤེས་པའང་ཤིན་ཏུ་དཀོན།  འཕྲིན་ལས་ཀྱི་དབང་དུ་བྱས་ན། སྔར་རྒྱ་གར་དུ་སློབ་དཔོན་ནག་མོ་ཁོལ་གྱིས་སྙན་ངག《སྤྲིན་གྱི་ཕོ་ཉ》མཛད་པའི་ཕྱི་ལ། མཁས་པ་རྣམས་ཀྱིས་དེ་ལ་ལད་མོ་བྱས་ཏེ་ཕོ་ཉའི་སྙན་ངག་སྣ་ཚོགས་བརྩམས་མོད། རྒྱ་དང་ནུབ་ཕྱོགས་ཀྱི་ཡུལ་གྲུ་སོགས་སུ་དེ་འདྲ་མ་བྱུང་། འོན་ཀྱང་། བོད་ཀྱི་ཡུལ་དུ་སྙན་ངག་དེ་བོད་སྐད་དུ་འགྱུར་རྗེས། རྒྱ་གར་དང་ཚུལ་འདྲ་བར་ལད་ཟློས་ཀྱི་ཕོ་ཉའི་སྙན་ངག་དུ་མ་ཞིག་བྱུང་བས། ད་ནི་དེའི་ཚུལ་ཅུང་ཟད་ཅིག་བཤད་པར་བྱའོ།།   
          སྤྱིར་ཕན་ཚུན་བརྡ་འཕྲིན་གཏོང་རྒྱུ་སྟབས་མི་བདེ་བའི་གནའ་བོའི་དུས་ལ།  སེམས་ལྡན་དང་སེམས་མེད་ཀྱི་དངོས་པོ་རྣམས་ལ་འཕྲིན་སྐྱེལ་བའི་ཕོ་ཉ་ཐུབ་པའི་རེ་ལྟོས་འཆའ་བ་ནི་སྐྱེ་བོའི་ཐུན་མོང་གི་སེམས་ཁམས་སུ་སྣང་བས། 《གེ་སར་རྒྱལ་པོའི་སྒྲུང》དུ་ཁྲུང་ཁྲུང་ལ་སྐད་བསྐུར་བ་དང་།  མདའ་ཡིག་སྤྲིངས་པ་སོགས་བྱུང་ལ།  བོད་ཀྱི་གླུ་གཞས་རྣམས་སུའང་“ཆུ་མོ་མར་འགྲོ་ཞིག་ལ།། སེམས་ཀྱི་ཡིག་ཆུང་བསྐུར་ཡོད།། ཉ་མོ་ཡར་ཡོང་ཞིག་ལ།། ཡིག་ལན་སྐུར་རོགས་གནང་དང་།།”ཞེས་དང་།“བྱ་ཡར་འགྲོ་ཞིག་ལ་སྒྲོ་བསྐུར།།.....”ཞེས་པ་སོགས་བྱུང་། བོད་ཀྱི་མཁས་པ་རྣམས་ལ་ཕན་ཚུན་ལེགས་བཤད་ཀྱི་སྐྱེས་འབུལ་བ་དང་། ཁམས་ཀྱི་བདེ་དོག་འདྲི་བ་སོགས་ཀྱི་ཆེད་དུ་ཚིག་སྦྱོར་རྨད་དུ་བྱུང་བའི་སྙན་ངག་གི་ལམ་ནས་འཕྲིན་ཡིག་བསྐུར་རེས་བྱས་ཏེ།  གཞན་ལ་རང་གི་རྩོམ་རྩལ་ངོམ་པ་དང་།  ཕན་ཚུན་རྩོམ་རྩལ་འགྲན་རེས་བྱེད་པའི་སྲོལ་ཞིག་སྔ་མོ་ནས་ཡོད།   བོད་ཀྱི་མཁས་པ་ཕལ་ཆེ་བའི་གསུང་འབུམ་དུ་ཆབ་ཤོག་གི་སྐོར་མང་པོ་ཞིག་བསྡུས་ཡོད་ལ། དེ་ནི་དོན་དུ་མཁས་པ་ཚོའི་སྙན་ངག་གི་བརྩམས་ཆོས་ཉེ་བར་བསྡུས་པ་ཡིན།  དེའི་ཕྱོགས་ཀྱི་གཞུང་ལུགས་ཀྱང་ཤིན་ཏུ་རྒྱས་པས།  ཡིག་བསྐུར་རྣམ་གཞག་མི་འདྲ་བ་མང་པོ་བྱུང་ཞིང་། ཆབ་ཤོག་དང་ཡིག་བསྐུར་རྣམ་གཞག་དེ་དག་བོད་ཀྱི་རྩོམ་རིག་གི་རྣམ་པ་ཁྱད་པར་བ་ཞིག་ཏུ་གྲུབ།  དུས་རབས་བཅུ་གསུམ་པའི་ཕྱེད་ཕྱི་མ་ལ་ལོ་ཙཱ་བ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཎྜའི《སྙན་ངག་མེ་ལོང》བོད་སྐད་དུ་ཆ་ཚང་བར་བསྒྱུར་ཅིང་། ཤོང་དཔང་ཡབ་སྲས་ཀྱིས་དེའི་འཆད་ཉན་གྱི་སྲོལ་ཡང་ལེགས་པར་བཙུགས་པས།  སྤྱིར་བོད་ཀྱི་རྩོམ་རིག་ལ་ཤན་ཤུགས་ཆེན་པོ་ཐེབས་ཤིང་། ལྷག་པར་བོད་ཀྱི་མཁས་པ་རྣམས་སྙན་ངག་གི་རྒྱ་མཚོར་འཇུག་པ་ལ་སྔར་མེད་པའི་མཐུན་པའི་རླུང་དུ་གྱུར། རྐྱེན་དེ་དག་ཉེ་བར་ཚོགས་པའི་ཁར་སློབ་དཔོན་ནག་མོ་ཁོལ་གྱི་སྙན་ངག《སྤྲིན་གྱི་ཕོ་ཉའི》འཕྲིན་ལས་ཀྱིས་སྣོན་མ་བཏབ་པས། བོད་ཀྱི་སྙན་ངག་མཁན་ལ་ཀུན་རྟོག་གི་འདབ་གཤོག་གསར་བ་རྒྱས་ཏེ། སྙན་ངག་གི་མཁའ་དབྱིངས་གསར་བ་ལ་གཤོག་འགྱུར་ངོམ་ཐུབ་པ་བྱུང་།  
          བོད་ཀྱི་སྙན་ངག་པ་ཆེན་པོ་རིན་སྤུངས་ངག་དབང་འཇིག་གྲགས་ནི། དུས་རབས་བཅུ་དྲུག་པར་འཁྲུངས་ཤིང་། སློབ་དཔོན་མཁས་པ་དུ་མ་བསྟེན་ནས་རིག་གནས་ཆེ་ཆུང་ཀུན་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བཪྙེས་པས།  རྒྱལ་པོ་པཎྜི་ཏའི་རྣམ་ཐར་བདག་གིར་བཞེས། ཧོར་པོས་བཟང་པོ་ལས་གྲུབ་པའི་རིགས་ལྡན་ཡོལ་བར་གྲགས་པ་བཀོད་པས་ཁྱད་པར་དུ་འཕགས་པའི་ཐང་སྐུ་བཞེངས་པ་དང་། 《སྙན་ངག་མེ་ལོང་གི་འགྲེལ་བ་མི་འཇིགས་སེང་གེའི་ང་རོ》དང་། 《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན》སོགས་བསྟན་བཅོས་མང་པོ་མཛད་པས། བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ལ་མཛད་རྗེས་རླབས་པོ་ཆེ་བཞག།  ལྷག་པར་འདིས་མཛད་པའི《ས་པཎ་རྟོགས་བརྗོད་བསྐལ་བཟང་ལེགས་ལམ》དང《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ》གཉིས་ནི་གངས་རིའི་ལྗོངས་འདིའི་སྙན་ངག་གི་བསྟན་བཅོས་ཆེས་རྨད་དུ་བྱུང་བའི་གྲས་སུ་གཏོགས་ཤིང་།དེ་གཉིས་ལས་ཀྱང་ཕྱི་མ་ནི་བོད་དུ་བྱུང་བའི་ཕོ་ཉའི་སྙན་ངག་གི་ཐོག་མའོ། །   《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ》 འམ 《རང་གི་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་པར་རྒྱལ་བ་ལ་ཞུ་འཕྲིན་དུ་བྱ་བ་རིག་པ་འཛིན་པའི་ཕོ་ཉ》ནི་རྒྱ་གར་གྱི་སྙན་ངག་མཁན་ཆེན་པོ་ནག་མོ་ཁོལ་གྱི《སྤྲིན་གྱི་ཕོ་ཉ》བོད་སྐད་དུ་བསྒྱུར་ནས་ལོ་ཉིས་བརྒྱ་བཅུ་བདུན་འཁོར་བའི་ལོ་སྟེ། སྤྱི་ལོ1557ལོར། བོད་ཀྱི་སྙན་ངག་མཁན་ཆེན་པོ་རིན་སྤུངས་ངག་དབང་འཇིག་གྲག་ཀྱིས་ཕོ་བྲང་ཆེན་པོ་རིན་སྤུངས་ཕྱོགས་ལས་རྣམ་རྒྱལ་དུ་སྦྱར་བའོ །  འདིའང་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་ཅིག་སྟེ།   གཞུང་ཚད《སྤྲིན་གྱི་ཕོ་ཉ》ལས་ཀྱང་ཆེས་རིང་བས།  ལེའུས་མ་བཅད་ཀྱང་སྙན་ངག་ཆེན་པོའི་གྲས་སུ་འགྲོ་བ་ཞིག་གོ། །  འདི 《སྤྲིན་གྱི་ཕོ་ཉ》 དང་རྗེས་སུ་མཐུན་པར་མཛད་པ་ཤིན་ཏུ་གསལ་ཏེ།   སྙན་ངག་འདི་ནི་རིན་སྤུངས་ངག་དབང་འཇིག་གྲགས་ཀྱིས་རང་གི་ཡབ་རིན་སྤུངས་ངག་དབང་རྣམ་རྒྱལ་ཞེས་ཤམྦྷ་ལའི་རིགས་ལྡན་རྒྱལ་པོས་མིའི་སྐྱེ་བ་བཞེས་པ་དེས་རང་གི་སྤྲུལ་བའི་བཀོད་པ་བསྡུས་ནས་སླར་ཤམྦྷ་ལའི་ཞིང་དུ་གཤེགས་པ་ལ་སྤྲིངས་པའི་འཕྲིན་ཡིག་ཡིན་ལ། སྡེ་པ་རིན་སྤུངས་པས་འཕྲིན་ཡིག་འདི་ཕོ་བྲང་རིན་ཆེན་སྤུངས་པ་ནས་བྱང་ཕྱོགས་ཤམྦྷ་ལའི་ཡུལ་དུ་སྤྲིངས་ཤིང་།  འཕྲིན་འཁྱེར་མཁན་གྱི་ཕོ་ཉ་ནི་རྩོམ་མཁན་གྱི་དག་པའི་སྣང་བར་ཤར་བའི་རིག་འཛིན་གྲུབ་པའི་བུ་ཞིག་ཡིན་ཙ་ན། དང་པོ་རྩོམ་མཁན་གྱིས་དེ་ཉིད་རང་གི་ཕོ་ཉར་མངའ་གསོལ་བསྒྲུབས།  དེ་ནས་ཕོ་ཉ་ལ་རིན་སྤུངས་ཕོ་བྲང་ནས་ཤམྦྷ་ལར་ཇི་ལྟར་བགྲོད་པའི་ལམ་གྱི་རིམ་པ་བསྟན། མཐར་ཡབ་གཅིག་ངག་དབང་རྣམ་རྒྱལ་གྱི་སྙན་ལ་འདོད་དཔོངས་སྙིང་པོ་ཅི་གསོལ་བསླབས། སྙན་ངག་འདིའི་ཕྱེད་སྔ་མར་སྲོག་བདག་ཆེན་པོ་ལི་བྱིན་ཧ་རའི་ལྷ་ཁང་དང་། བསམ་གཏན་གྱི་ཁང་བུ། པཎ་ཆེན་ཤཱཀ་མཆོག་གི་གདན་ས་གསེར་མདོག་ཅན།  གཞིས་ཀ་བསམ་འགྲུབ་རྩེ།  དཔལ་སྣར་ཐང་།  བཟང་ལུང་ཁྲོ་ཕུ།  ངམ་རིང་ས་སྐྱོང་ཆེན་པོའི་ཕོ་བྲང་། ས་སྐྱ། མང་ཡུལ་སྐྱིད་གྲོང་།  གློ་བོའི་ཆུ་མི་བརྒྱ་རྩ།  ཏི་སེ།  མ་ཕམ་གཡུ་མཚོ། པྲེ་ཏ་པུ་རི། ཀསྨིརའམ་ཁ་ཆེ། པར་སིག།  མིའམ་ཅིའི་གྲོང་ཁྱེར་སོགས་ཕོ་ཉ་བགྲོད་སའི་ལམ་གང་དུ་ཁེལ་བའི་ཡུལ་གྱི་བཀོད་པ་རྣམས་ཞིབ་ཏུ་བརྗོད་ཅིང་།  དེས་བརྩམས་ཆོས་ཧྲིལ་བོའི་ཉིས་ཆ་བརྒལ་བ་ཙམ་ཟིན།   རིམ་གྱིས་རྒྱང་གྲགས་ཙམ་ཞིག་འདས་པའི་ངོགས།།  གཞན་སྲོག་བསྲུང་ལ་རིང་ནས་ཆས་པ་བཞིན།།   བདུད་རྩི་རོ་བརྒྱ་ལྡན་པའི་དག་བྱེད་རྒྱུན།།  གྱེན་དུ་འཕྱུར་བཅས་སྨན་གྱི་རྫིང་བུ་ཡོད།།   
          དེར་ནི་ཡན་ལག་ཀུན་རྫོགས་ཁྲུས་བྱ་ཞིང་།། མགྲིན་པར་མྱོང་བྱའི་བཅུད་ལེན་དེ་ཐུངས་དང་། །   
          ཡུན་རིང་ཚེ་དང་མཚར་སྡུག་ལང་ཚོ་གཉིས། །ཕྱི་ནང་འགྲན་པ་ཇི་བཞིན་དར་བར་འགྱུར། །   
          ཞེས་པ་སོགས 《སྤྲིན་གྱི་ཕོ་ཉའི》 ཉམས་ཐོན་པའི་ཚིག་སྦྱོར་རྨད་བྱུང་དུ་མ་ལུ་གུ་རྒྱུད་དུ་སྤེལ། ཕྱེད་ཕྱི་མ་ཡབ་ངག་དབང་རྣམ་རྒྱལ་ལ་འདོད་གསོལ་ཅི་ཞུ་བསླབས་པའི་སྐོར་དུ་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་མང་པོ་དང་། ལྷག་པར་ནང་གི་འཐབ་རྩོད་ཀྱི་དབང་གིས་རིན་སྤུངས་པའི་ཆབ་སྲིད་ཉམ་ཉེས་པ་ལ་ཐུག་པ་སོགས་དང་། འདོད་དཔོངས་ཀྱི་སྙིང་པོ་ཡབ་རྗེ་དམ་པས་སླར་ཡང་ལྷ་སྒེར་གྱི་རིགས་སུ་སྐྱེ་བ་སྤྲུལ་བའི་ཟློས་གར་བསྒྱུར་རྒྱུ་ཤུགས་དྲག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ཞུས།   
          ཁྲི་སྟན་དེ་ལ་ཧབ་ཤའི་འཁྲུག་ལོང་ཆེ།། བཞི་མདོའི་བ་ལིར་ཁྱི་རྣམས་འཛིང་བ་བཞིན།།    
          ནང་གི་འཐབ་རྩོད་དུས་འཛིན་ཁྲོས་པའི་ཁར། །  སྐྱེ་བོའི་ཚེ་སྲོག་ཕལ་ཆེར་ཟས་སུ་བྱས།།   
          ཞེས་པ་སོགས་ཀྱིས་རིན་སྤུངས་པའི་སྲས་པདྨ་དཀར་པོ་ཞིང་ཤག་པས་བཀྲོངས་ཏེ“རིན་སྤུངས་དམེ་ཁྲག་གི་ལོ”ཞེས་པ་བྱུང་བ་དང་།   
          དུས་མཐའི་ཞུགས་ལྟར་བརྣག་དཀའི་བློ་ཅན་དེ།། བཞེད་དགུའི་ཚང་ཚིང་ཟོང་ཟིན་ཆེར་མཆོད་པས།།   
          རིགས་རྗེའི་ཞབས་ལ་ལུས་ཀྱིས་ཕག་བྱེད་ཀྱང་།། སེམས་ཀྱིས་དབུ་ཡི་གཙུག་ཏུ་རྐང་རྟེན་འཆའ།།   
          ཞེས་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་གཟས་པ་ཤིན་ཏུ་གསལ། སྤྱི་ལོ་557ལོར་ཤངས་དོན་རབ་པའི་ས་སྡེ་རྩོད་རེས་ཀྱིས་རིན་སྤུངས་པ་དང་ཞིང་ཤག་པའི་བར་དྲག་པོ་དཔུང་གི་སྦྱོར་བ་བཤམས། མཐར་ས་མི་དབང་རིས་ཞིང་ཤག་པར་ཤོར། སྙན་ངག་འདིའང་ལོ་དེ་ལ་བརྩམས་ཤིང་། ཕལ་ཆེར་དོན་རྐྱེན་དེའི་ཕྱི་ནས་ཨེ་ཡིན་སྙམ། ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་བྱ་བ་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་རིན་སྤུངས་པའི་ཆིབས་དཔོན་དང་།  ཤངས་དང་མྱང་སྨད་ཀྱི་ཁྲལ་སྡུད་པ། གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་བཅས་སུ་རིམ་པར་བསྐོས་པ།  རིན་སྤུངས་ངག་དབང་འཇིག་གྲགས་ཀྱི་སྐབས་རིན་སྤུངས་པའི་ཁ་གཏད་དུ་ལངས་ནས།  རིམ་གྱིས་རིན་སྤུངས་པའི་ཆབ་སྲིད་དབང་རིས་ཕལ་ཆེ་བ་འཕྲོགས་ཏེ།  སྡེ་སྲིད་གཙང་པའི་ཆབ་སྲིད་ཀྱི་རྨང་བཏིང་པ་དེ་ཡིན།  
          འདི་ན་དབུགས་ཀྱི་ཕྲེང་བར་བཅས་ཀྱང་ལུས་བརྒྱ་བརྗེས་པ་ལྟར།།   
          མགོན་པོ་ཁྱོད་དྲན་གདུང་བ་དྲག་འབར་ཡུ་བུའི་སྐལ་བ་སྟེ།།  
          ཞེས་འབྱུང་བ་བཞིན།  སྙན་ངག་འདིའང་དྲན་པའི་གདུང་བ་བརྗོད་པ་ཡིན་མོད།《སྤྲིན་གྱི་ཕོ་ཉར》བྱུང་བ་ལྟར་ཁྱོ་བོས་ཆུང་མ་དྲན་པ་ནི་མ་ཡིན་ཏེ།  བུས་ཕ་དང་།  སློབ་མས་བླ་མ།  འབངས་ཀྱིས་རྗེ་དྲན་པའི་ཚུལ་ཡི་གེར་བསྡེབས་པའོ །  དེ་ལྟར་དྲན་པའི་རྒྱུ་མཚན་ནི་སྙན་ངག་འདི་བརྩམས་པའི་སྐབས་བབ་ཀྱི་གནས་ཚུལ་ལས་རང་ཅག་གིས་གསལ་བོར་རྟོགས་ནུས་ལ། རྩོམ་པ་པོས་མགྲིན་པ་རྣོང་བཞིན་དེ་དག་ཞིབ་ཏུ་བརྗོད་ཡོད།  སྒེག་པའི་ཉམས་ཀྱི་ཆ་ནས 《སྤྲིན་གྱི་ཕོ་ཉ》དང་འདྲ་བ་མ་ཡིན་ཏེ། འདིའི་ཕྱེད་སྔ་མ་སྒེག་པའི་ཉམས་དང་ལྡན་ཡང་ཕྱེད་ཕྱི་མ་ནི་སྙིང་རྗེའི་ཉམས་དང་བཅས་ཤིང་སྐྱོ་གདུང་དང་སྨྲེ་སྔགས་ཀྱི་རོ་ཅན་ནོ། །འདི་ནི་ཡུལ་ལྗོངས་ལ་བསྔགས་པས་གནས་བསྟོད་ལྟ་བུ་དང་། ཤམྦྷ་ལའི་བགྲོད་ཚུལ་གསལ་བས་ལམ་ཡིག།  སྐྱེ་བོ་ཐ་ཤལ་བའི་སྤྱོད་པ་སྟོན་པས་གཏུག་གཤེར་གྱི་ཡི་གེ། ཆབ་སྲིད་ཀྱི་འཕང་དམའ་བའི་ཚུལ་བཤད་པས་སྨྲེ་སྔགས་ཞུ་ཡིག །སྤྲུལ་བའི་ཟློས་གར་སླར་ཡང་བསྒྱུར་བར་སྨོན་པས་མྱུར་འབྱོན་གསོལ་འདེབས་ལྟ་བུ་ཞིག་གོ །རྒྱལ་པོ་པཎྜི་ཏ་འདི་སྙན་ངག་རྩོམ་པ་ལ་མཁས་ཀྱང་ཆབ་སྲིད་ཀྱི་ཆ་ནས་རང་གི་དགྲ་ཟླས་འུ་ཐུག་ཏུ་བཅུག་པའང་དེ་དག་ལས་རྟོགས་ནུས། སྤྱིར་སྙན་ངག་འདི་རྩོམ་ཁོག་འབུབ་ཚུལ་དང་ཚིག་སྦྱོར་གྱི་ཉམས་སོགས《སྤྲིན་གྱི་ཕོ་ཉ》དང་ཤིན་ཏུ་མཚུངས་པར་སྦྱར་ཞིང་།   རྩོམ་རྩལ་གྱི་ཆ་ནས་དེ་དང་མཉམ་པ་ཙམ་བྱུང་བས།  སྡེ་བ་རིན་སྤུངས་པ་ནི་བོད་ཀྱི་ནག་མོ་ཁོལ་དུ་བརྗོད་ཆོག་པ་ཉིད་དོ།།  འོན་ཀྱང་རྒྱུ་མཚན་གང་གིས་ཡིན་མི་ཤེས་མོད།  དེ་ལྟ་བུའི་སྙན་ངག་རྨད་དུ་བྱུང་བ་དེ་ལ་སྔོན་མ་བྲིས་མ་ལས་ཤིང་པར་མེད་པ་འདྲ་བས།  དཔེ་རྒྱུན་ཤིན་ཏུ་དཀོན།  ཉེ་བའི་དུས་སུ་སླེབས་ནས《རྩོམ་ཡིག་གསེར་གྱི་སྦྲམ་བུ》རུ་བསྡུས་ཏེ་འགྲེམ་སྤེལ་རྒྱ་ཆེར་བྱས་ཀྱང་།  དེར་ཡང་བསྟན་བཅོས་འདིའི་ཕྱེད་ཀ་ཙམ་ལས་ཧྲིལ་བོར་བཀོད་མེད། དེས་ན་བསྟན་བཅོས་འདིའི་ལུས་ཆ་ཚང་བ་ནི་ད་དུང་ཡང་སྙན་ངག་ལ་དོན་གཉེར་ཆེ་བའི་སྐྱེ་བོ་ཕལ་ཆེ་བའི་མིག་གི་བདུད་རྩིར་སྨིན་མེད་པ་ཤིན་ཏུ་ཕངས་ཆེའོ། །   
བོད་ཀྱི་ཕོ་ཉའི་སྙན་ངག་གཉིས་པར་བརྩིར་འོས་པ་ནི། ཡུལ་མདོ་སྨད་ཀྱི་སྙན་ངག་པ་ཆེན་པོ་སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད་པའི《ཕོ་ཉ་གཞོན་ནུ་དོན་གྲུབ》ཅེས་བྱ་བ་དེའོ། །  སྙན་ངག་དེ་ནམ་བརྩམས་པའི་ལོ་གསལ་བོར་མི་ཤེས་མོད། དགུང་ལོ་ལྔ་བཅུའི་དུས་ཙམ་ལ་བརྩམས་པ་ཡིན་ཤས་ཆེ་བས།  དེ་ཡིན་པར་ཆ་བཞག་ན།  རིན་སྤུངས་ངག་དབང་འཇིག་གྲགས་ཀྱིས《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ》བརྩམས་ནས་ལོ་སུམ་བརྒྱ་བདུན་ཅུ་ཙམ་འགྱངས་པའི་སྐབས་སུ་ཡིན།  མཁས་པའི་དབང་པོ་སྒིས་སྟེང་བློ་བཟང་དཔལ་ལྡན་མཆོག་ནི་སྤྱི་ལོ1881ལོར་མདོ་སྨད་རེབ་གོང་ཚོ་འདུ་བྱ་བའི་སྡེ་བར་སྐུ་འཁྲུངས། དགུང་ལོ་བཅུ་པ་ལ་རབ་ཏུ་བྱུང་ཞིང་སྒིས་སྟེང་དགའ་ལྡན་ཆོས་འཕེལ་གྱི་སྒྲུབ་གྲྭར་ཞུགས་ཏེ། ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་སོགས་སྦྱངས། རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་དུས་ཞབས་པ་མཚོ་བྱུང་དགྱེས་པའི་དཔལ་ལས་སྒྲ་སྙན་ངག་སོགས་རིག་གནས་ཀྱི་སྐོར་དཔྱིས་ཕྱིན་པ་སྦྱངས།  དགུང་ལོ་ཉེར་བཞི་པ་ལ་དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭར་ཞུགས་ཏེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་དགེ་བཤེས་ཆེན་མོ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་ལས་མདོ་སྔགས་ཀྱི་གཞུང་མཐའ་དག་ལ་ཞིབ་ཏུ་སྦྱངས་པས་མཁས་པའི་གོ་འཕང་བཪྙེས།  དགུང་ལོ་ཞེ་བདུན་པར་ཤར་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོས་ཡོངས་འཛིན་དུ་བཀུར།  དེ་དང་ཆབས་ཅིག་རོང་ཆེན་ཀིརྟི་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་དང་།   འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་སློབ་མའི་ཚོགས་མང་དུ་བསྐྱངས།  གཞན་ཡང་འཁོར་དག་པ་རྣམ་བརྒྱད་དུ་གྲགས་པའི་སློབ་མ་དང་དེ་དག་གི་སློབ་བརྒྱུད་ཀྱིས་ཡུལ་མདོ་སྨད་ཀྱི་ཕྱོགས་མང་པོར་ཁྱབ་ཅིང་འཕྲིན་ལས་ཆེས་ཆེར་རྒྱས། དགེ་བའི་བཤེས་གཉེན་ཆེན་པོ་རྡོ་སྦིས་ཤེས་རབ་རྒྱ་མཚོ་དང་བདེན་པ་བཞི་ལས་བརྩམས་པའི་རྩོད་ཡིག་བསྐུར་རེས་བགྱིས་པ་བོད་ཀྱི་ཆོས་དང་རིག་གནས་ཀྱི་ལོ་རྒྱུས་ལས་ཤིན་ཏུ་གྲགས་ཆེ་བའི་གཏམ་དུ་གྱུར། དགུང་ལོ་རེ་བཞི་པ་སྤྱི་ལོ1944ལོར་སྐུ་གཤེགས། མདོ་སྔགས་ཀྱི་གཞུང་དང་ཐུན་མོང་རིག་གནས་ལས་བརྩམས་པའི་གསུང་རྩོམ་པོ་ཏི་གསུམ་བཞུགས་ཤིང་།  ལྷག་པར་འདི་པ་སྙན་ངག་ལ་ཤིན་ཏུ་མཁས་པས། 《རྟོགས་བརྗོད་གསེར་གྱི་མེ་ཏོག》དང་། 《ཕོ་ཉ་གཞོན་ནུ་དོན་གྲུབ》སོགས་སྙན་པའི་འགྱུར་བག་སྟོང་གིས་ཕྱུག་པའི་ལེགས་བཤད་ཀྱི་སྐྱེས་མང་པོ་ཕྱིས་འབྱུང་སྐྱེ་བོ་རྣམས་ཀྱི་བགོ་སྐལ་དུ་བཞག  
          འདིར་སྐབས་སུ་བབ་པའི《ཕོ་ཉ་གཞོན་ནུ་དོན་གྲུབ》ཅེས་བྱ་བའི་སྙན་ངག་ནི། མཁས་དབང་འདི་ཉིད་རྨ་ལྷོ་རྩེ་གཞུང་གི་དཔོན་པ་བྲག་དཀར་རྡོ་རྗེ་རྫོང་དུ་བཞུགས་པའི་སྐབས་སུ་བིས་མདོའི་ཀ་རིང་དགོན་དུ་བཞུགས་པའི་རང་གི་སྲས་ཀྱི་ཐུ་བོར་གྱུར་པ་གྲུབ་དབང་འཇིགས་མེད་བསམ་གཏན་གྱི་ཡང་སྤྲུལ་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་ལ་སྤྲིངས་པའི་ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་ལེའུས་མ་བཅད་ཀྱང་སྙན་ངག་ཆེན་པོར་བརྩིར་འོས་པ་ཞིག་གོ།  འདི་ལ་དང་པོ་ཕོ་ཉ་མངའ་གསོལ་གྱི་སྐོར། གཉིས་པ་ཕོ་ཉ་ལ་ལམ་བསྟན་པའི་སྐོར། གསུམ་པ་ཕོ་ཉ་ལ་འཇིགས་མེད་དམ་ཆོས་རྒྱ་མཚོར་མཇལ་ཁ་ཞུ་ཚུལ་དང་ཡར་ཞུ་ཅི་འབུལ་བསླབས་པའི་སྐོར།  བཞི་པ་བརྩམས་ཆོས་མཇུག་བསྡུས་པའི་སྐོར་བཅས་ཡོད་པ་ལས།  དང་པོ་དང་གཉིས་པས་བརྩམས་ཆོས་ཀྱི་ཕྱེད་སྔ་མ་དང་གསུམ་པ་དང་བཞི་པས་བརྩམས་ཆོས་ཀྱི་ཕྱེད་མ་གྲུབ། ཕྱེད་སྔ་མའི་ཕོ་ཉ་ལ་ལམ་བསྟན་པའི་སྐོར་དུ་བྲག་དཀར་རྡོ་རྗེ་རྫོང་ནས་ཀ་རིང་དགོན་གྱི་ལམ་དུ་ཡོད་པའི་ཆུ་བོ་དང་།  གངས་རི།  གཡའ་རི།  ལུང་ནག་ཁ་ཞེས་པའི་ལ་མཐོན་པོ། དམེ་ཤུལ་ནགས། རེབ་གོང་། རོང་བོ་དགོན། རྫོང་དཀར་བཀྲ་ཤིས་གླིང་། གསེར་སྒའི་ཉག་ག།  ཙག་རྡེའུ།  བིས་མདོ་དགོན་སོགས་ཡུལ་ལྗོངས་རྣམས་ཞིབ་ཏུ་བཀོད། ཕྱེད་ཕྱི་མ་རུ་ཞུ་འབུལ་གྱི་དོན་རྣམས་གཙོ་བོར་བརྗོད་ཅིང་། བརྩམས་ཆོས་ཧྲིལ་བོ་དགའ་བ་ཕྱི་རུ་མངོན་པ་སྒེག་པའི་ཉམས་ཀྱིས་མཛེས། འདི་ཡང་དྲན་པའི་གདུང་བ་བརྗོད་པ་ཡིན་མོད། འདིར་ནི་བླ་མས་སློབ་མ་དྲན་པའོ། །   
          སྣ་ཚོགས་མནྡཱ་ར་ཡི་དྲ་བ་ཡི།། འདབ་བཟང་ཚེམས་ཕྲེང་ལས་ཟགས་སྦྲང་རྩིའི་ཆང་།།   ལྕེ་ཆུང་ལ་གཞིབ་དུབ་ལས་ངལ་བསོས་ལ། ། ལང་ཚོ་ཉམས་པ་གསོ་བའི་བཅུད་ལེན་སྟེན། །   
          ཞེས་པ་སོགས་ནག་མོ་ཁོལ་གྱི་སྙན་ངག་ཏུ་གནོད་སྦྱིན་གྱིས་སྤྲིན་ལ་ཇི་སྐད་གདམས་པའི་ཚིག་དང་ཉེ་བར་མཚུངས་པ་ཤིན་ཏུ་མང་། བརྩམས་ཆོས་ཧྲིལ་བོའི་སྤྱི་ཁོག་གམ་སྒྲོམ་གཞིའི་ཆ་ནས་ཀྱང《སྤྲིན་གྱི་ཕོ་ཉ》དང་མཚུངས་པར་སྦྱར་བ་གོང་གསལ་ལས་ཚེགས་སླ་བར་རྟོགས་ནུས། ཕོ་ཉ་ནི་སྤྲིན་དཀར་གྱི་གསེབ་ནས་འོངས་པའི་ལྷའི་བུ་ཡིད་དུ་འོང་བ་ཞིག་གོ །  འདི་སྙན་ངག《སྤྲིན་གྱི་ཕོ་ཉ》དང་མཚུངས་པར་སྦྱར་བ་ཙམ་དུ་མ་ཟད། 《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉས》ཀྱང་འདི་ལ་མངོན་གསལ་དུ་ཤན་ཐེབས་འདུག་སྟེ། འདི་ལས་བྱུང་བའི།   
          ཀྱེ་ཀྱེ་དོན་ཆེན་རབ་ཏུ་གྲུབ་པའི་བུ། །  ཚུར་ཤོག་ཚུར་ཤོག་ཕྱི་ནང་གཙུག་ལག་ལས། །   བདེ་ལེགས་སྐྲུན་པའི་བདེན་ཚིག་མེ་ཏོག་གིས། །  ཁྱོད་ལ་ཕོ་ཉ་ཏེ་བོར་མངའ་གསོལ་བགྱིད། །   
          ཅེས་པ 《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ》ལས།   
          ཚུར་ཤོག་ཚུར་ཤོག་རིག་འཛིན་གྲུབ་པའི་བུ། །  སྲིད་ཞིའི་གཙུག་ལག་གཉིས་ལས་བྱུང་བ་ཡི།།    
          དགེ་ལེགས་ཚིག་གི་མཆོད་སྦྱིན་མེ་ཏོག་གསར། །དེ་རིང་ལྷག་བསམ་དག་པས་ལག་བསྟར་ཏེ། །   
          བརྩེ་ལྡན་ཁྱོད་ལ་ཕོ་ཉའི་མངའ་གསོལ་སྒྲུབ།།   
          ཅེས་པའི་ཚིག་དང་ཉེ་བར་མཚུངས་ཤིང་། འདི་ལྟ་བུ་ད་དུང་དུ་མ་ཞིག་ཡོད། དེ་ལ་དཔགས་ན། སྙན་ངག་མཁན་ཆེན་པོ་འདིས་སྔོན་གྱི་མཁས་པས་མཛད་པའི་སྙན་ངག་གི་བརྩམས་ཆོས་ཕུལ་དུ་བྱུང་བ་དག་ཅི་ནུས་ཀྱིས་རྩད་གཅོད་དང་གཟིགས་རྟོག་བགྱིས་ཡོད་པར་ངེས་ཤིང་། 《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ》ལྟ་བུའི་དཔེ་དཀོན་པོ་དག་ཀྱང་དེ་དུས་ནས་འདི་པའི་ཕག་ཏུ་ཚུད་ཡོད་པར་སྣང་། 《སྙན་ངག་མེ་ལོང》དུ“རང་བཞིན་གྱིས་གྲུབ་སྤོངས་པ་དང་།། མང་དུ་ཐོས་པ་དྲི་མེད་དང་།། མངོན་པར་སྦྱོར་བ་མི་དམན་པ།། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།།”ཞེས་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་བསྟན་པའི་སྐབས་ཀྱི་མང་དུ་ཐོས་པ་དྲི་མ་མེད་པ་ཞེས་པ་ནི་དེ་ལྟ་བུ་ཞིག་ཡིན་དགོས་ཏེ། སྙན་ངག་མཁན་ཆེན་པོ་རྣམས་ནི་ཡུལ་དུས་གང་དུ་བྱོན་ཡང་རུང་སྟེ་དེ་འདྲ་བ་ཤ་སྟག་ཡིན་པར་ངེས།   
          སྐུ་ཡི་ཕྲེང་བར་མཛའ་བར་ཡོངས་འཐམས་པའི། ། སྙན་ཚིག་སྡེབ་སྦྱོར་སྒེག་མོ་ཟུང་འཇུག་མ།།   
          སྙིང་ལ་རྩེ་དགའི་གྲོགས་སུ་ཉེར་བཀུག་པས།། དགེ་དབང་དཔའ་བོའི་མཆེད་པོར་ཅི་ཡང་སྙེམས། །[1]  
          ཞེས་ཁོང་པའི་རྟོགས་བརྗོད་དུ་གསུངས་པ་བཞིན་མཁས་མཆོག་འདིའང་བོད་ཀྱི་སྙན་ངག་པ་འགྲན་གྱི་དོ་མེད་པ་ཞིག་ཡིན་ཞིང་། 《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉའི》ཕྱི་ནས་དཔལ་ལྡན་ནག་མོ་ཁོལ་གྱི《སྤྲིན་གྱི་ཕོ་ཉ》 དང་རྗེས་སུ་མཐུན་པར་སྦྱར་བའི་སྙན་ངག་ཞིག་ལ་འདི་ཉིད་ཁོ་ན་རྨད་དུ་བྱུང་། 《སྤྲིན་གྱི་ཕོ་ཉ》དང《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ》གཉིས་ནི་འཕྲིན་ཡིག་གི་ཚུལ་དུ་བརྩམས་ཀྱང་བསྐུར་ཡུལ་ལ་དངོས་སུ་སྤྲིངས་པ་ནི་མིན། 《ཕོ་ཉ་གཞོན་ནུ་དོན་གྲུབ》ནི《ཞུ་འཕྲིན་རིག་བྱེད་དབྱངས་ཀྱི་སྙིང་པོ》ཞེས་ཟུར་དུ་བྲིས་པའི་འཕྲིན་ཡིག་ཅིག་དང་ལྷན་དུ་དངོས་སུ་བསྐུར་ཡུལ་ལ་སྤྲིངས་ཤིང་། ལྷའི་བུ་གཞོན་ནུ་དོན་གྲུབ་ནི་འཕྲིན་ཡིག་དེ་སྐྱེལ་མཁན་གྱི་ཕོ་ཉ་བར་བྱས་ཡོད།  འོན་ཀྱང《ཕོ་ཉ་གཞོན་ནུ་དོན་གྲུབ》ཏུའང་ཞུ་གསོལ་གྱི་སྐོར་ཡོད་པ་གོང་དུ་བརྫོད་ཟིན་ལྟར་རོ། །  
          སྙན་ངག《སྤྲིན་གྱི་ཕོ་ཉ》ནི་རྩོམ་མཁན་ཕྱི་རོལ་པ་ཡིན་པ་དང་བརྩམས་ཆོས་ཀྱི་བརྗོད་བྱ་ཕོ་མོའི་འདོད་བརྩེ་ལ་སྦྱར་འདུག་པས། སྔོན་གྱི་ལོ་ཙཱ་བས་བསྒྱུར་ཅིང་། 《བསྟན་འགྱུར》གྱི་ཁྲོད་དུ་བསྡུས་པའི་བརྩམས་ཆོས་ལས་ཤིན་ཏུ་ཁྱད་པར་བ་ཞིག་གོ།  ལོ་ཙཱ་བ་བྱང་ཆུབ་རྩེ་མོས་འདི་འདྲའི་སྙན་ངག་ཅིག་བོད་སྐད་དུ་བསྒྱུར་བར་དོགས་འཚེར་མ་བྱས་པ་ནི། འདིའི་རྗོད་བྱེད་ཕུན་སུམ་ཚོགས་པའི་ཡོན་ཏན་གྱིས་ཐུགས་ཀུན་ནས་འཕྲོགས་པས་ཡིན་སྙམ། བརྗོད་བྱ་སོགས་ཀྱི་དབང་གིས་འདི་ལ་འཆད་ཉན་གྱི་རྒྱུན་ནི་ཆེར་མེད་ལ། 《དཔག་བསམ་འཁྲི་ཤིང》དང《སྐྱེས་རབས་སོ་བཞི》ལྟ་བུའི་འཕྲིན་ལས་ཀྱང་མེད་དོ །《སྤྲིན་གྱི་ཕོ་ཉ》དང་། 《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ》 《ཕོ་ཉ་གཞོན་ནུ་དོན་གྲུབ》གསུམ་ནི་བོད་ཀྱི་རྩོམ་རིག་གི་བྱུང་བ་ལས། ཕོ་ཉ་གསུམ་དུ་གསོལ་འོས་པའི་སྙན་ངག་རྨད་དུ་བྱུང་བ་གསུམ་ཡིན་ཞིང་།  ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་རྣམས་ཀྱི་རབ་དང་ཕུལ་དུ་གཏོགས་ཤིང་། སྙན་ངག་འདི་གསུམ་ག་ལ་ཞུ་འཕྲིན་ཡིན་པ་དང་། དེ་ཕོ་ཉ་ལ་འཁྱེར་དུ་གསོལ་བ།  ཕོ་ཉ་བྱང་ཕྱོགས་སུ་བགྲོད་པ། ཡིད་ཀྱི་འགྱུར་བ་མཚོན་པའི་སྙན་ངག་ཆེན་པོ་ཡིན་པ། རྒྱ་གར་ཤར་པའི་ལམ་དང་མཐུན་པ། དགའ་བ་མངོན་དུ་བྱས་པ་སྒེག་པའི་ཉམས་དང་ལྡན་པ་སོགས་མཚུངས་ཆོས་མང་དུ་ཡོད་མོད། སྐུར་མཁན་དང་བསྐུར་ཡུལ་གྱི་འབྲེལ་བ་ནི་རིམ་བཞིན་ཁྱོ་ཤུག་དང་། ཕ་བུ། བླ་སློབ་བཅས་སུ་སོང་ཞིང་། ཕན་ཚུན་བྲལ་བའང་ལོ་གཅིག་ལ་བྲལ་བ་དང་། གཏན་དུ་བྲལ་བ། ཅུང་ཟད་ཙམ་གྱི་ཡུན་ལ་བྲལ་བ་སོགས་གནས་ཚུལ་ཐ་དད་ཡིན་པས། ཅི་ལ་དྲན་པའི་དོན་དང་ཇི་ལྟར་དྲན་པའི་ཚུལ་ཀྱང་སོ་སོར་སྣང་ངོ་།།   
          སྙན་ངག་དེ་དག་ཕན་ཚུན་མི་འདྲ་བའི་ཆ་གཞན་ཞིག་ནི། ཕོ་ཉའི་སྐོར་ཡིན་ཏེ། རིམ་བཞིན་སྤྲིན་པ་དང་། རིག་འཛིན་གྲུབ་པའི་བུ་དང་། ལྷའི་བུ་གསུམ་མོ། །སྙན་ངག་ཕྱི་མ་གཉིས་སུ་ཕོ་ཉ་མངའ་གསོལ་གྱི་རིམ་པ་ཞིག་ཀྱང་བྱུང་ཞིང་། ལྷག་པར《ཕོ་ཉ་གཞོན་ནུ་དོན་གྲུབ》ཏུ་ཕོ་ཉ་བཙལ་བ་དང་།  ཕོ་ཉ་ཪྙེད་པ།  ཕོ་ཉ་མངའ་གསོལ་བ།  བླ་མ་དང་དཀར་ཕྱོགས་ཀྱི་ལྷ་ཀླུ་རྣམས་ལ་ཕོ་ཉ་ལ་སྲུང་ཞིང་གྲོགས་བྱེད་པའི་འཕྲིན་བཅོལ་བྱས་པ།  ཕོ་ཉ་ལ་རྫོངས་ཏ་བྱས་པ་སོགས་ཕོ་ཉ་མངའ་གསོལ་གྱི་སྐོར་རྒྱས་ཙམ་བྱུང་བ་ནི་བོད་ཀྱི་སྙན་ངག་པའི་གསར་གཏོད་ཀྱི་ཆ་ཞིག་ཡིན་པར་ངེས།   སྙན་ངག《སྤྲིན་གྱི་ཕོ་ཉས》བོད་ཀྱི་མཁས་པས་མཛད་པའི་སྙན་ངག་གཞན་ལའང་ཤན་ཤུགས་ཐེབས་ཡོད་དེ།  མཁས་པའི་དབང་པོ་དགུ་རོང་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི《དྲི་ཟ་ཏམྦུ་རའི་ཆུང་མ་དབྱངས་ཅན་མའི་རྟོགས་པ་བརྗོད་པ་མིའམ་ཅིའི་གླུ་དབྱངས》བྱ་བའང་སྙན་ངག་དེའི་སྦྱར་བྱང་དུ“རྒྱ་གར་གྱི་སྙན་ངག་མཁན་པོ་དག་གི་རྩོམ་ཉམས་ལ་སྒོ་བསྟུན་ཁུལ་བགྱིས”[1]ཞེས་འབྱུང་བ་བཞིན། གཙོ་བོ་སློབ་དཔོན་ནག་མོ་ཁོལ་གྱི་སྙན་ངག《སྤྲིན་གྱི་ཕོ་ཉའི》ཚིག་སྦྱོར་གྱི་ཉམས་ཅི་ཐོན་བྱས་ཡོད་པ་ཤིན་ཏུ་གསལ་བ་དང་། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི《འཕྲིན་ཡིག་ཡིད་ཀྱི་ངང་མོ་རྣམ་རྩེན》ལའང་དངོས་ཤུགས་ཅི་རིགས་ནས་སྙན་ངག《སྤྲིན་གྱི་ཕོ་ཉ》དང《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉའི》ཤན་ཐེབས་ཡོད་པ་ལྟ་བུའོ། །  
          ཡང་ཤིན་ཏུ་ངོ་མཚར་བ་ཞིག་ནི། 《ཧོར་གླིང་གཡུལ་འགྱེད》ཀྱི་སྟོད་ཆའི་ལེའུ་ཉི་ཤུ་པར།   
          དེར་གདོང་བཙན་སྣང་ངུ་དང་མཇལ་བྱུང་བར་རྒྱ་བྱ་དེ་ཁོ་ལ་འཁྲིད་དུ་བཅུག་ནས་ལམ་གཞུང་ལ་མར་ཙམ་འབྱོན་སྐབས་སུ། ཆར་དུང་གི་ཁུ་འཕང་འདྲ་བ་ཞིག་ཐར་ཐོར་གྱིས་བབས། ཉི་སྤྲིན་འཛོམས་པའི་བར་ནས་འཇའ་ཞིག་ཀྱང་ཤར།  བྱ་གོང་མོ་ཞིག་ཀྱང་གྲགས།  རྒོད་ཐང་དཀར་གཅིག་གིས་ལྡིང་སྐོར་རྒྱག་གིན་འདུག།  སྤྲིན་དཀར་པོ་དྲི་མ་མེད་པ་ཞིག་ཀྱང་བྱང་ཕྱོགས་སུ་ནར་ནར་གྱིས་འགྲོ་འདུག་པས་རྐྱེན་བྱས།  ཞལ་ལུའི་ཐུགས་ལ་སྐྱོ་ཤས་ཚད་མེད་པ་ཞིག་ཀྱང་འཁྲུངས། དེའི་སྟེང་དུ་རྒྱལ་མཆོག་ནོར་བུ་དགྲ་འདུལ་དེ་ཉིད་ཀྱི་སྐུའི་སྣང་བཪྙན་ཡིད་ལ་ལམ་མེར་ཤར་ཏེ་དྲན་དྲགས་ནས་སྤྱན་ཆབ་ལོ་མའི་ཟིལ་བ་བྲུལ་བ་ལྟར་བྱུང་བས་ཨེན་ཙམ་ཆིབས་བཤོལ་ཏེ་ཞལ་དབུགས་འཚངས་པ་ཙམ་དུ་གདའ་སྐད་དོ། །   
          དེར་ཡུད་ཙམ་ནས་ཐུགས་ཅུང་ཞིག་སོར་ཆུད་དེ།  ཐུགས་ཐག་རྦད་ཀྱིས་བཅད་ནས་གླིང་ཇུས་འདི་མ་ཟིན་པའི་སྟེང་ལ། རྒྱལ་པོ་གེ་སར་འཛམ་གླིང་ཉི་མ་དེ་ལྟ་བུ་དང་གསོན་བྲལ་བྱུང་། གཡུ་སྟག་དང་། དམར་ལེབ་ཀྱིས་གཙོས་པའི་ཕུ་ནུ་དཔའ་རྟུལ་རྣམས་དང་ཤི་བྲལ་བྱུང་བ་འདི་ལ་བསམས་ན་ངེས་པར་ཤི་ན་མི་དགའ་རི་བསམས་པ་ཞིག་དགག་ཏུ་མེད་པ་ལྷན་སྐྱེས་སུ་ཤར་བ་དང་མཉམ་དུ་སྐྱོ་བའི་སྣང་ཚུལ་སྤྲིན་དཀར་མངག་གཞུག་ཏུ་སྦྲན་པའི་དཔེ་འཇོག་ངག་རྟ་སྙན་པའི་མེ་ཏོག་ལ་དྲངས་པའི་གསུང་སྙན་གླུའི་མཐའ་མ་འདི་ལྟར་བཞེངས་པར་གདའོ། །   
          གླུ་ཐ་ལ་ལ་མོ་ཐ་ལ་ལེན། །  གླུ་ཨ་ལ་ལ་མོ་ཨ་ལ་ལེན། །   
          བར་སྣང་སྟོང་པའི་འགྲིམ་ལམ་ན། །  ལྷོ་སྤྲིན་ཕྱུག་མོ་རྒྱང་མཛེས་མ། །   
          གང་གི་ས་ནས་བྱུང་ལེ་ཡིན།། དོ་ནུབ་གང་ལ་འབྱོན་བསམ་ཡིན། །   
          ཡར་ཁམས་བྱང་མའི་རི་བརྒྱད་ནས།།  ངའི་ཨ་ནུ་གེ་སར་རྒྱལ་པོ་དེ། །   
          བཞུགས་ཟེར་བའི་གཏམ་སྙན་ཨེ་ཚོར་ལགས།། ཞལ་མཇལ་གསུང་ཐོས་བསོད་ནམས་བསགས། །   
          སྤྲིན་དཀར་བྱང་ལ་འབྱོན་བསམས་ན།། ཚིག་གསུམ་འཕྲིན་ལ་འཁྱེར་རྒྱུ་གདའ། །[1]   ཞེས་རྒྱ་ཚ་ཞལ་དཀར་སྐུ་གཤེགས་ཁར་རང་གི་ནུ་བོ་འཛམ་གླིང་གེ་སར་རྒྱལ་པོ་དྲན་ནས་སྤྲིན་དཀར་མངག་གཞུག་ཏུ་སྦྲན་པ་ལ་འཕྲིན་བསྐུར་བ་ཞིག་འདུག་པ་སྙན་ངག 《སྤྲིན་གྱི་ཕོ་ཉ》དང་ཤིན་ཏུ་ཆ་མཚུངས་པས། དེའང་བོད་ཀྱི་ཕོ་ཉའི་རྩོམ་རིག་ཏུ་བགྲང་འོས་པ་ཞིག་ཡིན།  དེ་ནི《སྤྲིན་གྱི་ཕོ་ཉའི》ཐད་ཀའི་ཤན་ཤུགས་ལས་བྱུང་བར་སྨྲ་མི་སྤོབས་མོད། བརྒྱུད་པའི་སྒོ་ནས་ནི་ངེས་པར་འབྲེལ་བ་ཞིག་ཡོད་མཆི།   
          ནག་མོ་ཁོལ་གྱི་སྙན་ངག 《སྤྲིན་གྱི་ཕོ་ཉ》ལ་བོད་ཀྱི་མཁས་པ་ཆེན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས 《སྤྲིན་གྱི་ཕོ་ཉའི་མཆན་འགྲེལ》བ་བ་ཞིག་མཛད་ཡོད་པར་བཤད་ཅིང་།བོ་དོང་བའི་དངོས་སློབ་དགེ་བསྙེན་འཇིགས་མེད་འབངས་ཀྱིས་མཛད་པའི་བོ་དོང་རྣམ་ཐར་ངོ་མཚར་དགའ་སྟོན་ལས་ཀྱང་། སྤྲིན་གྱི་ཕོ་ཉ་ལ།  ཆོས་ཀྱི་རྒྱལ་པོ་རྣམ་རྒྱལ་གྲགས་པས་གསོལ་བ་བཏབ་ནས།  ཉིད་ཀྱིས་ཤིན་ཏུ་གསལ་བར་རྣམ་པར་ཕྱེ་བའི་མཆན་བུ་ཡང་མཛད་དོ། །  ཞེས་འབྱུང་མོད།  ཁོ་བོས་ཆེད་དུ་ཁོང་བའི་གསུང་འབུམ་པོད་བརྒྱ་དང་སུམ་ཅུ་སོ་བདུན་ཅན་དེའི་མགོ་ནས་མཇུག་བར་བཙལ་ཀྱང་མ་ཪྙེད་པས། ད་དུང་ཡང་རྩད་གཅོད་རྒྱུར་ལུས། ཉེ་བའི་དུས་སུ་བདག་གི་དགེ་རྒན་དམ་པ་དོར་ཞི་རིན་པོ་ཆེས 《སྙན་ངག་སྤྲིན་གྱི་ཕོ་ཉའི་འགྲེལ་བ་ཀུན་དའི་ཟླ་ཟེར》བྱ་བ་མཛད་པ་དང་།  ཡང་བདག་གི་དགེ་རྒན་དམ་པ་བཤད་སྒྲུབ་རྒྱ་མཚོས 《སྙན་ངག་གི་རྒྱལ་པོ་སྤྲིན་གྱི་ཕོ་ཉའི་འགྲེལ་བ་གཞོན་ནུའི་མགུལ་རྒྱན་མ་ལླི་ཀཱའི་ཕྲེང་མཛེས》བྱ་བ་མཛད་ལ།  མཁས་པ་རཀ་ར་ཐུབ་བསྟན་ཆོས་དར་གྱིས་སྙན་ངག 《སྤྲིན་གྱི་ཕོ་ཉའི》རྒྱ་འགྲེལ 《གློག་ཕྲེང་མ》བྱ་བ་བོད་སྐད་དུ་བསྒྱུར་བ་སོགས་སྙན་ངག་དེའི་འགྲེལ་བྱེད་ཀྱི་བསྟན་བཅོས་ཀྱང་མང་དུ་བྱུང་བ་ནི། བོད་ཀྱི་ཡུལ་འདིར་རྒྱ་གར་གྱི་སྙན་ངག་མཁན་ཆེན་པོ་ནག་མོ་ཁོལ་གྱི་སྙན་ངག་གི་བསྟན་བཅོས 《སྤྲིན་གྱི་ཕོ་ཉའི》འཕྲིན་ལས་ཀྱི་འཇུག་པ་བྱུང་ཚུལ་གྱི་རྣམ་པ་གཞན་ཞིག་གོ། །   
[1]ཅི་ཞན་ལིན་གྱི་གསུང་འབུམ། (季羡林文集第十五卷[M]. 南昌: 江西教育出版社, 1988. 10)
[1]སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས།( [日本]  四郎. 梵语文学史[M]. 岩波书店1973. 41)
[1]ཅི་ཞན་ལིན་གྱི་གསུང་འབུམ། (季羡林文集第十五卷[M]. 南昌: 江西教育出版社1988.19) 
[2]ཅི་ཞན་ལིན་གྱི་གསུང་འབུམ། (季羡林文集第十五卷[M]. 南昌: 江西教育出版社, 1988.20)
[3]ཅི་ཞན་ལིན་གྱི་གསུང་འབུམ། (季羡林文集第十五卷[M]. 南昌: 江西教育出版社.1988.135)
[1] སཾསྐྲྀཏའི་བསྟན་བཅོས་དང་རྒྱའི་རྩོམ་ཡིག  (郁龙余.  梵典与华章[M].)银川:宁夏人民出版社,2004. 236)
[1]སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས། ( [日本]  四郎. 梵语文学史[M]. 岩波书店1973. 58)
[1] སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས།(金克木. 梵语文学史[M]. 南昌: 江西教育出版社. 1999.293)
[1]རྒྱ་གར་གྱི་རྩོམ་རིག་དང་ཀྲུང་གོའི་རྩོམ་རིག་བསྡུར་དཔྱད་།(刘安武.印度文学和中国文学比较[M]. 北京:中国国际广播出版社. 2005.  165)
[1] སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས། ([日本]  四郎. 梵语文学史[M]. 岩波书店. 1973 59)
[2]རྒྱ་གར་གྱི་གནའ་རབས་རྩོམ་རིག(黄宝生. 印度古代文学[M]. 北京: 知识出版社.   1988. 81)
[3]སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས། ([日本]   四郎. 梵语文学史[M]. 岩波书店, 1973. 59)
[4]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ།[M]བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་། 1990. 324
[1]སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས། ([日本]   四郎. 梵语文学史[M]. 岩波书店, 1973.   59)
[1]མཁན་པོ་སྟོབས་ལྡན་རབ་འབྱམས་པ།  སྙན་ངག་མེ་ལོང་གི་ཟིན་ཐོ་དྲན་པའི་གསལ་འདེབས། [M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996. 41
[2] སཾསྐྲྀཏའི་རྩོམ་རིག་ལོ་རྒྱུས།། ([日本]  四郎. 梵语文学史[M]. 岩波书店. 1973.  58)
[1]རཀ་ར་ཐུབ་བསྟན་ཆོས་དར་གྱིས་བསྒྱུར་པ། སྤྲིན་གྱི་ཕོ་ཉའི་འགྲེལ་བ་གློག་ཕྲེང་མ།[M]དྷ་ས་རིགས་ལམ་སློབ་གཉེར་ཁང་། 1998. 2
[2] སཾསྐྲྀཏའི་བསྟན་བཅོས་དང་རྒྱའི་རྩོམ་ཡིག(郁龙余. 梵典与华章[M]. 银川: 宁夏人民出版社, 2004. 225)
[3]རྒྱ་གར་གྱི་གནའ་རབས་རྩོམ་རིག་ལོ་རྒྱུས། (季羡林主编. 印度古代文学史[M]. 北京: 北京大学出版社, 1991. 226)
[1]རྒྱ་གར་གྱི་གནའ་རབས་རྩོམ་རིག་ལོ་རྒྱུས། (季羡林主编.印度古代文学史[M]. 北京: 北京大学出版社. 1991.    226) 
[1]ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་པོད་དང་པོ [M].ཀྲུང་ཀོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1990.  6
[1]རིན་ཆེན་རྡོ་རྗེ། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། [M].
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2001. 251
[1]ཧོར་གླིང་གཡུལ་འགྱེད་སྟོད་ཆ།[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1980. 537


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1