བོད་ཀྱི་རིག་ཚན་གནས་བབ་ལས་མཛེས་དཔྱོད་རིག་ པའི་སྐོར་རགས་ཙམ་གླེང་བ།
དཔལ་མགོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31
སྤྱིར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རང་རེའི་ཁ་བ་ཅན་གྱི་ཡུལ་དུ། སྤྱི་ཚོགས་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་རིག་པའི་རྣམ་གྲངས་སྣ་ཚོགས་སུ་བྱུང་ཞིང་འཕེལ་ལ། རིག་གནས་ཆེ་ཆུང་བཅུ་ཡི་ཁོངས་སུ་གཏོགས་པའི་རིག་གནས་ཀྱི་རྒྱ་མཚོ་རྒྱ་ཆེར་བསྐྱིལ་མོད། ཡིན་ནའང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་ཐབས་མེད་པས། འཛམ་གླིང་ཤར་ནུབ་གཉིས་ཀྱི་མི་རིགས་རང་མཚན་པ་སུ་ལ་མཚོན་ནའང་། དུས་རབས་གསར་བ་དང་སྤྱི་ཚོགས་གསར་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དགོས་མཁོར་འཚམ་ཆེད། སྔོན་བྱུང་གི་རིག་པའི་གནས་ཀྱི་སྒོ་ཐམས་ཅད་ལ་བསྒྱུར་བཀོད་དང་འཐུས་གཏོང་། ཚད་ལྡན་ཅན་དུ་གཏོང་བ་སོགས་ཀྱི་ལམ་ནས་སྔར་ལས་འཕེལ་རྒྱས་སུ་བཏང་ཞིང་གཏོང་མུར་ཡོད། དེ་ལྟར་རིག་པའི་གནས་སྒོ་ཐམས་ཅད་ལ་ཡང་དང་བསྐྱར་དུ་ཞིབ་འཇུག་དང་དབྱེ་ཞིབ། རིགས་དབྱེ་དང་སྤྱི་སྡོམ། མཐའ་དཔྱད་སོགས་ཀྱི་སྒོ་ནས། སྔར་མེད་ཀྱི་རིག་ཚན་གསར་པ་སྣ་ཚོགས་གསར་དུ་བཏོད་དེ། མིའི་རིགས་ཀྱི་སྤྱི་ཚོགས་ཐད་དོན་སྙིང་དང་དགེ་མཚན་ཤིན་ཏུ་ཆེ་བའི་དཔལ་ཡོན་ཕུན་ཚོགས་སུ་བསྐྲུན་ཡོད། ཁ་བ་ཅན་གྱི་མི་རིགས་འདིར་མཚོན་ནའང་དེ་ལས་མ་འདས་པར། སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་གསར་དར་གྱི་རིག་ཚན་སྣ་ཚོགས་འབྱུང་མགོ་བརྩམས་པར་མ་ཟད། བྱེ་བྲག་གི་རིག་ཚན་ཐད་ཞིབ་འཇུག་གི་གྲུབ་འབྲས་ཀྱང་ངོམས་རིན་ཡོད་པ་ཞིག་བླངས་ཡོད། ཡིན་ནའང་རང་རེའི་མི་རིགས་དང་དར་རྒྱས་ཆེ་བའི་མི་རིགས་གཞན་དག་གཉིས་བསྡུར་ན། རིག་ཚན་གྱི་གྲངས་འབོར་གྱི་ཐད་ནས་བཅུ་ཕྲག་རིག་པའི་གནས་ལས་ལྡབ་འགྱུར་གྱིས་འཕེལ་བར་མ་ཟད། གཡུར་ཟས་གྲུབ་འབྲས་ཀྱང་རྗེས་ཆོད་དཀའ་བ་ཞིག་ལོན་ཡོད། ཁ་བ་ཅན་ལ་གཞིགས་ན་རིག་ཚན་གྱི་སྲོལ་རྒྱུན་ལེགས་པོ་ཞིག་ལྡན་རུང་། མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དུས་རབས་འདིར་མཚོན་ན། རིག་ཚན་གྱི་ཐད་ནས་ཆིག་རྐྱང་བ་དང་རྗེས་ལུས་ཀྱི་ཚུལ་དུ་ལུས་ཤིང་། དཔེར་ན། སྐབས་བབས་ཀྱི་གླེང་གཞི་སྟེ། མཛེས་དཔྱོད་རིག་པ་ནི་བོད་ལ་མཚོན་ན་ཆ་མེད་རྒྱུས་མེད་ཀྱི་རིག་ཚན་གསར་པ་ཞིག་རེད་ཟེར་ན་ཐལ་དྲགས་མི་འདུག རྩོམ་འདིར་བོད་ཀྱི་རིག་ཚན་གྱི་གནས་བབ་ལས་གཙོ་བོ་རིག་ཚན་གསར་བ་སྟེ། མཛེས་དཔྱོད་རིག་པའི་སྐོར་གྱི་གནད་དོན་འགའ་ཞིག་གླེང་ཁུལ་སྒོས། སླད་ཕྱིན་རིག་ཚན་གསར་བ་འདི་གངས་རིའིི་ལྗོངས་སུ་དར་བར་གྲོས་འདེབས་ཙམ་ཕུལ་བ་ལགས་ན།
གཅིག མཛེས་དཔྱོད་རིག་པའི་དོན་སྙིང་དང་
གལ་ཆེན་རང་བཞིན་རྟོགས་དགོས།
སྤྱིར་མཛེས་དཔྱོད་རིག་པའི་མཚན་ཉིད་འཇོག་སྟངས་ཐད་ཕྱོགས་སོ་སོའི་མཁས་པའི་བཞེད་པ་གཅིག་མཐུན་མིན་མོད། ང་ཚོས་ཐོག་མར་མཛེས་དཔྱོད་རིག་པའི་ངོ་བོ་དང་དེའི་ཞིབ་འཇུག་བྱེད་ཡུལ་ལ་བསམ་གཞིག་བྱས་ན། མཚན་ཉིད་ཀྱི་སྤྱི་ཁོག་ཕལ་ཆེར་ལོན་ཐུབ་ངེས་ཤིང་། དེས་ན་མཛེད་དཔྱོད་རིག་པའི་རིག་མཚན་གྱི་ངོ་བོ་ནི། མི་དང་འཇིག་རྟེན་བར་གྱི་མཛེས་དཔྱོད་འབྲེལ་བ་ལེགས་པར་མཚོན་པའི་མཛེས་དཔྱོད་ཀྱི་སྣང་ཚུལ་དང་མཛེས་དཔྱོད་ཀྱི་བྱེད་སྒོ་མཐའ་དག་ལ་ཟེར་ཞིང་། དེའི་ཞིབ་འཇུག་བྱེད་ཡུལ་ནི། མཛེས་དཔྱོད་སྣང་ཚུལ་ལམ་མཛེས་དཔྱོད་བྱེད་སྒོར་ཞིབ་འཇུག་བྱེད་པའི་སྣ་འཛོམས་རང་བཞིན་གྱི་མི་ཆོས་རིག་ཚན་ཞིག་ཡིན་ཞིང་མི་ཆོས་རིག་ཚན་ནི་ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་སུ་མི་གཏོགས་པའི་རྩོམ་རིག་དང་སྐད་བརྡ། ལོ་རྒྱུས་སོགས་ཀྱི་ཞིབ་འཇུག་བྱ་བར་ཟེར་བས། དེ་ནི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་མི་ཆོས་རིག་ཚན་དང་མི་འདྲ་སྟེ། ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་མི་ཆོས་ཀྱི་གནད་དོན་གལ་ཏུ་འཛིན་མིན་དང་ཞིབ་འཇུག་བྱེད་ཡུལ། ཞིབ་འཇུག་གི་གྲུབ་འབྲས་དང་ཞིབ་འཇུག་ཐབས་ལམ་སོགས་ཀྱི་ཁྱད་པར་ལས། མཛེས་དཔྱོད་རིག་པ་ནི་སྤྱི་ཚོགས་ཚན་རིག་མིན་ལ་རང་བྱུང་ཚན་རིག་དེ་བས་ཀྱང་མིན་པ་ཝ་ལེར་རྟོགས་ཐུབ་པར་མ་ཟད། རིག་ཚན་འདི་ནི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་འཇུག་ཡུལ་ལ་འཇུག་པ་དང་སྦྲགས། རིག་ཚན་དེ་གཉིས་ཀྱིས་སྣང་མེད་དུ་འཇོག་ཅིང་ཞིབ་འཇུག་གི་འཇུག་ཡུལ་དུ་མི་གཏོགས་པའི་སྤྱི་ཚོགས་ཀྱི་གནད་དོན་གཞན་དག་ནི་འཇུག་ཡུལ་དུ་བཟུང་བས། དེར་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གཉིས་ལ་མཚོན་ན་ཁ་གསབ་རང་བཞིན་ལྡན་པའི་རིག་ཚན་ཞིག་ཀྱང་ཡིན་པས། བོད་ལ་མཚོན་ན་དེང་རབས་ཀྱི་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་དར་མེད་པར་མ་ཟད། རིག་ཚན་འདི་གཉིས་ལ་ཁ་གསབ་རང་བཞིན་ཆེ་བའི་མཛེས་དཔྱོད་རིག་པའང་། དེ་བཞིན་དུ་དར་བ་ནི་ཕར་ཞོག་ཐ་ན་བརྡ་ཆད་འདིའི་གོ་དོན་ཡང་ལེགས་པར་རྟོགས་མཁན་དཀོན་པས།རིག་ཚན་འདིའི་གོ་དོན་དང་དོན་སྙིང་རྟོགས་རྒྱུ་ཤིན་ཏུ་གལ་ཆེ་ཞིང་ལྷག་པར་མཛེས་དཔྱོད་རིག་པས་མི་གཞི་འཐུས་ཚང་སྲོང་སྐྲུན་བྱེད་འཐུབ་ཅིང་། མཛེས་དཔྱོད་རིག་པས་མི་རྣམས་ལ་བསམ་པའི་དཔལ་ཡོན་གྱི་མ་ཁྱིམ་བཞེངས་ཐུབ་ལ། མཛེད་དཔྱོད་རིག་པས་མི་རྣམས་ཀྱིས་འཆམ་མཐུན་ཅན་གྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ཐུབ་པ་སོགས་ཀྱི་འབྲེལ་ཡོད་དོན་སྙིང་དང་དགེ་མཚན་ལེགས་པར་རྟོགས་ཤིང་། རང་རེའི་ཁ་བ་ཅན་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྱ་ནོམ་དུ་ངེས་པར་མཁོ་བའི་མཛེས་དཔྱོད་རིག་པའི་བག་མ་ལེགས་པར་བསུ་བའི་གལ་ཆེན་རང་བཞིན་ངེས་དགོས་རྒྱུ་ནི། གངས་རའི་ལྗོངས་སུ་མཛེས་དཔྱོད་རིག་པ་ཐོག་མར་དར་འབྱུང་བའི་སྔོན་འགྲོའི་ཆ་རྐྱེན་དུ་ངེས།
གཉིས། མཛེས་དཔྱོད་རིག་པ་དོན་དུ་གཉེར་བའི་
ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ།
སྤྱིར་ཚོགས་ཀྱི་རིག་ཚན་ཅི་ཞིག་ཡིན་རུང་ཐོག་མར་མེད་པ་ནས་ཡོད་པ་དང་།ཡོད་པ་ནས་འཐུས་ཚང་དུ་འགྲོ་བ་ཆོས་ཉིད་དུ་ངེས་ཤིང་། རང་རེའི་ཁ་བ་ཅན་གྱི་ཡུལ་ལ་མཛེས་དཔྱོད་རིག་པ་འབྱུང་དགོས་ན། ཐོག་མར་དེའི་དོན་སྙིང་དང་གལ་ཆེན་རང་བཞིན་ལ་ངེས་ཤེས་གསལ་པོ་རྙེད་པ་སྔོན་དུ་འགྲོ་བ་ཙན་གྱིས་མི་ཆོག་ཅིང་ངེས་པར་དེར་འབྲེལ་གྱི་སློབ་སྦྱོང་དང་ཞིབ་འཇུག་དོན་དུ་གཉེར་བའི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་དགོས། རིག་ཚན་གསར་བ་ཞིག་སྤྱི་ཚོགས་ཡོངས་སུ་རྒྱ་ཆེར་དར་བར་ཐོག་མར་སྐྱེས་བུ་དམ་པ་ཞིག་གིས་སྲོལ་གཏོད་དགོས་ཤིང་། དེ་ནས་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་དང་མཐོང་ཆེན་སོགས་དང་འབྲལ་ཐབས་མེད་པས། ཐོག་མར་སྤྱི་ཚོགས་ཡོངས་ནས་རིག་ཚན་གང་དེའི་དོན་སྙིང་དང་གལ་ཆེན་རང་བཞིན་ལེགས་པར་རྟོགས་པའི་རྨང་གཞིའི་སྟེང་། ཆེད་ལས་མི་སྣའི་དཔུང་སྡེ་གསོ་སྐྱོང་གནང་བར་ངེས་པར་འཛོམ་དགོས་པའི་ཆ་རྐྱེན་ཏེ། ཆེད་ལས་ཀྱི་སློབ་ཁྲིད་དང་ཆེད་ལས་ཀྱི་ཞིབ་འཇུག ཆེད་ལས་ཀྱི་དགེ་རྒན་དང་ཆེད་ལས་ཀྱི་སྒྲིག་གཞི་སོགས་མ་ལག་དང་ལྡན་ཞིང་། རྒྱུད་རིམ་ལྡན་པའི་ཆེད་དམིགས་ཀྱི་སྡེ་ཁག་དང་ཆེད་དམིགས་ཀྱི་ལྟེ་གནས་སོགས་འཐུས་སྒོ་ཚང་བར་འཛུགས་ཤིང་ལྷག་པར་དེང་རབས་ཅན་གྱི་ཚན་རྩལ་གྱི་སྒྲིག་ཆས་ཏེ་དྲྭ་ཐོག་གི་སློབ་ཁྲིད་དང་ཟབ་སྦྱོང་། རྒྱང་འཛིན་སློབ་ཁྲིད་སོགས་ཀྱི་ཐབས་ལམ་སྤྱད་ན། ད་གཟོད་སྤྱི་ཚོགས་ཡོངས་སུ་རྒྱ་ཆེར་དར་ཐུབ་པར་མ་ཟད། མཛེས་དཔྱོད་རིག་པའི་ངེས་པ་དོན་གྱི་དགེ་མཚན་དང་དོན་སྙིང་དག་དངོས་ཡོད་སྤྱི་ཚོགས་ཁྲོད་ནས་མངོན་དུ་འགྱུར་ཐུབ། དཔེར་ན། རང་རེའི་བོད་ཀྱི་དགོན་པ་སོ་སོ་ལྟར་འཆད་ཉན་བཤད་སྒྲུབ་ཀྱི་གྲྭ་ཚང་སོ་སོར་བཙུགས་ན། ཕན་ནུས་རྒྱ་ཆེན་ཐོན་ཡོང་བ་འདས་སོང་གིས་ར་སྤྲོད་མཛད་ཡོད་པས། ཐོག་མར་མི་རིགས་སློབ་གྲྭ་སོ་སོར་རིག་ཚན་དེ་དང་འབྲེལ་བའི་ཆེད་ལས་དང་ཟབ་སྦྱོང་གི་སྡེ་ཁག་བཙུགས་ན། ད་གཟོད་རིག་ཚན་གང་དེའི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དགེ་མཚན་གཉིས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལོན་ངེས།
གསུམ། མཛེས་དཔྱོད་རིག་པ་བག་མར་བསུ་བར་
སྲོལ་རྒྱུན་རྨང་གཞིར་འཛིན་པ།
རྒྱ་མི་རིགས་ལ་མཚོན་ན་ད་ཡོད་ཀྱི་མཛེས་དཔྱོད་རིག་པ་ནི་ནུབ་ཕྱོགས་ཀྱི་མཛེས་དཔྱོད་རིག་པར་དཔེར་བླངས་ཏེ། མི་རིགས་རང་གི་སྲོལ་རྒྱུན་གྱི་བསམ་བློའི་ཐོན་ཁུངས་མཐའ་དག་ལེགས་སྒྲིག་བྱས་པའི་འབྲས་བུར་ངེས་ཤིང་། ནུབ་ཕྱོགས་པ་ལྟར་ལོ་ངོ་གཉིས་སྟོང་ལྷག་གི་སྔོན་ནས་བཟུང་མཛེས་དཔྱོད་རིག་པའི་ཐད་ཀྱི་ལྟ་བ་ཐར་ཐོར་བྱུང་ཞིང་གཙོ་བོ་དེང་རབས་ཀྱི་སྐབས་སུ་ཡོན་ཏན་པ་རྣམས་ཀྱིས་སྔོན་བྱུང་གི་ལྟ་བ་དང་སྲོལ་རྒྱུན་ཚད་ལྡན་ཅན་དུ་བཏང་སྟེ་སྤྱི་སྡོམ་མཛད་པའམ། ཡང་ན་ནུབ་ལུགས་ཅན་ལྟར་ལེགས་སྒྲིག་བྱས་པ་ལས་བྱུང་ཞིང་། མི་རིགས་རང་གི་སྲོལ་རྒྱུན་གྱི་མཛེས་དཔྱོད་ལྟ་བ་ཡོད་ཚད་རྨང་གཞིར་བཟུང་བར་མ་ཟད། ནུབ་ཀྱི་མཛེས་དཔྱོད་རིག་པའི་ལེགས་ཆ་དང་ཉམས་མྱོང་བསྡུ་ལེན་སྒོས། རང་ཉིད་ཀྱི་ཐུན་མིན་གྱི་མཛེས་དཔྱོད་རིག་པ་གསར་དུ་བཏོད་པས། ཕྱོགས་གཅིག་ནས་ནུབ་ཕྱོགས་ཀྱི་མཛེས་དཔྱོད་རིག་པ་དང་འདྲ་བའི་ཆ་ཡོད་ཅིང་། ཕྱོགས་གཉིས་ནས་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ཤོར་མེད་པས། རང་རེའི་ཁ་བ་ཅན་ལ་མཚོན་ན་མིག་དཔེར་ཤིན་ཏུ་འོས། བོད་མི་རིགས་ལ་མཚོན་ན་རང་བྱུང་ཚན་རིག་དར་མེད་ཀྱང་། སྤྱི་ཚོགས་ཚན་རིག་གི་ཐད་ནས་ངོ་གནོང་མི་དགོས་པའི་སྲོལ་རྒྱུན་གང་ལེགས་ཤིག་འཛོམས་པ་སྟེ། དཔེར་ན། བོད་བརྒྱུད་ནང་བསྟན་ལྟ་བུ་འཕེལ་རྒྱས་ཀྱི་ཆུ་ཚད་ནི་འཛམ་གླིང་གི་ཡང་རྩེར་སོན་ཞིང་དེ་ལས་བསྟན་པའི་ལས་རྒྱུ་འབྲས་དང་ཚེ་འདི་ཕྱི། དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱིས་མཚོན་པའི་བདེན་དགེ་མཛེས་གསུམ་དང་། དགེ་སྒྲུབ་སྡིག་སྤོང་སོགས་ཀྱི་ལྟ་ཚུལ་དང་འདུ་ཤེས་འཛིན་སྟངས་དང་བཅས་པ། མཛེས་དཔྱོད་རིག་པའི་རྨང་གཞིར་འཛིན་འོས་ཤིང་། ཐོག་མར་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ཁྲོད་རྐང་བ་བརྟན་པོར་ཚུགས་ཏེ། རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་མ་ཉམས་པའི་སྔོན་འགྲོའི་ཆ་རྐྱེན་འོག རྒྱ་མི་རིགས་དང་ཐ་ན་འཛམ་གླིང་གི་མི་རིགས་ཡོད་ཚད་ཀྱི་མཛེས་དཔྱོད་རིག་པའི་ལེགས་ཆ་དང་ཉམས་མྱོང་བསླབ་བྱར་བཟུང་ན། ད་གཟོད་མི་རིགས་རང་ལ་དབང་ཞིང་རང་གི་རིག་གནས་ཀྱི་འཚོ་བ་དང་ཁོར་ཡུག་སོགས་ལ་འཚམ་པའི་མཛེས་དཔྱོད་རིག་པ་ཡང་དག་ཅིག་འཁྲུངས་ཏེ། གངས་རིའི་ལྗོངས་སུ་མཛེས་དཔྱོད་རིག་པའི་མེ་ཏོག་གི་དྲི་ངད་གང་སར་འཐུལ་པར་གདེང་ཚོད་ཤིན་ཏུ་ཆེ།
མཇུག་བསྡུའི་གཏམ།
གངས་རིའི་ལྗོངས་སུ་མཛེས་དཔྱོད་རིག་པ་དང་བཅས་པའི་རིག་པའི་དགའ་ཚལ་ཀུན་ནས་འགྲུབ་པར། དུས་རབས་གསར་པ་དང་སྤྱི་ཚོགས་གསར་པའི་འཕེལ་རྒྱས་དང་གྱ་ནོམ་ལ་མེད་དུ་མི་རུང་བའི་རིག་ཚན་སོ་སོའི་དོན་སྙིང་དང་དེའི་གལ་ཆེན་རང་བཞིན་ཀུན་ནས་རྟོགས་པའི་རྨང་གཞིའི་སྟེང་། སྤྱི་ཚོགས་ཡོངས་ནས་འབྲེལ་ཡོད་རིག་ཚན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གང་ལེགས་སྒོས། ཆེད་ལས་དང་ཆེད་ལས་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་དེར་འབྲེལ་གྱི་སྡེ་ཁག་དང་ལྟེ་གནས་སོགས་ཀྱི་ཆ་རྐྱེན་ལེགས་པར་བསྒྲུབ་ཅིང་། མི་རིགས་གཞན་པའི་རིག་ཚན་གྱི་ལེགས་ཆ་ཀུན་ནས་བསྡུ་ཞིང་རང་ཉིད་ཀྱི་སྲོལ་རྒྱུན་བཟང་པོ་དང་། རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་རྒྱུད་འཛིན་གང་ལེགས་སྒོས། རིག་ཚན་གསར་བ་སྟེ་མཛེས་དཔྱོད་རིག་པ་བག་མར་བསུ་ཞིང་། ལྷག་པར་ང་ཚོ་རྗེས་རབས་པ་རྣམས་ནི་སྤྱི་ཚོགས་འཕེལ་རྒྱས་ལ་ངེས་པར་མཁོ་བའི་མཛེས་དཔྱོད་རིག་པ་དང་བཅས་པའི་རིག་ཚན་མཐའ་དག་གི་སྲོལ་གཏོད་པ་དང་མདུན་བསུ་མཁན། རྒྱུད་འཛིན་མཁན་དང་བདག་པོ་སོགས་སུ་ངེས་པས། རང་བབས་ཀྱི་འོས་འགན་དང་གཟུར་མེད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། སྙིང་སྟོབས་དང་སྤོབས་པ་ཆེན་པོས་ཕྱོགས་གང་ཐད་ནས། ཁ་བ་ཅན་གྱི་རྗེ་འབངས་ལ་རང་གི་ནུས་པའི་སྲི་ཞུ་གང་ལེགས་སྒྲུབ་པར་སྐུལ་སློང་དང་བཅས། གྲོས་འདེབས་སུ་ཕུལ་བ་དགེ་གྱུར་ཅིག །
◆ དཔལ་མགོན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཡིན།