བོན་གྱི་བཀའ་བརྟེན་ཁྲོད་ཀྱི་གཏེར་དཔེ་ཡི་གོ་བབ་ལ་དཔྱད་པ།

བསོད་ནམས་གཡུང་དྲུང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


དང་པོ། བོན་གཏེར་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་དུས་རིམ།

བསྟན་བཅོས་གཏེར་དུ་སྦས་པ་ནི་འཇིག་མེད་གླིང་པའི་《 གློལ་ཐིག་དབང་རྣམ།》 དུ་ཆོས་གཏེར་དུ་སྦས་པ་ལ་དམ་ཆོས་མི་ནུབ་པ་དང་། གདམས་ངག་མི་འཆུག་པ་དང་། བྱིན་རླབས་མི་ཡལ་བ་དང་། བརྒྱུད་ཐག་ཉེ་བ་སྟེ་དགོས་པ་ཆེན་པོ་བཞི་ཡོད་ཅེས་གསུངས་ཡོད། བོན་གྱི་བསྟན་བཅོས་གཏེར་དུ་སྦས་པའི་རྒྱུ་མཚན་ཡང་གོང་གི་དགོས་པ་དེ་བཞི་ལས་མ་འདས། དེ་བཞི་ལས་ཀྱང་དམ་ཆོས་མི་ནུབ་པའི་ཆེད་དུ་ཡིན་པས་བོན་གྱི་བསྟན་བཅོས་མང་པོ་གཏེར་དུ་སྦས་ཐེངས་རེ་རེའི་དུས་རིམ་དུ་ལོ་རྒྱུས་ཀྱི་དོན་རྐྱེན་རེ་ཡོད་པ་ནི་སྨོས་མ་དགོས། བོན་གྱི་ལོ་རྒྱུས་ཡིག་ཆ་ལྟར་ན་བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་དུས་སུ་དེ་དུས་རྒྱལ་པོ་དང་གཤེན་པོ་རྣམས་སོ་སོ་ནས་དབང་ཆེ་སྟེ། ཆེ་གཉིས་དབང་གིས་མེ་འབར་བ་ལ། ཆུང་གསུམ་ཕྲ་མའི་ཤིང་བསྣན་ཞེས་སྐབས་དེའི་བློན་པོ་ལི་བ་བཙན་བྱ་བ་དང་། རྒྱ་གར་གྱི་བཎྡེ་རཏྞ་སིངྔྷི། གཞན་བློན་པོ་ཟིང་པ་རད་གསུམ་གྱིས་རྒྱལ་པོ་གྲི་གུམ་བཙན་པོ་ལ་གཡུང་དྲུང་བོན་ནི་རྒྱ་ཆེ་གཏིང་ཟབ་པས་ཤེས་པའི་དུས་མ་ཡོང་བ་དང་བོན་གཤེན་རྣམས་ཀྱི་སྟོབས་ཤུགས་མུ་འཐུད་དུ་ཆེ་རུ་སོང་ན་ནམ་ཞིག་ཁྱོད་ཀྱི་རྒྱལ་སྲིད་འཕྲོག་ཉེན་ཆེ་ཚུལ་གྱི་ཕྲ་མ་བྱས་ཏེ་རྒྱལ་པོ་གྲི་གུམ་བཙན་པོས་ཡུལ་འདིར་ང་ཡི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་མི་ཤོང་པས་ཁོ་བོའི་རྒྱལ་ཁམས་སུ་བོན་བྱེད་མི་ཆོག་པའི་བཀའ་ཕབ་པ་རེད། དོན་དུ་རྒྱ་གར་གྱི་བཎྡེ་རཏྞ་སིངྔྷི་ནི་རྒྱ་གར་ནས་བོད་དུ་ཡོང་བའི་ཆོས་སྤེལ་མཁན་ཐོག་མ་ཡིན་ལ། སྐབས་དེར་བོད་ལ་ཆོས་ཀྱང་ཟུར་ཙམ་དེ་རུ་བྱུང་ཚུལ་ཡོད་པ་མ་ཟད་རྒྱལ་པོ་སྤུ་ལྡེ་གོང་རྒྱལ་ལ་ཆུང་དུས་སུ་ཤཱཀྱ་ཡག་པ་ཞེས་པའི་ཆོས་མཚན་ཞིག་ཀྱང་བཏགས་ཡོད། དུས་དེར་བོན་གཤེན་རྣམས་ཀྱིས་བོན་གྱི་རིག་གཞུང་དུས་གཏན་ཏུ་མི་ནུབ་པའི་ཆེད་དུ་བསྟན་བཅོས་རྣམས་བོན་ཐམས་ཅད་རིན་པོ་ཆེའི་གཏེར་དུ་སྦས། ས་རྟགས་མཚན་དང་ལྡན་པ་འབྲི་མཚམས་མཐའ་དཀར་ལ་སྦས་སོ་ཞེས་བོན་གྱི་བསྟན་བཅོས་གཏེར་དུ་སྦས་པའི་ལོ་རྒྱུས་ཐོག་མ་བྱུང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཡང་བསྐྱར་བོན་གྱི་བསྟན་པ་ལ་ཆག་སྒོ་བྱུང་སྟེ་བོན་གྱི་བསྟན་བཅོས་མང་པོ་གཏེར་དུ་སྦས་ཡོད། དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་བོད་ལ་ཐུབ་བསྟན་རིག་གནས་ཕོན་ཆེན་པོ་ནང་འདྲེན་བྱས་ཏེ་གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད་དེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཐུབ་བསྟན་རིག་གནས་ཀྱི་མ་ལག་ཆ་ཚང་བ་ཞིག་བོད་ལ་བྱུང་བར་མ་ཟད་རྒྱ་གར་གྱི་མཁས་པ་དང་ལོ་ཙཱ་བ་མང་པོ་གདན་དྲངས། ད་དུང་དགོན་པ་དང་ལྷ་ཁང་མང་དུ་བཞེངས་པ་སོགས་སྐབས་དེའི་རྒྱལ་བློན་རྣམས་ཀྱིས་ཀྱང་ཐུབ་བསྟན་རིག་གནས་སྤེལ་བ་ལ་རྒྱབ་སྐྱོར་ཚད་མེད་བྱས་ཏེ་བོན་གྱི་བསྟན་པ་སྤེལ་བར་རྡུང་རྡེག་དྲག་པོ་བཏང་བའི་རྒྱབ་ལྗོངས་འོག་བོན་གྱི་བསྟན་བཅོས་གཏེར་དུ་སྦས་པའི་ལོ་རྒྱུས་ཐེངས་གཉིས་པ་བྱུང་། བོན་གྱི་བསྟན་བཅོས་གཏེར་དུ་སྦས་པའི་དུས་རིམ་གྱི་ཐད་ནས་ཀྱང་གཙོ་བོ་བོན་གྱི་བསྟན་པར་སྔ་དར། བར་དར། ཕྱི་དར་ཡོད་པའི་བབ་དང་བསྟུན་དགོས་ལ། སྔ་དར་ནི་བོན་བསྟན་བྱུང་བ་ནས་རྒྱལ་པོ་གྲི་གུམ་བར་ཡིན། བར་དར་ནི་རྒྱལ་པོ་པུ་དེ་གུང་རྒྱལ་ནས་ཁྲི་སྲོང་ལྡེའུ་བཙན་སྐབས་ཡིན། ཕྱི་དར་ནི་བོད་ཀྱི་བསྟན་པ་ཕྱི་དར་དང་དུས་མཉམ། དེའི་ནང་ནས་ཀྱང་གྲི་གུམ་བཙན་པོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས་སུ་བོན་གྱི་བསྟན་བཅོས་མང་པོ་གཏེར་དུ་སྦས་ཡོད་པ་ནི་བོན་གྱི་ལོ་རྒྱུས་ཡོངས་གྲགས་ཡིན།

གཉིས། བོན་གཏེར་གྱི་རིགས་དང་དབྱེ་བ།

བོན་གྱི་གཏེར་དཔེ་ནི་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་འོག་བོན་གྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆེད་དུ་བྱུང་བ་ཡིན། དེ་ནི་མི་གང་རུང་ཞིག་གིས་གང་འདོད་དུ་གཏེར་དུ་སྦས་པ་མ་ཡིན་ལ་གཏེར་ལས་འདོན་དུས་ཀྱང་ཆོ་ག་དང་གོ་རིམ་ཡོད་པའི་སྒོ་ནས་གཏེར་ལས་བཏོན་ཡོད་པ་ཞིག་རེད། ཀྱེ་ཀྱེ་སློབ་དཔོན་ཆེན་པོ་ལགས། བོན་རྣམས་གཏེར་དུ་སྦས་ན། ས་གནས་གང་དུ་བོན་རྣམས་ཅི་ལྟར་སྦེད། སྦས་པ་རྣམས་ཕྱིས་བོན་གྱི་བསྟན་པ་ཚུགས་པར་འགྱུར་རམ་མི་འགྱུར་ཞེས་ཞུས་པས། སློབ་དཔོན་གྱི་གསུང་ནས་འདུ་གནས་ལ་སོགས་པ་རྟགས་ཅན་རྣམས་སུ་བོན་སྡེ་ཆ་ཚང་བ་བཀའ་རྒྱ་དང་བཅས་པ། བཀའ་སྲུང་ལ་བཅོལ་དམ་བྱས་ལ་སྦེད་དགོས་པ་དང་བསྟན་པ་རིན་པོ་ཆེའི་བོན་རྣམས་གཏེར་དུ་སྦས་སོ། གཏེར་སྲུང་ཡུམ་སྲས་ལ་སོགས། བཀའ་སྐྱོང་རྣམས་གཏེར་བདག་དུ་གཏད། ཤེལ་དང་བཀའ་རྟགས་རྒྱ་ཡིས་བཏབ། ཕྱི་རབས་གཤེན་པོ་རྣམས་ཀྱི་དོན་དུ་ནི། རིག་འཛིན་ཀུན་གྱིས་སྨོན་ལམ་བཏབ་ཅེས་སྐལ་ལྡན་རྗེས་འཇུག་དག་གིས་རྙེད་སླ་བའི་ཆེད་དུ་བོན་གྱི་འདུ་གནས་དང་མཆོད་རྟེན་སོགས་རྟགས་དང་མཚན་མ་ཡོད་པའི་གནས་སར་སྦས་པ་དང་ས་ཆུ་མེ་རླུང་གི་འཇིག་པ་ཟློག་ཆེད་དུ་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་གདམས་ངག་ཟབ་མོར་བརྟེན་ནས་བོན་སྐྱོང་དང་སྲུང་མ་དག་གཏེར་སྲུང་དུ་བསྐོས་ཏེ་བོན་གཏེར་རྣམས་སྐྱེས་བུ་ལས་འཕྲོ་ཅན་རྣམས་དང་འཕྲད་དེ་སྤང་ནས་མེ་ཏོག་བརྡོལ་བ་ལྟར་ཤོག་ཅེས་སྨོན་ལམ་དང་བཅས་བཀའ་རྟགས་ཀྱིས་རྒྱ་བཏབ་ནས་གཏེར་དུ་སྦས། གཞན་གཏེར་འདི་དྲངས་མི་ཡིས་གཏེར་སྲུང་ལ་ལུག་ནག་ཅིག་མཆོད་པར་ཕུལ་ལ། གཏེར་ཁུང་དུ་རིན་པོ་ཆེ་སྣ་ལྔ་ཡི་བུམ་གཏེར་ཞོག ཁ་རུ་གསས་མཁར་རྩིགས་ལ་གསོལ་མཆོད་གྱིས། བོན་འདི་ལ་གང་སྤྱོད་པར་བཀྲ་ཤིས་ཤོག” ཅེས་སྐལ་ལྡན་ལས་འཕྲོ་ཅན་རྣམས་ཀྱིས་གཏེར་བཞེས་དུས་ཀྱང་གཏེར་སྲུང་ལ་མཆོད་པ་ཕུལ་བ་དང་ཤུལ་དུ་རིན་པོ་ཆེ་སྣ་ལྔའི་བུམ་གཏེར་འཇོག་པ་སོགས་བྱེད་དགོས། གཞན་བོན་གཏེར་ལ་རིགས་དང་དབྱེ་བ་ཡོད་པའི་སྒོ་ནས་སྦས་ཡོད་ལ། བཙན་པོ་གྲི་གུམ་གྱི་སྐབས་སུ་བོན་གྱི་བསྟན་བཅོས་གཏེར་དུ་སྦས་པའི་ལོ་རྒྱུས་ཐོག་མ་བྱུང་མོད་དེ་ལ་གཤེན་པོ་རྣམས་ལྷོ་བལ་མོན་གྱི་ཡུལ་དུ་བསྟན་པ་འཛུགས་པར་དགོངས་ནས་གཙང་སྟོད་བྱི་བ་མཁར་ནས་ཆས་ཏེ་གཤེགས་སོ། བསྟན་པ་མི་ཚུགས་པའི་རྟགས་བྱུང་སྟེ་ནམ་མཁའ་ལ་སྒྲ་མི་སྙན་པ་དང་། ཁ་བ་བུ་ཡུག་རླུང་དམར་ལ་སོགས་བྱུང་ནས་རྣིལ་མཚོ་རྡེའུ་མགུལ་ནས་སླར་ལོག་སྟེ། བོན་ཐམས་ཆད་གཏེར་དུ་སྦས་ཏེ་ས་རྟགས་མཚན་དང་ལྡན་པ་འབྲི་མཚམས་མཐའ་དཀར་ལ་སྦས། དྲན་པ་དང་ཡོ་ཆས་ཡར་ལུང་རམ་པོ་དཔལ་རི་ལ་སྦས། དམུ་ཙ་དང་ར་སངས་ཁོད་རམ་གཉིས་ཀྱིས་བྱང་འབྲོག་ཏུ་བྱོན་ཏེ་ཟང་ཟང་ལྷ་བྲག་དང་ར་ཁྱུང་རྫོང་། རྒྱུ་སྲུབ་གསང་བའི་བྲག་ལ་སྦས། དེ་ལྟར་བོན་རྣམས་རིན་པོའི་གཏེར་དུ་སྦས་ནས་གཤེན་པོ་རྣམས་སུམ་པ་གླང་གི་གྱིམ་ཤོད་ནས་མར་ཆས་ཞེས་ས་ཆ་གང་དག་སྦས་པའི་ས་མིང་ཁོ་ན་ལས་རིགས་དང་དབྱེ་བ་གསལ་པོར་མ་མཆིས་ཀྱང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བོན་གཏེར་ལ་དེར་མཐུ་བོ་ཆེ་མི་དགུ་དང་དྲན་པ་ལ་སོགས་ཀྱིས་གླང་ལོ་དཔྱིད་ཟླ་ར་བའི་གདུགས་ལ་བོན་རྣམས་སྡེ་ཚན་སོ་སོར་ཕྱེས་ནས། རྒྱལ་པོ་བཞི། བློན་པོ་སུམ་ཅུ་རྩ་བདུན། གཏེར་གྱི་ཡང་བློན་ཆེན་པོ་གཅིག ཁྱད་པར་དུ་གསང་གཏེར་ཆེ་བ་ལྔ། དེའི་ལྷག་མ་རྣམས་ནི་གཏེར་གྱི་འབངས་སུ་ཤེས་པར་བྱའོ་ཞེས་བཀའ་དང་བསྟན་བཅོས་གཏེར་ལ་སྦས་སྐབས་དེར་རིགས་གསལ་པོར་བཀོད་ཡོད་པ་མ་ཟད་རིགས་དེ་དག་ས་ཆ་གང་དུ་ཡོད་པའི་དབྱེ་བའང་གསལ་པོར་ཕྱེས་ཡོད། དེ་ལྟར་བཀའ་དང་བསྟན་བཅོས་གཏེར་ལ་སྦས་སྐབས་རིགས་དང་དབྱེ་བ་གསལ་པོ་བྱུང་ཡོད་པར་མ་ཟད། བོན་གྱི་བསྟན་བཅོས་གཏེར་ལས་བཞེས་སྐབས་དེར་ཡང་རིགས་དང་དབྱེ་བ་གཞན་ཞིག་བྱུང་ཡོད་ལ། “གཏེར་སྟོན་རྣམས་ཀྱིས་གཏེར་ཇི་ལྟར་དྲང་ཚུལ། དེ་དག་ལྷོ་བྱང་དབུས་དང་ཁམས་གཏེར་གཏེར་གསར་གྱི་ཁོངས་སུ་བསྡུའོ་” ཞེས་གཏེར་སྟོན་པ་རྣམས་ཀྱིས་བཏོན་པའི་གཏེར་དཔེ་ལ་རིགས་ཆེ་བ་ལྔ་ཡོད། དེ་དག་ནི་བྱང་གཏེར། ལྷོ་གཏེར་དང་དབུས་གཏེར། ཁམས་གཏེར། གཏེར་གསར་བཅས་ཡིན་ལ། དེ་དག་དུ་བསྟན་བཅོས་གང་དག་ཡོད་པ་སོགས་ཀྱི་དབྱེ་བའང་གསལ་པོར་ཕྱེས་ཡོད།

གསུམ། གཏེར་དཔེ་ཡིས་བོན་གྱི་རིག་གཞུང་

འཛུགས་སྐྲུན་ལ་ཤུགས་རྐྱེན་ཐེབས་པ།

བོན་གྱི་རིག་གཞུང་ནི་རང་རེའི་མེས་པོ་རྣམས་ཀྱི་རྣམ་དཔྱོད་ལས་བྱུང་བའི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་ལ། ལྷག་པར་དུ་རིག་གཞུང་དེའི་རྩ་བ་ནི་བོན་གྱི་བཀའ་འགྱུར་དང་བཀའ་བརྟེན་རེད། བོན་གྱི་བཀའ་འགྱུར་དང་བཀའ་བརྟེན་བྱུང་བའི་ལོ་རྒྱུས་ཀྱི་ཐད་ནས་མཁས་པ་ཁ་ཤས་ཀྱིས་གཤེན་ཆེན་ཀླུ་དགས་དུས་རབས་བཅུ་གཅིག་པར་ལྷོ་གཏེར་བཏོན་པའི་རྗེས་སུ་བྱུང་བར་འདོད་མོད། བོན་གྱི་ལོ་རྒྱུས་ཡིག་ཆ་ལྟར་ན་བྱང་གཏེར་ནི་བོན་གཏེར་གྱི་ཐོག་མ་ལྟ་བུ་ཡིན་ལ། ལྷོ་བལ་གྱི་ཨ་ཙཱ་ར་མི་གསུམ་གྱིས་བསམ་ཡས་དཀོར་ཁང་ནས་གསེར་དང་ནོར་ནས་དོན་སྒྲོ་སྟག་སྒྲོ གཟིག་སྒྲོ་གསུམ་བླངས་ཡོང་བ་དེ་ཡིན། དེ་ལས་དོན་སྒྲོ་ལས་གསང་སྔགས་བྱུང་། སྟག་སྒྲོ་ལས་འདུལ་བ་བྱུང་། གཟིག་སྒྲོའི་ནང་མངོན་པའི་སྡེ་བྱུང་བ་དང་དེ་ལས་ཁྱོན་བསྡོམས་བོན་སྡེ་མི་འདྲ་བ་སུམ་བརྒྱ་བཞི་བཅུ་བྱུང་བར་བཤད་དོ་ཞེས་བོན་གྱི་བཀའ་དང་བཀའ་བརྟེན་གྱི་རྨང་ནི་བྱང་གཏེར་ནས་བྱུང་ཡོད་པར་འདོད། ཕྱིས་སུ་སྔོན་བྱོན་གཤེན་པོ་རྣམས་ཀྱི་སྨོན་ལམ་བཙན་པས་གཏེར་མང་པོ་བརྡོལ་བ་དང་མཁས་དབང་རིམ་བྱོན་གྱིས་བཀའི་དགོངས་འགྲེག་དང་ཡང་འགྲེལ་སོགས་བརྩམས་ཏེ་བཀའ་འགྱུར་དང་བཀའ་བརྟེན་གྱི་དབྱེ་བ་གསལ་པོར་ཕྱེས་ནས་དེ་གཉིས་སོ་སོ་ནས་འཛུགས་སྐྲུན་བྱས་ཡོད་ལ། དུས་རབས་བཅོ་བརྒྱད་པའི་ནང་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་ཁྲོ་ཆེན་ཁྲོ་སྐྱབས་རྒྱལ་པོ་གཉིས་ལ་ཀུན་གྲོལ་འཇའ་ཚོན་སྙིང་པོའི་རྒྱབ་སྐྱོར་ཡོད་པར་བརྟེན་ནས་བོན་གྱི་བཀའ་འགྱུར་ཆ་ཚང་ཞིག་ཤིང་པར་དུ་བཏབ་པ་མ་ཟད་ཀུན་གྲོལ་འཇའ་ཚོན་སྙིང་པོ་མཆོག་གིས་《ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར།》བྱ་བ་བརྩམས། དཀར་ཆག་དེ་ལྟར་ན་མདོ་སྡེ་ལ་པོ་པུ་སྟི་བཅུ་ང་ལྔ། འབུམ་སྡེ་ལ་པུ་སྟི་བརྒྱ་དང་བརྒྱད། སྔགས་སྡེ་ལ་པུ་སྟི་བརྒྱད་ཅུ་གྱ་བརྒྱད། སེམས་སྡེ་ལ་པུ་སྟི་སུམ་ཅུ་དང་བསྡོམས་པས་ཉིས་བརྒྱ་དང་བརྒྱད་ཅུ་གྱ་གཅིག་བཞུགས། དེ་ནི་བོན་གྱི་ལོ་རྒྱུས་སྟེང་ཐོག་དང་པོར་བསྒྲིགས་པའི་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་རེད། དུས་རབས་བཅུ་དགུ་བའི་ནང་དུ་མཁན་ཉི་མ་བསྟན་འཛིན་གྱིས་ 《 བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་བསྟན་པའི་མེ་རོ་སྦར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་པའི་ཉིན་བྱེད།》 བྱ་བ་བརྩམས། དེར་བཀའ་འགྱུར་པུ་སྟི་བརྒྱ་དང་བཅུ་གསུམ། བརྟེན་འགྱུར་ལ་པུ་སྟི་ཉིས་བརྒྱ་ལྔ་བཅུ་ང་གཅིག་སྟེ་བསྡོམས་པས་པོ་ཏི་སུམ་བརྒྱ་དང་རེ་བཞི་བཞུགས། མཁན་ཉི་མ་བསྟན་འཛིན་གྱིས་དཀར་ཆག་དེ་ནི་བོན་གྱི་ལོ་རྒྱུས་སྟེང་གི་བཀའ་འགྱུར་གྱི་དཀར་ཆག་གཉིས་པ་དང་གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བཀའ་བརྟེན་གྱི་དབྱེ་བ་ཐོག་དང་པོར་གསལ་བོར་ཕྱེས་ཏེ་བཀའ་བརྟེན་ནམ་བརྟེན་འགྱུར་གྱི་དཀར་ཆག་དང་པོ་དེ་ནས་བྱུང་།

1.བཀའ་འགྱུར་ཁྲོད་ཀྱི་གཏེར་དཔེ།

བོན་གྱི་བཀའ་འགྱུར་ནི་སྟོན་པ་གཤེན་རབ་མི་བོའི་ཞལ་ནས་གསུང་སྟེ་ཕྱིས་སུ་གདུང་འཚོབ་མི་ཆོ་ལྡེམ་དྲུག་གཙོར་མཛད་པའི་ལོ་ཙཱ་བ་མི་དགུ་སོགས་ཀྱིས་ཞང་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་དེ་དག་ཕྱོགས་གཅིག་ཏུ་བསྡུས་པ་དེ་ལ་ཟེར་ཞིང་། བོན་གྱི་མཁས་དབང་ཕེར་ཁི་ཝེར་ནེ་མཆོག་གིས་དུས་རབས་བཅོ་ལྔ་པ་ནས་བཟུང་བོན་གྱི་བཀའ་འགྱུར་བྱུང་བར་གསུངས་ཡོད་ཀྱང་དུས་རབས་བཅུ་པར་ལྷ་བལ་གྱི་ཨ་ཙཱ་ར་མི་གསུམ་དང་ཁྲོ་ཚང་འབྲུག་ལྷ་སོགས་ཀྱི་གཏེར་དུ་བསྟན་བཅོས་སུམ་བརྒྱ་དང་བཞི་བཅུ་དྲངས་པ་ནི་བོན་གྱི་བཀའ་དང་བཀའ་བརྟེན་གྱི་མ་རྩ་ལྟ་བུ་ཡིན་པས་དེ་དུས་ནས་བྱུང་ཡོད་ལ། དུས་ཀྱི་ཆགས་འཇིག་གི་དབང་གིས་ད་ལྟ་མཐོང་རྒྱུ་ཡོད་པའི་བོན་གྱི་བཀའ་འགྱུར་གྱི་པར་གཞི་ཆེས་སྔ་ཤོས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་རོང་རྫོང་གི་དབལ་ཁྱུང་དགོན་པར་བོན་གྱི་བཀའ་འགྱུར་བྲིས་མ་ཆ་ཚང་ཞིག་ཉར་ཚགས་གནངས་ཡོད་པ་དེ་རེད། དེ་ནི་ཁོ་བོས་རྩད་གཅོད་བྱས་པ་ལྟར་ན། ཁམས་ཕྱོགས་ནས་འཁྲུངས་པའི་གཡུང་དྲུང་བོན་གྱི་གཏེར་གསར་སྟོན་པ་གསང་སྔགས་གླིང་པ་མཆོག་ཧོར་ཚོ་ཆེན་སོ་དགུའི་ཡ་གྱལ་ག་རྒྱ་ཚོ་བར་གདུལ་བྱར་ཕེབས་དུས་སུ། ག་རྒྱ་ཚོ་བས་ལོ་འཁོར་བཅུ་ལྷག་གི་རིང་ལ་བོན་གྱི་བཀའ་འགྱུར་ཚར་གཅིག་བྲིས་བཞེངས་གནངས་ཏེ་ག་རྒྱ་བསྟན་དར་གྱིས་གསང་སྔགས་གླིང་པ་ལ་ཕུལ། ཁོང་ཕྱིར་ཉག་རོང་དུ་ལོག་རྗེས་སུ་བཀའ་འགྱུར་དེ་དབལ་ཁྱུང་དགོན་པར་བཞག་ཅེས་གསུངས་ཡོད། གཞན་1922ལོར་ཨ་རིའི་མཁས་པ་རོ་ཁི་ཟེར་བ་ཞིག་གིས་བོད་ཀྱི་ཤར་ཕྱོགས་ཀྱི་དགོན་པ་ཞིག་གི་ནང་དུ་བོན་གྱི་བཀའ་འགྱུར་བྲིས་མ་ཞིག་བཞུགས་ཡོད་པ་མཐོང་མོད་གློ་བུར་གྱི་དོན་རྐྱེན་ཞིག་ལ་བརྟེན་ནས་ཞིབ་ཏུ་ཀློག་མ་ཐུབ་ཟེར། 1928ལོར་ཨུ་རུ་སུའི་མཁས་པ་རོ་རི་ཧེG.N.Roerichཡིས་ནག་ཆུའི་ཤ་རུ་དགོན་ནས་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་གཉིས་སུ་ཕྱེས་པའི་བྲིས་མ་ཞིག་མཐོང་མྱོང་བ་དེའི་སྔ་མ་ལ་པུ་སྟི་བརྒྱ་དང་བཞི་བཅུ་དང་ཕྱི་མ་ལ་བརྒྱ་དང་དྲུག་ཅུ་བཞུགས་ཡོད་ཟེར། དེ་ལས་རིག་གནས་གསར་བརྗེ་ཆེན་མོའི་སྔོན་དུ་བོན་གྱི་དགོན་པ་དང་རི་ཁྲོད་དག་ན་བཀའ་དང་དཀའ་བརྟེན་མང་པོ་བཞུགས་པ་ཤེས་ཐུབ་པར་མ་ཟད་བོན་གྱི་བཀའ་དང་བཀའ་བརྟེན་ནི་རྒྱུན་རིང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་རིམ་གྱིས་རྒྱས་པའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གཞུང་གི་རྩ་བ་ཞིག་ཡིན་པའང་ཤེས་ཐུབ། བོན་གྱི་རིག་གཞུང་ཞིབ་འཇུག་པ་ཆེན་མོ་དོན་གྲུབ་ལྷ་རྒྱལ་གྱིས་ལྷ་སྲས་སྨོན་རྒྱལ་གྱིས་ཉག་རོང་དབལ་ཁྱུང་དགོན་དུ་ཡོད་པའི་བཀའ་འགྱུར་ཆ་ཚང་དཔར་དུ་བསྐྲུན་པའི་མ་ཡིག་ལྟར་《གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཀར་ཆག》ཞེས་དཀར་ཆག་ཞིག་བསྒྲིགས་ཡོད། དེར་བོན་གྱི་བཀའ་འགྱུར་རིགས་བཞིར་བཀར་ནས་ཡོད་ལ་དང་པོ་ཕུན་སུམ་ཚོགས་པ་མདོ་ཡི་བོན་སྡེ། གཉིས་པ་རྣམ་དག་རྒྱས་པ་འབུམ་གྱི་བོན་སྡེ། གསུམ་པ་ཟབ་མོ་གསང་སྔགས་རྒྱུད་ཀྱི་བོན་གྱི་སྡེ། བཞི་པ་བླ་མེད་རྫོགས་ཆེན་སེམས་ཕྱོགས་ཀྱི་བོན་སྡེ་དང་བསྡོམས་པའི་པུ་སྟི་བརྒྱ་དང་བདུན་ཅུ་དོན་བརྒྱད་ཡོད། དེའི་ཁྲོད་གཏེར་མ་ལ་པོད་བརྒྱ་དང་ང་གསུམ་ཡོད་པས་བོན་གྱི་བཀའ་འགྱུར་གྱི་ཁུངས་གཙོ་བོ་ལྟ་བུ་ཆགས་ཡོད།

2.བཀའ་བརྟེན་ཁྲོད་ཀྱི་གཏེར་དཔེ།

བཀའ་བརྟེན་ནི་སྟོན་པའི་བཀའི་དགོངས་འགྲེལ་དང་ཡང་འགྲེལ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་དེ་ལ་ཟེར་ཞིང་། དུས་རབས་བཅུ་དགུ་པར་མཁན་ཉི་མ་བསྟན་འཛིན་གྱིས་《བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་བསྟན་པའི་མེ་རོ་སྦར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་པའི་ཉིན་བྱེད།》ཞེས་པར་བོན་གྱི་བཀའ་དང་བཀའ་བརྟེན་གྱི་དབྱེ་བ་ཕྱེས་ནས་བཀའ་བརྟེན་ལ་བསྟན་བཅོས་ཉིས་བརྒྱ་ལྔ་བཅུ་ང་གཅིག་གི་དཀར་ཆག་བསྒྲིགས་ཡོད་པ་ལས་1997ལོའི་བར་དུ་བོན་གྱི་བཀའ་འགྱུར་འདི་དང་བཀའ་བརྟེན་འདིའོ་ཞེས་སོ་སོར་ཕྱེས་ནས་སྟོན་རྒྱུ་མེད། ལོ་རབས་དགུ་བཅུ་པར་ནག་ཆུའི་ཉེ་རོང་རྫོང་ནོར་བུ་གླིང་གི་དགོན་བདག་གྲུབ་དབང་བསྟན་པའི་ཉི་མས་མདོ་དབུས་ཁམས་ཀྱི་བོན་དགོན་དང་མི་སྒེར་གྱིས་ཉར་བའི་བོན་གྱི་སྟོན་པའི་བཀའི་དགོངས་འགྲེལ་དང་ཡང་འགྲེལ་སོགས་དེ་ལ་འབྲེལ་ཡོད་བསྟན་བཅོས་པོད་སུམ་བརྒྱ་ཕྱོགས་གཅིག་དུ་བསྡུས་པ་མ་ཟད་བོད་རང་སྐྱོང་ལྗོངས་ཀྱིས་རོགས་རམ་ལ་བརྟེན་ནས་1997ལོར་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་གཡུང་དྲུང་བོན་གྱི་བཀའ་བརྟེན་ཐེངས་དང་པོར་ཀུན་གྱི་སྤྱན་ལམ་ཏུ་བསྟར། 《 བཀའ་བརྟེན་འགྱུར་གྱི་སྡེ་ཚན་བསྒྲིགས་ཚུལ་བསྟན་པའི་མེ་རོ་སྦར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་པའི་ཉིན་བྱེད།》ཞེས་པར་བོན་གྱི་བཀའ་བརྟེན་པོད་ཉིས་བརྒྱ་ང་གཅིག་ཡོད་པ་ལས་པོད་དྲུག་ཅུ་རེ་གསུམ་གཏེར་མར་གཏོགས། མདོར་ན་བོན་གཏེར་ནི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་གཉིས་ཀྱི་ནང་དུ་དེ་ལ་རིགས་དང་དབྱེ་བ་ཕྱེ་ནས་མ་འོངས་པར་སྐལ་ལྡན་ལས་འཕྲོ་ཅན་ཞིག་ལ་འཕྲད་པའི་སྨོན་ལམ་དང་བཅས་ཐུན་མོང་མ་ཡིན་པའི་གདམས་ངག་ཟབ་མོར་བརྟེན་ནས་ས་བདག་དང་སྲུང་མ་སོགས་གཏེར་ལ་གཏེར་བདག་དང་གཏེར་སྲུང་དུ་བཞག་ནས་བཀའ་རྒྱ་བཏབས་ཏེ་གཏེར་དུ་སྦས་པ་རེད། ཕྱིས་སུ་བོན་གཤེན་དག་གི་སྨོན་ལམ་གྱི་མཐུ་བཙན་པས་རིག་འཛིན་གཏེར་སྟོན་རྣམས་ཀྱིས་བོན་གྱི་བསྟན་བཅོས་མང་པོ་གཏེར་ལས་བཏོན་ཏེ་འཇིག་རྟེན་དུ་སྤེལ་བ་མ་ཟད་དེས་བོན་གྱི་རིག་གཞུང་ཐམས་ཅད་བསྡུས་པའི་ངོ་བོ་ཅན་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་བསྐྲུན་པའི་ཐད་བླ་མེད་ཀྱི་ནུས་པ་ཐོན་ཡོད་དོ། །  

◆ བསོད་ནམས་གཡུང་དྲུང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་2016ལོའི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1