བོད་ཀྱི་དཔེ་ཆོས་ཀྱི་འདོད་ལུགས་སྐོར་ལ་དཔྱད་པ།

ཚེ་རིང་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


གླེང་གཞི།

དེ་ཡང་དུས་རབས་བཅུ་གཅིག་པའི་ནང་དུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་མོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་དངོས་སློབ་དང་། སྐུ་མཆེད་རྣམ་གསུམ་གྱི་ཡ་གྱལ་དུ་བགྲངས་པའི་དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་བྱང་ཆུབ་ལམ་གྱི་སྒྲོན་མའི་ནང་དོན་རྣམས་འཇིག་རྟེན་གྱི་དཔེ་དང་སྦྱར་ཏེ་སློབ་མའི་ཚོགས་ལ་ཁྲིད་གནང་མཛད་ཅིང་། གདུལ་བྱའི་བློ་ཁ་དང་འཚམས་པར་སློབ་བུ་མང་དུ་བསྐྱངས། ཕྱིས་སུ་དེ་ལ་པོ་ཏོ་བའི་དཔེ་ཆོས་ཞེས་མཚན་སྙན་གྱི་བ་དན་དགུང་དུ་གཡོ་ལ། ཁོང་གི་སློབ་བུ་དགེ་བཤེས་གྲབ་པ་དང་བྲག་དཀར། ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེ་བཅས་ཀྱིས་འགྲེལ་བ་རྒྱས་བསྡུས་འབྲིང་གསུམ་བཏབ་ཅིང་། དེ་དག་ལས་ཀྱང་ཀུན་ཏུ་གྲགས་ཆེ་བ་ནི་ལྕེ་སྒོམ་པའི་དཔེ་ཆོས་རིན་ཆེན་སྤུངས་པ་འདི་ཉིད་ལགས། དེ་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་དཔའ་རིས་སངས་རྒྱས་ཚང་ནས་དཔེ་ཆོས་ཞེས་པའི་བརྡ་ཆད་འདི་ཉིད་སླར་ཡང་བེད་སྤྱད་དེ། པོ་ཏོ་བའི་དཔེ་ཆོས་དང་རྒྱའི་ལུགས་ཀྱི་ཁྲེན་ཡེ་(成语)གཉིས་ཀ་སྦྲགས་ནས་དཔེ་ཆོས་ཚིག་མཛོད་ཅིག་བསྒྲིགས་བྱུང་། དེ་ལ་དཔེ་ཆོས་རྣ་བའི་བདུད་རྩི་ཞེས་གསོལ། དེ་ཡང་གཞུང་དོན་གྱི་ཆ་ནས་བོད་ཀྱི་དཔེ་ཆོས་སོ་སོར་རྒྱའི་ཁྲེན་ཡེ་(成语)རེ་རེ་ཤན་སྦྱར་མཛད་ཡོད་པས་ལོ་ཙཱ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། འདིར་གནའ་དེང་གི་མཁས་དབང་གཉིས་ཀས་དཔེ་ཆོས་ཞེས་པའི་བརྡ་ཆད་གཅིག་མཐུན་སྦྱར་ཡང་དོན་དུ་དཔེ་ཆོས་ལ་གོ་བ་ལེན་སྟངས་ཡན་གར་བ་རེ་རེ་ཡོད།

དང་པོ། དཔེ་ཆོས་རིན་ཆེན་སྤུངས་པའི་དཔེ་ཆོས་ཀྱི་

སྡེབ་སྒྲིག་དང་དེའི་འདོད་ལུགས།

1.སྡེབ་སྒྲིག

དཔེ་ཆོས་རིན་ཆེན་སྤུངས་སུ་སྡེབས་སྒྲིག་མཛད་པའི་པོ་ཏོ་བའི་དཔེ་ཆོས་དག་རྩ་བའི་ཆ་ནས་རིགས་ཆེན་པོ་གཉིས་སུ་སྣང་སྟེ། རིགས་དང་པོ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་དང་སྒྲིག་གཞི་སོགས་མེད་ཅིང་། ང་ཚོའི་འཚོ་བའི་ཁྲོད་ནས་མཐོང་ཆོས་སུ་གྱུར་པའི་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་འགྱུར་ལྡོག དེ་བཞིན་དངོས་པོའི་གནས་ལུགས་ཁོ་ན་སྟེ། ནམ་མཁའ་དང་འཇའ་ཚོན། སྤྲིན་དཀར་དང་ཉི་ཟླ། དེ་མིན་རྩྭ་རྩི་ཤིང་། བྱ་བྱེའུ་འབའ་འབུ། ས་རྡོ་རི་བྲག་ལ་སོགས་པར་དཔེ་དྲངས་ཡོད། དཔེར་ན།“རི་གཟར་ཞེས་པ་ནི། འོ་སྐོལ་གྱི་ཚེ་ལོས་འཛད་པ་ལྟ་བུ་སྟེ། ལོ་ཟླ་བས་ཟད། ཟླ་བ་ཉིན་ཞག་གིས་ཟད། ཉིན་ཞག་ཐང་ཅིག་དང་། སྐད་ཅིག་མས་ཟད་དེ། སྐད་ཅིག་མའི་རྒྱུན་ཁྲི་ལི་ལི་ཟད་པ་ནི། རི་གཟར་པོའི་ཁ་ནས་ཆུ་འབབ་པའམ།ནམ་མཁའི་གློག་ལས་ཀྱང་མྱུར་ཞིང་མགྱོགས་པར་འགྲོ”ཞེས་པ་ལྟར། ཆོས་དོན་ཟབ་མོ་དེ་དཔེ་རང་ག་བ་འདི་དག་དང་སྦྲགས་ནས་བརྗོད་ན། སྐྱེས་བུ་རབ་འབྲིང་ཐ་གསུམ་གང་ཡིན་ཡང་ཆོས་ཀྱི་དགོངས་པ་ཟབ་མོ་བློ་ལ་འཇུག་བདེ་བ་དང་། གོ་བ་དང་ངེས་ཤེས་གཏིང་ཟབ་མོར་སྐྱེས་པར་ཤིན་ཏུ་སྨན།

དཔེ་ཡི་རིགས་གཉིས་པ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་གསལ་ཞིང་འཆར་ཡན་ཕུན་སུམ་ཚོགས་པའི་དཔེ་ཡིན། དཔེ་དེ་དག་ལ་གཏམ་རྒྱུད་ཀྱི་བྱུང་རིམ་ཆ་ཚང་སྣང་ལ། དེའང་ནང་གསེས་སུ་ཕྱོགས་ཆེན་པོ་གཉིས་སུ་དབྱེ་ནས་བརྗོད་ན། དང་པོ་ནི་རྒྱ་གར་སངས་རྒྱས་ཀྱི་སྐྱེས་རབས་དང་མདོ་ལས་དྲངས་པ་ཡིན་ཏེ། དཔེར་ན།“དྲང་སྲོང་ཞེས་པ་ནི། དྲང་སྲོང་བཟོད་པའི་གཏམ་རྒྱུད་སྦྱར་ཡོད་དེ། དེ་ནི་མདོ་ལས་གསུངས་པའི་སྐྱེས་རབས་ཀྱི་ལེའུ་ཉེར་བརྒྱད་ལས་དྲངས་པའོ། །ཞེས་པ་ལྟར། དེ་བཞིན་དུ་དཔེ་ཆོས་རྟག་ཏུ་ངུ་དང་། སེང་གེ་བསད་འདྲ། བ་ལང་སྐྱོང་། ལུས་སྦྱིན་སོགས་ནི་མདོ་ལས་བྱུང་བའི་གཏམ་རྒྱུད་ཁོ་ན་ཡིན། རིགས་གཉིས་པར་གཏོགས་པའི་དཔེ་ཆོས་ནི་བོད་རང་གི་དམངས་ཁྲོད་དུ་ཁྱབ་ཅིང་རབ་རྟོག་དང་འཆར་ཡན་སོགས་སྒྱུ་རྩལ་གྱི་ལམ་ནས་བཟོས་པ་ཞིག་ཡིན་ཏེ། དཔེར་ན།“སྔགས་པ་ར་གསོད་ཅེས་པ་ནི། སྔགས་པ་ཞིག་ལ་ར་གཅིག་ཡོད་པས། དེ་བསད་དེ་ཚོགས་རྐྱེན་བྱ་སྙམ་སྟེ། རོ་འོག་ཏུ་བཅུག་ནས་གསུས་པའི་སྤུ་བཏོགས། ར་ཡིས་སླེ་སྒྲ་བཏབ་པས་ཁྱིམ་མཚེས་ཀྱིས་ཐོས་ཏེ་ཁང་ཐོག་ནས་བལྟས་པས། ཁ་སྐྱེངས་ནས་དེ་ཙམ་ཞིག་མ་བྱས་ན་འདི་རྩྭ་རང་ཡང་ཟ་རུ་མི་འདོད་ཀྱིས་ཟེར་ནས་བཏང་སྐད།”དཔེ་ཆོས་འདི་ཉིད་པོ་ཏོ་བ་རིན་ཆེན་གསལ་གྱིས་སྙིང་རྗེ་དང་མི་མཐུན་པའི་དཔེ་ལ་གསུངས་ཡོད། གཏམ་རྒྱུད་ཐོས་པ་ཙམ་ལས་འཇིག་རྟེན་གྱི་གནས་ལུགས་ཟབ་མོ་ཞིག་ཡིད་ལ་དབང་མེད་དུ་ངེས་ཐུབ་ལ། དེ་ལས་གཞན་ང་ཚོས་ཀྱང་དཔེ་ཆོས་ཀྱི་གཏམ་རྒྱུད་འདི་དག་བརྒྱུད་ནས་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་གནས་བབ། དེ་བཞིན་རིག་གནས་ཀྱི་བརྡ་འཕྲིན་མང་པོ་ཞིག་ངེས་ཐུབ།

2.དཔེ་ཆོས་ཀྱི་འདོད་ལུགས་དང་དེའི་ཞིབ་ཆ།

དཔེ་ཆོས་རིན་སྤུངས་སུ་སྡེབས་པའི་པོ་ཏོ་བའི་དཔེ་ཆོས་མཐའ་དག་ནི་དཔེ་ཁོ་ན་ཡིན་པ་དང་། ཕྱིས་སུ་བྱོན་པའི་མཁས་པ་རྣམ་པས་པོ་ཏོ་བའི་དཔེ་ཆོས་ལ་བཞག་པའི་སྒྲ་བཤད་ནི་འདི་ལྟ་སྟེ། ཨ་ཀྱཱ་ཡོངས་འཛིན་ཚང་གིས།“དཔེ་སྣ་ཚོགས་དང་སྦྱར་ནས་ཆོས་གསུངས་པའི་དཔེ་རྣམས་སློབ་མ་རྣམས་ཀྱིས་ལམ་རིམ་དང་སྦྱར་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པོ་ཏོ་བའི་དཔེ་ཆོས་ཞེས་བྱ་ཞེས་པ་ལས་མཐོང་ཐུབ་པར། དཔེ་ཆོས་ནི་རྗོད་བྱེད་དཔེ་ཡི་སྒོ་ནས་བརྗོད་བྱ་དམ་པའི་ཆོས་ལུགས་དེ་ཉིད་མཚོན་ལ། དཔེ་ཆོས་ཞེས་པའི་མཚན་ཡང་རྗོད་བྱེད་དཔེ་དང་བརྗོད་བྱ་ཆོས་གཉིས་གཞི་གཅིག་ཏུ་བསྡུས་པ་ལས་ཐོགས་པ་དང་། སྐབས་དེར་དཔེ་ཆོས་དང་དཔེ་ལ་ཞིབ་ཆ་བཏོད་མེད་པར་གཉིས་ཀ་དོན་གཅིག་ཏུ་གོ་བ་ལེན་བཞིན་ཡོད། དོན་དུ་དཔེ་ཆོས་ཞེས་པ་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཞིག་མཆིས་ཏེ། དཔེ་ཆོས་ཡིན་ན་དཔེ་ཡིན་པའི་ཁྱབ་པ་དང་། དཔེ་ཚང་མ་དཔེ་ཆོས་སུ་མི་འགྲོ་སྟེ། དཔེར་ན། དཔེ་ཆོས་རིན་སྤུངས་སུ་བསྡུས་པའི་དཔེ་ཆོས། ས་དང་ཟིལ་བ། མར་མེ་དང་རྩྭ་ཕུང་སོགས་དཔེ་རང་སྟེང་ནས་དོན་གྱི་སྙིང་བོ་ཅི་ཡང་མཚོན་མི་ཐུབ་པས་དེ་དག་དཔེ་ཡིན་མོད་དཔེ་ཆོས་སུ་མི་གཏོགས་པར་སྙམ།

གཉིས་པ། དཔེ་ཆོས་རྣ་བའི་བདུད་རྩིའི་དཔེ་ཆོས་ཀྱི་

སྡེབ་སྒྲིག་དང་དེའི་འདོད་ལུགས།

1.སྡེབ་སྒྲིག

དེ་ཡང་དཔེ་ཆོས་རྣ་བའི་བདུད་རྩི་ལ་མཚོན་ན། གཞུང་དངོས་སུ་བསྡོམས་པའི་དཔེ་ཆོས་ཉིས་སྟོང་ལྔ་བརྒྱ་ལྷག་འཁོད་ཡོད་མོད། མང་ཤོས་ནི་སྔོན་བྱུང་བསྟན་བཅོས་ལས་དྲངས་པའི་མཁས་པའི་ངག་གི་གསུང་སྒྲོས་ཡིན་ཏེ། ཚིག་སྣ་ཅུང་ཟད་བསྡུ་ཆེ་ཞིང་སྒྲིག་གཞི་གཏན་ཆགས་པའི་བདག་ཉིད་ཅན་ཞིག་ཡིན། དེའང་དཔའ་རིས་སངས་རྒྱས་ཚང་ནས་རྒྱའི་ཁྲེན་ཡེ་(成语)དང་དེའི་གཞུང་ལུགས་རྩ་བར་བཟུང་ནས་བོད་སྔ་རབས་ཀྱི་ཏུན་ཧོང་ཡིག་རྙིང་དང་རྣམ་ཐར། ཆོས་འབྱུང་། སྒྲུང་དང་རྟོགས་བརྗོད་སོགས་ལས་ཚིག་སྡུད་གཏན་ཆགས་ཅན་རྣམས་ཕྱོགས་གཅིག་ཏུ་སྡེབས་པ་སྟེ། དཔེར་ན། དཀའ་ལས་ཁག་པོ། རྐྱེན་ངན་བར་ཆད། སྐད་ཀྱི་གདངས་འདར། སྐྱིད་སྡུག་མཉམ་མྱོང་། སྐྱེ་རྒ་ན་འཆི། སྐྱོ་རོགས་བློ་ཐུབ་སོགས་ཚིག་མཛོད་ཀྱི་ཀ་སྡེ་གཅིག་པུར་འཁོད་པའི་དཔེ་ཆོས་བརྒྱ་ལྷག་ལས་བརྒྱ་ཆའི་བརྒྱད་ཅུ་ཙམ་ཚིག་སྡུད་འདི་རིགས་ཀྱིས་ཟིན་ཡོད་དེ། ཏུན་ཧོང་ཡིག་རྙིང་ལས་ཀྱང་འགའ་རེ་དྲངས་ཡོད་པ་འདི་ལྟ་སྟེ། དབོན་ཞང་རྡོ་རིང་ཤར་ངོས་ཀྱི་ཡི་གེ་ཐིག་ཕྲེང་ལྔ་བར། འཕྲུལ་གྱི་ལྷ་བཙན་པོ་འོད་ལྡེ་སྤུ་རྒྱལ། །ཡུལ་བྱུང་ས་དོད་ཚུན་ཆད་ཅེས་པའི་ཡུལ་བྱུང་ས་དོད་ལྟ་བུའི་ཚིག་སྡུད་འདི་འདྲ་བ་ཡང་དཔེ་ཆོས་སུ་འདོད་པ་དང་ད་དུང་རྒྱའི་ཁྲེན་ཡེ་开天辟地ཞེས་པ་ཤན་སྦྱར་དུ་མཛད་པ་ལྟ་བུ། འོ་ན་ཚིག་སྡུད་འདི་དག་དཔེ་ཆོས་ཚིག་མཛོད་དུ་དྲངས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དཔའ་རིས་སངས་རྒྱས་ཉིད་ཀྱིས་བོད་རང་གི་དཔེ་ཆོས་དང་རྒྱའི་ཁྲེན་ཡེ་(成语)གཞི་གཅིག་ཏུ་སྦྱར་བའི་རྐྱེན་ལ་རག་ལས་ཞིང་། དེའང་རྒྱའི་ཁྲེན་ཡེ་ཞེས་པ་ལ། རྒྱ་རིགས་ཀྱི་ཚིག་མཛོད་ཆེན་མོ་ནས། “དུས་ཡུན་རིང་པོའི་ཁྲོད་མི་རྣམས་ཀྱིས་དུས་རྒྱུན་དུ་བེད་སྤྱོད་གཏོང་པ་དང་། སྒྲིག་གཞི་དག་ཅིང་དོན་གྱིས་ཕྱུག་པའི་མིང་གི་ཚོགས་པ་དང་ཚིག་དུམ་གཏན་ཆགས་ཅན་ལ་བྱ། རྒྱ་ཡི་ཁྲེན་ཡེ་(成语)མང་ཤོས་སྒྲ་ཚིགས་བཞི་རུ་སྣང་། འགའ་ཞིག་ཚིག་ངོས་ནས་གོ་བ་ལེན་པ་དང་འགའ་རེ་ནི་དེ་འབྲེལ་གྱི་གཏམ་རྒྱུད་བརྒྱུད་ནས་བརྗོད་དོན་རྟོགས་དགོས།”ཞེས་པ་ལྟར། ཁོང་གི་དཔེ་ཆོས་ལ་ངོས་འཛིན་སྐབས་རྒྱའི་ཁྲེན་ཡེ་(成语)རིག་པ་ལ་གཞིགས་ཏེ། བོད་ཀྱི་བསྟན་བཅོས་སོ་སོ་ནས་སྒྲ་ཚིགས་བཞི་རུ་སྣང་ཞིང་། ཁྲེན་ཡེ་(成语)དང་ཆ་འདྲ་བའི་ཚིག་སྡུད་རྣམས་ཕྱོགས་གཅིག་ཏུ་བསྡུས་ཡོད།

2.དཔེ་ཆོས་ཀྱི་འདོད་ལུགས་དང་དེའི་ཞིབ་ཆ།

དཔའ་རིས་སངས་རྒྱས་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་དཔེ་ཆོས་ཚིག་མཛོད་ཀྱི་གླེང་གཞི་ནས་དཔེ་ཆོས་ལ་སྒྲ་བཤད་འདི་ལྟར་གནང་ཡོད་དེ། དཔེ་ཆོས་ནི་དཔེའི་སྒོ་ནས་བརྗོད་བྱའི་ཆོས་ཀྱི་དོན་སྟོན་པའི་ཚིག་ཐུང་ངུ་གཏན་ཆགས་པ་ཞིག་ཡིན།”ཞེས་པ་ལས། ཁ་ཅིག་གིས་སྒྲ་བཤད་འདི་ཉིད་པོ་ཏོ་བའི་དཔེ་ཆོས་ལ་བཞག་པའི་སྒྲ་བཤད་དང་ཅུང་ཟད་ཐོད་ཐུག་མོད། ཚིག་མཛོད་དུ་བཀོད་པའི་དཔེ་ཆོས་མང་དག་ཅིག་རྒྱའི་ཁྲེན་ཡེ་(成语)དང་འདྲ་བར་དཔེ་ཅི་ཡང་མེད་པའི་ཚིག་སྡུད་ཁོ་ན་ཡིན་པས། ཁོང་ཉིད་ཀྱིས་དཔེ་ཆོས་མཚན་ཉིད་པ་དང་དཔེ་ཆོས་ཙམ་ལ་ཞིབ་ཆ་ཞིག་ཕྱེས་ཡོད་དེ། ཐོག་མའི་སྒྲ་བཤད་དངོས་དང་མཐུན་པའི་དཔེ་ཆོས་ནི་དཔེ་ཆོས་མཚན་ཉིད་པར་འདོད་ཅིང་། དཔེ་ཆོས་འདི་དག་གི་དཔེ་མིང་ཐོས་པ་ཙམ་ལས་བརྗོད་བྱའི་དོན་སྟོན་ཞིང་གབ་ཆོས་སེམས་ལ་ལྷང་ངེར་འཇགས་ཐུབ་པ་སྟེ། དེ་དག་མང་ཤོས་ཤིག་དཔེ་ཆོས་རིན་སྤུངས་ལས་དྲངས་པ་ཡིན། གཞན་དཔེ་ཆོས་ཙམ་ཞེས་པ་ནི་དཔེ་ཅི་ཡང་མེད་པའི་ཚིག་སྡུད་དེ་དག་ལ་བྱ། དཔེ་ཆོས་ཙམ་ཞེས་པ་འདི་དག་རྒྱའི་ཁྲེན་ཡེ་(成语)ལུགས་དང་མཐུན་པར་བོད་ཀྱི་སྔོན་བྱོན་མཁས་པས་བརྩམས་པའི་བསྟན་བཅོས་གྲགས་ཅན་ལས་བཏུས་པའི་ཚིག་གི་སྡུད་པ་ལ་བྱ། གཞན་ཡང་ཁོང་ཉིད་ཀྱི་གསུང་དངོས་ལས།“བོད་ཀྱི་དཔེ་ཆོས་མཐའ་དག་ལ་ཚིག་ངོས་ན་དཔེ་འཛོམས་དགོས་པའི་ངེས་པ་མེད་དེ། རྒྱའི་ཁྲེན་ཡེ་ཟེར་བའང་དེ་བཞིན་དུ་དཔེ་མེད་པ་ཤིན་ཏུ་མང་།”ཞེས་སོགས། མདོར་ན་ཁོང་ཉིད་ནས་བོད་ཀྱི་དཔེ་ཆོས་དང་རྒྱའི་ཁྲེན་ཡེ་གཞི་མཐུན་དུ་འདོད་པའོ། །

3.དཔེ་ཆོས་ཀྱི་འདོད་ལུགས་སོ་སོའི་དཔྱད་བསྡུར་དང་མཐའ་དཔྱོད།

པོ་ཏོ་བའི་དཔེ་ཆོས་ནི་སློབ་ཁྲིད་ཀྱི་དགོས་མཁོ་ལས་བྱུང་བ་དང་། དཔེ་ཆོས་ཞེས་པ་ལས་དཔེ་ནི་དོན་གྱི་གནས་ལུགས་གསལ་བྱེད་དམ་མཚོན་བྱེད་ལ་གོ་བ་དང་ཆོས་ནི་དམ་པའི་ཆོས་ལུགས་ལ་གོ དཔེ་དང་དཔེ་ཆོས་གཉིས་ཀ་དབྱེར་མེད་པར་ངོ་བོ་གཅིག་ཏུ་བཞག་ཡོད། དཔེ་ཆོས་རྣ་བའི་བདུད་རྩི་དེ་དཔེ་ཆོས་རིན་སྤུངས་དང་བསྡུར་ན་དཔེ་ཆོས་དང་དཔེ་ཡི་ཞིབ་ཆ་ཕྱེས་ཡོད་པ་དང་། དཔེ་ཆོས་ལ་ཡང་སྒྲ་བཤད་འཐུས་ཚང་ཞིག་བཞག་ཡོད། དཔའ་རིས་སངས་རྒྱས་ཁོང་ཚང་གིས་སྲོལ་རྒྱུན་གྱི་པོ་ཏོ་བའི་དཔེ་ཆོས་ལ་འཛིན་སྐྱོང་སྤེལ་གསུམ་གནང་ཞིང་། ཐོག་མར་པོ་ཏོ་བའི་དཔེ་ཆོས་དེ་ཉིད་ལ་ཁུངས་བཟུང་། ཕྱིས་སྒྲ་བཤད་དང་འདོད་ལུགས་ལ་ཉམས་ཞིབ་ཟབ་མོ་མཛད་ཐོག རྒྱའི་ཁྲེན་ཡེ་(成语)གཞུང་ལུགས་དང་རིག་པས་ཟུར་གྱིས་སྤྲས་ཏེ་དཔེ་ཆོས་ཀྱི་རིག་པ་དང་འགྲེལ་ལུགས་ལ་ཁ་སྣོན་མང་དུ་བྱས་པས་དཔེ་ཆོས་ཀྱི་འདོད་ལུགས་ཀྱང་སྲོལ་རྒྱུན་གྱི་དགོངས་དོན་ལས་འདའ་ཡོད་ལ། དེའང་དཔེ་ཆོས་ནི་དཔེ་དང་གཏམ་རྒྱུད་ཀྱིས་གཏམས་པ། ཆོས་ཀྱི་དགོངས་པ་ཁོ་ན་སྟོན་བྱེད་ཅིག་མིན་པར་མཁས་པའི་ངག་གི་གསུང་སྒྲོས་དང་དཔེའི་སྒོ་ནས་བརྗོད་བྱའི་ཆོས་ཀྱི་དོན་སྟོན་པའི་ཚིག་ཐུང་ངུ་གཏན་ཆགས་པ་ཐ་དག་ལ་ངོས་འཛིན་ཡོད། དེའང་དཔེ་རང་སྟེང་ནས་རྒྱབ་ལྗོངས་སམ་བརྗོད་བྱ་སྟོན་ཐུབ་པ་དང་དཔེ་མེད་པ་དག་ནི་མཁས་པའི་ངག་གི་གསུང་སྒྲོས་ཏེ། ཚིག་གི་སྡེབ་ལེགས་ཤིང་སྒྲིག་གཞི་གཏན་ཆགས་པའི་ཚིག་དུམ་ཐུང་ངུ་ཞིག་ལ་གོ་དགོས་ཤིང་། རྒྱའི་ཁྲེན་ཡེ་(成语)དང་འདྲ་བར་སྒྲ་ཚིགས་བཞི་རུ་སྣང་བའི་ཚིག་སྡུད་དག་ཡིན། དཔེ་ཆོས་ཀྱི་འདོད་ལུགས་ལ་འགྱུར་བ་བྱུང་བ་དེ་ཡང་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་ལས་བྱུང་ཞིང་དུས་ཀྱི་འགྱུར་ལྡོག་ཁྲོད་དུ་བྱུང་བའི་སྐད་བརྡ་རིག་པའི་སྣང་ཚུལ་སྤྱིར་བཏང་བ་ཞིག་ཡིན་པར་སྙམ།

4.དཔེ་ཆོས་ཞེས་པའི་བརྡ་ཆད་ཀྱི་ལོ་ཙཱ།

མིག་སྔར་བོད་ཀྱི་དཔེ་ཆོས་ཞེས་པའི་བརྡ་ཆད་འདི་ཉིད་ལ་རྒྱ་འགྱུར་ཁ་ཤས་མཆིས་མོད། ནང་གསེས་སུ་རེ་རེ་བཞིན་བཀོད་ན། རྒྱའི་སྐད་བརྡ་རིག་པའི་མཁས་པ་མ་ཞའེ་ལང་(马学良)གིས་པོ་ཏོ་བའི་དཔེ་ཆོས་ལ“喻法”ལྟ་བུ་བསྒྱུར་གནང་མཛད་ཡོད་དེ། དེ་ནི་དཔེ་ཆོས་ཞེས་པ་ཐད་ཀ་ཐད་སོར་ངང་། དཔེ་ནི“喻”དང་ཆོས་ནི“法”ལྟར་བསྒྱུར་པ་ལས་བྱུང་བ་ཡིན། ཡང་ཁ་ཅིག་གིས་དཔེ་ཆོས་ཀྱི་སྣང་བརྙན་དང་གཏམ་རྒྱུད་ཀྱི་བྱུང་རིམ་སོགས་ལ་གཞིགས་ཏེ། རྩོམ་རིག་དང་སྒྱུ་རྩལ་གྱི་རིན་ཐང་ཆེས་ཆེར་མངོན་པར་བསམ་ནས་དེ་ཉིད་“寓言”ལྟ་བུ་བསྒྱུར་ཡོད། གཞན་དཔའ་རིས་སངས་རྒྱས་ལགས་ཀྱིས་རྒྱའི་“成语”ཞེས་སྦྱར་ཡོད། དེའང་རང་ཉིད་ཀྱི་ཞིབ་འཇུག་གི་ཟུར་ངོས་མི་འདྲ་བས་བརྡ་ཆད་ཤན་སྦྱར་མཛད་པའང་ཐ་དད་དུ་བྱུང་བ་ཡིན་ལ། དཔའ་རིས་སངས་རྒྱས་ནི་བརྡ་སྤྲོད་ལ་ཤིན་ཏུ་མཁས་ཤིང་། རྗོད་བྱེད་ཚིག་གི་སྦྱོར་བ་དང་སྒྲིག་གཞིའི་ཐད་ནས་དཔེ་ཆོས་ལ་ཉམས་ཞིབ་མཛད་པ་ཡིན་པས། རྒྱའི་ཁྲེན་ཡེ་(成语)དང་དཔེ་ཆོས་གཉིས་ཀ་གཞི་གཅིག་ཏུ་སྦྱར་བའི་རྩ་བ་ཡིན་པར་སྙམ། དེ་ཡང་བརྡ་ཆད་གཉིས་ཀ་གཞི་གཅིག་ཏུ་སྦྱར་བ་ལ་རྒྱུ་མཚན་ངེས་ཅན་ཞིག་མཆིས་ཏེ། གཅིག་ནས་རང་རེའི་བོད་ལ་ཁྲེན་ཡེ་(成语)དང་འདྲ་བའི་ཚིག་སྡུད་མང་པོ་ཡོད་མོད། གཞུང་ལུགས་འཐུས་ཚང་དང་བརྡ་ཆད་ཡན་གར་བ་ཞིག་མེད་པས་རིག་གནས་གསར་པའི་ནང་འདྲེན་གྱི་ཀུན་སློང་གཙང་མས་ཀུན་ནས་གཡོས་ཏེ་མཉམ་གཅིག་ཏུ་སྦྱར་པར་འདོད། གཉིས་ནས་རྒྱ་བོད་ལོ་ཙཱའི་དགོས་མཁོ་ལ་དམིགས་ནས་བརྡ་ཆད་གཉིས་ཀ་ཡིན་ཁྱབ་མཉམ་དུ་མཛད་པ་ཞིག་སྟེ། ད་ལྟའི་ཚེ་ལ་འཛམ་གླིང་ཧྲིལ་པོའི་རིག་གནས་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་ཞིང་། རྒྱལ་ཁབ་དང་མི་རིགས་སོ་སོའི་བར་ལ་རིག་གནས་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པའི་ཚ་རླབས་ཤིག་དྲག་ཏུ་འཕྱུར་པས། ཁོང་ཉིད་ཀྱིས་རྒྱ་བོད་རིག་གནས་འབྲེལ་འདྲིས་དང་ལོ་ཙཱའི་བྱ་བཞག་ལ་རམ་འདེགས་གཏོང་ཆེད་ཚིག་མཛོད་འདི་ཉིད་བསྒྲིགས་པ་ཡིན།

མཇུག་སྡུད་པ།

མདོར་ན། དཔེ་ཆོས་རིན་ཆེན་སྤུངས་པར་སྡེབས་པའི་པོ་ཏོ་བའི་དཔེ་ཆོས་དང་དཔེ་ཆོས་རྣ་བའི་བདུད་རྩིར་བཅུག་པའི་དཔེ་ཆོས་ལ་ཁྱད་པར་ཆེན་པོ་ཡོད་པ་གོང་ནས་བརྗོད་ཟིན་པར། དཔེ་ཆོས་གཉིས་ཀ་ཡུག་གཅིག་ཏུ་བསྲེས་མི་རུང་བར། སྲོལ་རྒྱུན་དང་དེང་རབས་ཀྱི་ཆ་ཕྱོགས་སོ་སོ་ནས་གླེང་དགོས་པའི་ཞིབ་ཆ་ལ་དོ་སྣང་མཛད་དགོས་སྙམ་བྱུང་། དེ་ཡང་ང་ཚོས་ཐོག་མར་དཔེ་ཆོས་ཀྱི་ཁྱབ་ཁོངས་ལ་ངོས་འཛིན་དང་རྒྱུས་ལོན། དཔེ་ཆོས་ཀྱི་འདོད་ལུགས་སོ་སོའི་ཞིབ་ཆ་ལ་ཉམས་ཞིབ་ཏན་ཏིག་བྱས་ཐོག དཔེ་ཆོས་ཀྱི་བེད་སྤྱོད་སོགས་ལ་བསྟུན་པ་བསྐྱེད་དགོས་ཤིང་། ལྷག་པར་ཏུ་དཔའ་རིས་སངས་རྒྱས་ལགས་ནས་པོ་ཏོ་བའི་དཔེ་ཆོས་ལ་གཟིགས་ཏེ། རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པར། སྲོལ་རྒྱུན་དཔེ་ཆོས་ཀྱི་རིག་གནས་ལ་ཁ་གསབ་དང་འགྲེལ་བཤད་གསར་པ་གནང་ཡོད་པ་འདི་ལ་འུ་ཅག་གིས་འགྲིག་མིན་གྱི་ཁ་ཚོན་སྔ་ནས་མི་གཅོད་པར། ཁོང་ཉིད་ཀྱི་ཞིབ་འཇུག་ཐབས་ལམ་དང་བསམ་གཞིགས་གཏོང་ལུགས་གསར་བ་སོགས་ལས་ཉམས་མྱོང་དྭངས་མ་ལེན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཞིག་ཏུ་འདོད་དོ། །  

◆ ཚེ་རིང་རྡོ་རྗེ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་2016ལོའི་ཞིབ་འཇུག་སློབ་མ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1