བོད་པའི་དེད་དཔོན་ཐོན་མི་མཆོག

སྨན་སྒང་བློ་གྲོས་རྣམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ཡེ་ཤེས་འོད་ལྔའི་ཐིག་ལེའི་གུར་ཁྱིམ་ཕུབ། །

མུན་ནག་དུག་གི་ཆར་ཟིལ་ཕ་མཐར་བསྐྲད། །

དགེ་ལེགས་གཡང་གི་བློ་གྲོས་དངོས་གྲུབ་སྩོལ། །

ལྷ་གཅིག་ཐོན་མི་སཾ་བྷོ་ཊ་ལ་གུས། །

ལེགས་བྱས་ཆུ་གཏེར་གསར་པའི་དགེ་མཚན་འབུམ། །

ལེགས་བཤད་ནོར་བུའི་བང་མཛོད་འདྲེན་བྱེད་པའི། །

ལེགས་སྙིང་དབྱངས་གསལ་སོ་བཞིའི་དབུགས་རྒྱུན་སྩལ། །

ལེགས་པའི་དད་ཕྱག་སྙིང་གི་དཀྱིལ་ནས་འབུལ། །

ཀ་ཁའི་རི་མོས་འུ་ཅག་བཞེད་པ་སྐོང་། །

ཙཱ་རིར་བསྟན་འཛིན་ཐ་སྙད་ཅིར་ཡང་ཤར། །

ཆ་ལུགས་ཟ་འཐུང་ཇ་ཆེད་མ་ཕྱེས་པར། །

ཧ་ཅང་ངོ་མཚར་ཡི་གེ་ཨེ་མ་རྨད། །

ཡིད་ཀྱི་མི་ནི་དབྱིངས་ཀྱི་གཞི། །

བདུད་འདུལ་ཀུན་མཐུན་དུས་སུ་འཕྱུར། །

དགེ་ལེགས་ཡེ་ཤེས་དགེས་ཏེ་དེངས། །

བོད་ཏོ་ཕོ་མོ་ཡོངས་བསྐྱོམས་སོ། །

རེ་བའི་ཡིད་ཀྱི་ཁྱེའུ་གནམ་ལ་བཀྱག །

དགོས་པའི་གནད་ཀྱི་འགག་རྒྱ་འཆིང་ཐག་དཀྲོལ། །

བདེན་པའི་ཞལ་གསུང་རིན་ཆེན་སྐལ་བར་བཞག །

ཐོན་མི་ཁྱེད་ནི་བོད་མིའི་མགོན་གྱི་ལྷ། །

དུས་གསུམ་ཀུན་མཁྱེན་ལྷ་ཡི་ཡེ་ཤེས་འཕྲུལ། །

གཅིག་བསྡུས་མཁྱེན་པའི་ངོ་བོ་འཇམ་དཔལ་དབྱངས། །

གང་གི་བློ་གྲོས་ཟེགས་མས་ལེགས་གྲོལ་བ། །

མཁས་མཆོག་ཐོན་མི་དཔའ་བོ་སླར་ཡང་དྲན། །

དཀའ་དང་ངལ་བ་དྲན་པས་དང་དུ་བླངས། །

ལྷག་བསམ་དཀར་བཟང་མདངས་ཅན་ལྷན་ཐབས་སྦྱར། །

རྒྱང་ཐག་གང་མང་རྐང་པས་བཅལ་བྱས་ནས། །

ཕན་མཛད་གནས་ལྔ་ལྷ་སྲས་གཡང་ལ་དྲངས། །

སེམས་པ་སྐྱོམ་པ་མང་མཆིས་ཀྱང་། །

ཡིད་ཀྱི་མི་ནི་ཁྱེད་ཉིད་ཙམ། །

རང་ལ་རྒོལ་བ་ཅུང་མངའ་ཡང་། །

རང་རིགས་སྨན་མཛད་མགོན་པོ་ཁྱེད། །

མིག་གི་མདངས་ཀྱིས་ཕྱི་རུ་གཟིགས། །

ཤེས་རིག་རྟ་བདུན་བང་ཁ་བསྐོར། །

བོད་འབངས་ཕན་པའི་དཔལ་གྱི་རྟེན། །

དབྱངས་གསལ་རི་མོའི་སྙིང་པོ་གནང་། །

ཁྱེད་ནི་ཡིད་ཀྱི་ལྷ་ཆེན་ཏེ། །

མཛད་པའི་ཕྲིན་ལས་ལ་གཞིགས་ཏེ། །

ཤུལ་གྱི་ང་དང་ཁྱོད་ཚོགས་ཀྱིས། །

ཁོང་ཉིད་དྲན་པའང་རིགས་པའི་གནས། །  


རྩོམ་ཡིག་སྔོན་མ།
ངས་རེ་བའི་ཁོར་ཡུག་གསར་པ།
རྩོམ་ཡིག་རྗེས་མ།
རྒྱལ་བ་བློ་བཟང་གྲགས་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1