རྒྱལ་བ་བློ་བཟང་གྲགས་པ།
ནུབ་རླུང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31
རབ་ཏུ་མཛེས་པ་སྟོན་གྱི་ཆུ་འཛིན་ནི། །
སྒེག་པའི་ཉམས་ལྡན་རླུང་གི་བུ་མོས་གཡོ། །
སྣ་ཚོགས་ཚོན་རིས་དང་བྲལ་བཞུགས་པ་ཁྱེད། །
སྲིད་གསུམ་གར་དུ་རྩེན་ཡང་གཡོ་བ་གང་། །
འཇིག་རྟེན་དབང་སྡུད་དབྱངས་ཅན་ཟླ་མཛེས་མས། །
རྒྱུད་མངས་དཀྲོལ་བའི་ཟོལ་གྱིས་གྲོགས་མཛད་དེ། །
མ་རིག་སྲིད་པ་འཁོར་བའི་གཡུལ་ས་རུ། །
འཇམ་མཉེན་རོལ་མོའི་གདངས་ཀྱིས་འགེངས་པར་བྱས། །
མང་ཐོས་རི་རབ་རྩེ་རུ་བབས་པ་དང་། །
གནའ་དེང་མཁས་པའི་སྲང་དུ་འགྲིམས་བྱས་ནས། །
ལོག་སྨྲའི་ཁ་ཆར་འཐིབ་པའི་གངས་ཁྲོད་དུ། །
ལྟ་བའི་སྤོས་ཤེལ་གཙང་མ་ཁལ་གཅིག་ཕོག །
ཉེར་འཚེ་ཀྱོ་བ་འཕངས་པའི་རྒོལ་ལན་ཏུ། །
བྱམས་པའི་གཞུ་རྒྱུད་ཤུགས་ཀྱི་ལྷོད་པ་ཡིས། །
རྩོད་ངག་རལ་གྲིའི་འཁྲི་ཤིང་གཡོ་བ་དག །
གཡེང་བར་འཕྱན་པའི་རྟུགས་ཞུགས་ལེན་དགོས་བྱུང་། །
ཡུམ་གྱི་དྲན་པའི་གདུང་བ་རྒྱ་མཚོའི་གཟིངས། །
རླབས་ཀྱིས་ཡུན་རིང་སྒུལ་བས་བཟོད་དཀའ་ཡང་། །
སྲིད་པ་ལས་ཀྱི་འཁོར་ལོའི་ངང་ཚུལ་དུ། །
དགོངས་པ་དེ་ཡང་འགྲོ་བའི་དོན་གྱི་བསླད། །
མི་དབང་འཕྲིན་ལས་ནམ་མཁའི་ཀློང་ཡངས་ནས། །
དབུ་ཡི་རྒྱན་ཏུ་གསོལ་ཞེས་འཕྲིན་གྱི་རྟ། །
ཡང་ཡང་བཏང་མོད་དབེན་པའི་རྫ་ལུང་དག །
གྲོགས་སུ་བསྟེན་པ་ཁྱོད་ལས་སུ་ཡིས་ནུས། །
དེང་སང་མཐོང་ཐོས་རི་ཡི་ངོས་ཡངས་སུ། །
དྲེགས་པ་འགའ་ཞིག་རང་བརླ་ལྕག་བྲབ་ཀྱིས། །
རྟ་རྒྱུག་ཨ་ཐང་ཆད་པ་དེ་མཐོང་ན། །
འཁོས་ཆུང་གད་མོ་འཆོར་བའི་རྒྱུ་ཡང་འབྱུང་། །
ད་དུང་སྔོན་དགེ་ཆུ་མཚོ་ལས་སྐྱེས་པ། །
ལོངས་སྤྱོད་འཁོར་ལོ་རྐང་བ་དྲུག་པའི་ཚང་། །
རྡོལ་བ་བཞིན་གྱི་སྲིད་པའི་ཕུན་ཚོགས་ལ། །
འཁྱུད་དག་མཐོང་ན་ཁྱེད་ཉིད་གཅིག་པུ་དྲན། །