འབོ་ར་ཀླུ་འབུམ་བཀྲ་ཤིས། (ཀན་ལྷོ)
རླུང་ལ་དྲག་རླུང་དང་འཇམ་རླུང་ཡོད
རླུང་ལ་ཚ་རླུང་དང་བསིལ་རླུང་ཡོད
སྐྱེ་འགྲོ་ལ་དགོས་པའི་དབུགས་རླུང་དང
རང་བྱུང་ལ་དགོས་པའི་མཁའ་རླུང
རླུང་གི་ནུས་པ་ནི་ཇི་འདྲའི་མཐའ་ཡས་ཨང
ངས་རང་སེམས་ལ་བརྟག་ཅིང་དཔྱད་ཚེ
མི་རྣམས་རླུང་གིས་འཚོ་ཞིང
སའི་གོ་ལའང་རླུང་གིས་བསྐྱེད་བཞིན་པ་ཤེས
ང་རླུང་དང་འཕྲད་ནས་གྲུབ་པ་ཡིན་ལ
ང་རླུང་དང་འཕྲད་ནས་ནར་སོན་པ་ཡིན
ང་རླུང་གི་ངར་ཤུགས་དང་རམ་འདེགས་ཀྱིས
མདུན་དུ་སྐྱོད་བཞིན་ཡོད
རླུང ལན་རེར་ཁྱོད་ཀྱིས་བདག་གཅེས་འཛིན་གྱི་ཐལ་རྡུལ་དོར་ཏེ
སྤྱི་སེམས་ཀུན་ལ་ཁྱབ་ཅིང་ལྡང་ནས་ཡོང
རླུང མཚམས་རེར་ཆགས་སྡང་གིས་ཀུན་ནས་གཙེས་ཏེ
རང་རྒྱལ་གཞན་ཕམ་གྱི་གདུག་རྩུབ་དེ་མངོན་ནས་འོང
རླུང་ཨ་རླུང
སྐྱེ་ནས་འཆི་རག་བར་དུ
སྲིད་པའི་རྩེ་ནས་དམྱལ་བ་མནར་མེད་བར་དུ
ཁྱོད་ཀྱིས་དབང་དུ་མ་བསྡུས་པའི་དངོས་པོ་གང
སྐྱེ་རྒ་ན་འཆིའི་གོ་རིམ་ཁྲོད་དུ
ང་ཚོ རླུང་གི་བྲན་གཡོག་ཏུ་རྒྱུག་པས
རླུང་ལྡང་ན ང་ཚོ་འགུལ་བཞིན་ཡོད
རླུང་གཡུག་ན ང་ཚོ་སྐྱོད་བཞིན་ཡོད
རླུང་འཚུབ་ན ང་ཚོ་འབྲོ་བཞིན་ཡོད
ང་ཚོ རླུང་གི་བཀོད་འདོམས་ལ་བལྟས་ནས་གནས་ཡོད་ཨང
ངའི་རྣམ་ཤེས་འདིའང་རླུང་ལ་བཅིབས་ནས་འདུག
གར་འགྲོ་འདིར་འདུག་ལ་ངེས་པ་མེད་པས
ང་རླུང་དང་འཕྲད་ནས་ཡོད
རླུང
ཁྱོད་ནི་བཙན་པོའི་རྒྱལ་ཁྲིམས་དང
བསྟན་པའི་ཆོས་ཁྲིམས་དང་འགྲོགས་ཡོད
དཔའ་རྒོད་ཀྱི་སྤོབས་པ་དེ་རླུང་དང་འཕྲད་ཡོད
བླ་མའི་གསུང་གི་བདུད་རྩི་དེ་རླུང་དང་འཕྲད་ཡོད
འཇམ་པའི་དབྱངས་ཀྱི་ཕྱག་གི་རལ་གྲི་དེའང་རླུང་དང་འདྲེས་ཡོད
དབྱངས་ཅན་ལྷ་མོའི་པང་གི་པི་ཝང་དེའང་རླུང་དང་འཕྲད་དོ
མི་ལུས་ནི་འཕྲུལ་འཁོར་ཞིག་ཡིན་ན
རྣམ་ཤེས་ནི་རླུང་སྟེ
རླུང་གི་རྒྱུ་བ་ལ་བསྟེན་ནས
ཡར་སྐྱེད་མར་འགྲིབ་ཀྱི་མཐོ་དམའ་རླུང་གིས་གཅོད་དོ
རླུང་ཨ་རླུང
ཁྱོད་ནི་རྣམ་འཕྲུལ་སྟོང་ཕྲག་དང་ལྡན
ཁྱོད་ནི་ཚེ་སྲོག་ཁྲི་ཕྲག་ལས་ལྷག
རླུང་ཨ་རླུང
འཇིག་རྟེན་འདི་ཁྱོད་ཀྱི་བྲན་དུ་འཁོད་བྱུང
སེམས་ཅན་དེ་ཁྱོད་ཀྱིས་རིལ་རིལ་རྡོག་རྡོག་ཏུ་བཏང་བྱུང་ཨང
2017.11.02