གླིང་གེ་སར་རྒྱལ་པོའི་བཞུགས་ཁྲི།
དཔའ་བོའི་བྱུང་བ་བརྗོད་པའི་སྙན་ངག་རིང་མོ་གླིང་གེ་སར་རྒྱལ་པོ་སྒྲུང་ནང་གི་མི་སྣ་གཙོ་བོ་གེ་སར་ནོར་བུ་དགྲ་འདུལ་ནི། བཙན་པོའི་གཉའ་གནོན་དང་། གཉོམ་ཆུང་གི་ཟེ་འཐེན་དུ་སྟོབས་དང་རྫུ་འཕྲུལ་ཕྲུལ་དུ་བྱུང་བའི་བོད་མི་རིགས་ཀྱི་དཔའ་བོ་བླ་ན་མེད་པ་ཞིག་ཡིན། གེ་སར་སྒྲུང་དེའི་གཏམ་རྒྱུད་མང་པོ་ཞིག་ཆུ་དམར་ལེབ་དང་འབྲེལ་བ་དམ་པོ་ཡོད། ཆུ་དམར་ལེབ་ནི་གེ་སར་ནོར་བུ་དགྲ་འདུལ་རྟ་རྒྱུག་རྒྱལ་འཇོག་བྱས་སའི་གནས་ཁྱད་པར་ཅན་ཞིག་ཡིན་པར་གྲགས། དེ་ཡང་གླིང་གེ་སར་རྟ་རྒྱུག་བྱེད་ས་ནི་རྨ་ཆུའི་ཆུ་མགོའི་རྫ་སྐྱ་ཐང་ནག་ཡིན(ད་ལྟ་ཆུ་དམར་ལེབ་རྫོང་རྨ་སྟོད་ཤང་གི་གནས་ས་ཡིན)། རྒྱལ་ཁ་བླངས་ནས་རྒྱལ་པོར་བཞུགས་པའི་ཁྲི་ཡང་རྫ་སྐྱ་ཐང་ནག་ཏུ་ཡོད། གེ་སར་བཞུགས་ཁྲི་ནི་རྡོ་ལེབ་མཐུག་པོས་བརྩིགས་པ་ཞིག་ཡིན། དེའི་རིང་ཚད་སྨི་1.8དང་། འཕྲེད་ལ་སྨི་1.4དང་མཐོ་ཚད་སྨི་2ཡོད་པ། རྡོ་ལེབ་མཐུག་ཚད་ཕལ་ཆེར་ལི་སྨི་15-20བར་ཡོད། རྡོ་ལེབ་ཀྱི་ངོས་མཉམ་ཞིང་བརྩེགས་མ་ཆུ་དང་འོ་མ་འདྲེས་པ་བཞིན་གཞི་གཅིག་ཏུ་གྱུར་པ་འདྲ། འོན་ཀྱང་རྫ་སྐྱ་ཐང་ནག་གི་ཕྱོགས་བཞི་རུ་དེ་འདྲའི་རྡོ་ལེབ་ལེན་རྒྱུ་མེད་པས། རྡོ་ལེབ་དེ་དག་ས་ཆ་གང་ནས་བླངས་པ་དང་ཡོ་བྱད་ཅི་ལ་བརྟེན་ནས་འདིར་བསྐྱས་པ་སོགས་ད་བར་སུས་ཀྱང་ཤེས་ཚོད་མེད་པའི་གསང་གནས་ཤིག་རེད།
ཁྲ་ཕུ་དང་འབྲེལ་མཚམས་ཀྱི་སྲིབ་རྒྱབ་ལུང་ཞོལ་དུ་སོ་རིང་སོ་ཐུང་ཞེས་པ་དེ་ནི་གླིང་སྒྲུང་དུ་ཁྲ་རྒན་གྱིས་སྒྲིག་འཛུགས་བྱས་པའི་ཕྱི་དགྲ་འགོག་སྲུང་གི་སོ་ལྟ་ཕྱི་ནང་གཉིས་ཡོད་པའི་ཆ་ནས་བཏགས་ཤིང་། གླིང་སྒྲུང་གི་ས་མིང་འབོད་སྟངས་དང་གཅིག་མཚུངས་རེད། དེ་དང་འབྲེལ་མཚམས་སུ་གཡས་གཡོན་ལུང་པ་གཉིས་ཡོད་དེ། གཡས་ལུང་པ་ལ་སྣང་ཆུང་ལུང་དང་གཡོན་ལུང་པ་ལ་ཁྲ་ཕུ་ཞེས་འབོད། ས་མིང་དེ་འབོད་དོན་ནི། ལུང་པ་དེ་ལ་སྤྱི་དཔོན་གྱི་བརྒྱུད་པ་བུ་གསུམ་གྱི་ཡ་གྱལ་དང་སྣང་ངུ་གཡུ་སྟག་གི་གདུང་འབུམ་ཡིན་པར་གྲགས། ཨ་ཁུ་སྤྱི་དཔོན་རྒྱལ་པོའི་སྲས་ཆུང་སྣང་ངུ་གཡུ་སྟག་དེ་ཉིད་ཧོར་གླིང་གཡུལ་འགྱེད་ཀྱི་སྐབས་སུ་བདུད་བློན་ཨ་ལྔ་མཐེབ་དྲུག་གིས་མདའ་དྲུག་གིས་ལམ་ནས་བསད། དེ་བས་ཁོང་གི་གདུང་འབུམ་དེ་སྤྱི་སྤྱོད་ལམ་ཆེན་ནས་སྤྱི་ལེ་བཞི་ལྔ་ཡི་མཚམས་སྣང་ཆུང་ཞེས་པའི་ཕུ་ལ་དེའུ་གཉིས་ཡོད། གཅིག་ལ་གོ་ཁྲབ་དང་གཅིག་ལ་སྐུ་གདུང་སྦས་ཡོད་ཅེས་གནའ་མི་ཕལ་མོ་ཆེའི་བཤད་སྲོལ་ལ་སྣང་ཆུང་གདུང་འབུམ་ཞེས་གྲགས། །