རིག་གནས་རྣམ་བཤད།

མཱ་ལི་ནའོ་སི་ཁཱི་བརྩམས། ཧྥིས་ཞའོ་ཐུང་གིས་རྒྱ་ཡིག་ཏུ་བསྒྱུར། པད་ཚེས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31



རིག་གནས་ནི་ཡོ་ཆས་དང་ལུགས་སྲོལ་ཆ་ཚང་ཞིག་དང་། དེ་དང་འབྲེལ་བའི་མིའི་ལུས་སེམས་ཀྱི་གོམས་གཤིས་ཞིག་ཏེ། དེ་དག་གིས་ནམ་ཡིན་ཡང་དངོས་བརྒྱུད་གང་རུང་ནས་མིའི་རིགས་ཀྱི་དགོས་མཁོ་ཞིག་སྐོང་བཞིན་ཡོད། གལ་ཏེ་ངེད་ཅག་གི་ལྟ་ཚུལ་ནོར་མེད་ན། རིག་གནས་ཀྱི་རྒྱུ་ཆ་ཡོད་དོ་ཅོག་ནི་འགུལ་སྐྱོད་བྱེད་བཞིན་པ་ཞིག་དང་། ཕན་ནུས་འདོན་བཞིན་པ་ཞིག་རེད། རིག་གནས་རྒྱུ་ཆའི་འགུལ་བའི་རང་བཞིན་དེས་མིའི་རིགས་རིག་པ་ལ་རིག་གནས་ཀྱི་བྱེད་ནུས་སྐོར་ལ་ཞིབ་འཇུག་བྱ་དགོས་པའི་གསལ་བརྡ་ཞིག་ཀྱང་གཏང་བ་རེད། ཉེ་བའི་དུས་སུ། མིའི་རིགས་རིག་པའི་ཁྱབ་ཁོངས་སུ་ལྟ་གྲུབ་གསར་པ་ཞིག་བྱུང་ཡོད་དེ། ཁོ་ཚོས་ཡུལ་སྲོལ་དང་ཡོ་ཆས། བསམ་བློ་སོགས་ཀྱི་བྱེད་ནུས་ལ་དོ་སྣང་ཆེན་པོ་མཛད་དེ། རིག་གནས་དར་རིམ་ནི་ཆོས་ཉིད་ལྡན་པ་ཞིག་དང་། ཆོས་ཉིད་དེ་ཡང་རིག་གནས་ཀྱི་རྒྱུ་ཆ་སྣ་ཚོགས་ཀྱིས་བྱེད་ནུས་བཏོན་པ་ལས་བྱུང་བ་ཞིག་ལ་ཡིད་ཆེས་བྱས། ལྟ་གྲུབ་འདིའི་ལུགས་འཛིན་པའི་མཁས་པ་རྣམས་ཀྱིས། རིག་གནས་ནི་བྱེ་བྲག་གི་རྒྱུ་ཆ་མང་པོ་ལ་དབྱེ་ཞིང་དེ་དག་རེ་རེ་ལ་ཞིབ་འཇུག་བྱ་བ་ནི་རྒྱུ་མཚན་ཆེར་མེད་པ་ཞིག་ཏུ་དགོངས། རྒྱུ་མཚན་ནི་རིག་གནས་ཞེས་པའི་གོ་དོན་ངོ་མ་ནི་རྒྱུ་ཆ་དེ་དག་རང་སྟེང་ན་མེད་པར་དེ་དག་བར་གྱི་འབྲེལ་བའི་སྟེང་ན་ཡོད་པའི་ཕྱིར་རོ། །གཞན་ལྟ་གྲུབ་འདིར་གཏོགས་པ་རྣམས་ཀྱིས་རིག་གནས་ཀྱི་ཕུང་བོ་ནི་ལྟོས་དབང་གིས་འདུས་པར་བཤད་པ་ལ་ཡང་མི་འཐད་དོ། །

ལྔ་བ། བྱེད་ནུས་འདོན་བཞིན་པའི་རིག་གནས།

ང་ཚོས་བྱེད་ནུས་ནི་རིག་གནས་ཀྱི་ནང་དོན་གལ་ཆེན་ཞིག་ལ་བལྟས་ཏེ། རིག་གནས་ཀྱི་འགུལ་བའི་རང་བཞིན་དེ་གཙོར་བཟུང་ན། རིག་གནས་ཀྱི་རྒྱུ་ཆ་སོ་སོ་ཇི་ལྟར་འགུལ་སྐྱོད་བྱེད་པ་དང་། ཇི་ལྟར་མཉམ་འདུས་བྱུང་པ། ཇིི་ལྟར་མིའི་རིགས་ཀྱི་དགོས་མཁོ་བསྐང་ཤིང་མིའི་རིགས་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་བ་སོགས་བལྟས་མ་ཐག་ཤེས་ཐུབ།

འདིར་ང་ཚོས་ཆེས་རྟོགས་སླ་བའི་དངོས་པོའི་རིག་གནས་ཤིག་ལ་དཔེ་བླངས་ཏེ་བཤད་ན། ཐོག་མར་སྤྱོད་རྒྱ་ཆེ་ཞིང་སྟབས་བདེའི་རིག་གནས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ལག་ཆ་ཞིག་སྟེ། རིང་ཚད་ལ་ཁྲེ་ཙེ་ལྔ་ནས་དྲུག་ཡས་མས་ཅན། རྩེ་མོ་ཅུང་ཙམ་གཏོད་ཡོད་པའི་དབྱུག་པ་ཞིག་ལ་མཚོན་ན། དེ་ནི་ས་དོང་བརྐོ་བྱེད་དང་གྲུ་འདེད་བྱེད་སོགས་ལ་སྤྱོད་ཆོག ཁྱད་པར་དུ་དེ་ནི་ང་ཚོས་བཤད་བཞིན་པའི་རིག་གནས་ཀྱི་རྒྱུ་ཆའམ་ཁྱད་གཤིས་ཀྱི་མཚན་གཞི་ཡག་ཤོས་ཞིག་རེད། དེ་ལ་གཏན་ཁེལ་གྱི་བཟོ་དབྱིབས་སྟབས་བདེ་ཞིག་ཡོད་ལ། དེ་ནི་རང་ཉིད་ཀྱི་དགོས་མཁོ་སྐོང་བྱེད་ཅིག་ཡིན་པས། རིག་གནས་སྣ་ཚོགས་པའི་ཁྱབ་ཁོངས་སུ་བྱེད་ནུས་འདྲ་མིན་ཅི་ཞིག་གཏོན་ན་ཡང་ཚང་མ་ལ་མཁོ་གལ་ཤིན་ཏུ་ཆེ། ཡིན་ཡང་ངོ་མཚར་བ་ཞིག་ལ། འདི་ལྟ་བུའི་དབྱུག་པ་སྟབས་བདེ་བོ་དེ་བརྒྱུད་སྤེལ་སྨྲ་བ་དང་འཕེལ་འགྱུར་སྨྲ་བའི་གྲུབ་མཐའ་གཉིས་སུ་གལ་ཆེའི་གོ་གནས་ཅི་ཡང་ཟིན་མི་འདུག

འོན་ཏེ། ང་ཚོས་དཔེ་དེ་ལ་བརྟེན་ནས་ཆེས་མཐར་ཐུག་གི་གནས་ལུགས་འགའ་རེ་གསལ་བཤད་བྱ་ཐུབ། བརྒྱུད་སྤེལ་སྨྲ་བ་རྣམས་ཀྱིས་དབྱུག་པ་དེའི་རྒྱུ་ཆ་དང་རིང་ཚད། ལྗིད་ཚད། ཚོན་མདོག་སོགས་རྣམ་པའི་སྟེང་གི་ཁྱད་ཆོས་དེ་དག་རེ་རེ་བཞིན་ཞིབ་བརྗོད་བྱས་པ་བརྒྱུད། ས་ཁུལ་སོ་སོར་ཡོད་པའི་དབྱུག་པའི་བར་འདྲ་ཆོས་ཞིག་འཚོལ་ཐབས་བྱེད་བཞིན་ཡོད་མོད། དེ་ནི་གོ་རིམ་སྟེང་གི་ནོར་འཁྲུལ་ཞིག་རེད། དེས་ན་དབྱུག་པ་ནི་ཇི་ལྟར་རིག་གནས་ཀྱི་རང་བཞིན་ལྡན་པ་ཞིག་ཏུ་གྱུར་བ་རེད་ཅེ་ན། ས་བརྐོ་བྱེད་ཀྱི་དབྱུག་པ་ཞིག་ལ་མཚོན་ན། དེ་ལ་དེའི་སྤྱོད་སྒོ་ཞིག་ཡོད་པས་དང་། ཞིང་དང་ནག་ཚལ་སོགས་ཡུལ་མི་འདྲ་བར་སྤྱོད་སྐབས་ཡང་སྐབས་སོ་སོའི་སྤྱོད་སྒོ་མི་འདྲ་བ་ཡོད་པའི་རྐྱེན་གྱིས་བྱུང་བ་རེད། ཡང་དགོས་མཁོ་ཡོད་ཚེ་དབྱུག་པ་དེ་ལྟ་བུ་བཙལ་ནས་སྤྱོད་ཆོག་པ་དང་། སྤྱད་ཚར་རྗེས་མར་འཕེན་ཆོག་པ་ཡིན་པས་སྤྱིར་བཏང་དེའི་དཔལ་འབྱོར་གྱི་རིན་ཐང་ཤིན་ཏུ་ཆུང་། ཡིན་ཡང་། དེ་ནི་ཡོ་བྱེད་ཀྱི་རིགས་ཤིག་ཡིན་པའི་ཆ་ནས་སྤྱི་ཚོགས་གང་དང་གང་ཡིན་ཡང་། དཔལ་འབྱོར་གྱི་བྱེད་སྒོ་དང་། དམངས་གླུ། ལྷ་སྒྲུང་། དམངས་སྲོལ་སོགས་སུ་ཡོངས་ཁྱབ་ཏུ་ཡོད་ལ། སྐབས་རེར་དེའི་རྣམ་པ་ལ་འགྱུར་ལྡོག་ཕྲན་ཙམ་རེ་འགྲོ་སྲིད་ན་ཡང་། དེ་ནི་ས་ཤུན་མཁྲེགས་པོ་རྐོ་བའམ་བྱེ་མ་སློག་པ་ལྟ་བུ་སྤྱོད་སྒོ་མི་འདྲ་བའི་དབང་གིས་བྱུང་པ་རེད།

རིག་གནས་གཅིག་གི་ཁྱབ་ཁོངས་སུ་གཏོགས་ཅིང་རྣམ་པ་ཡང་གཅིག་མཚུངས་ཡིན་པའི་དབྱུག་པ་དག་ལ་མཚོན་ན། ལ་ལས་གྲུ་འདེད་བྱེད་དང་། ལ་ལས་ལག་བརྟེན། ལ་ལས་སྟབས་བདེའི་མཚོན་ཆ་སོགས་ཕྱོགས་འདྲ་མིན་སྣ་ཚོགས་ལ་སྤྱོད་ཀྱིན་ཡོད། དེ་དག་རིག་གནས་གཅིག་གི་ཁོངས་སུ་གཏོགས་ན་ཡང་། སོ་སོའི་སྤྱོད་སྒོ་མི་འདྲ་བའི་དབང་གིས་རིག་གནས་ཀྱི་ཁྱད་ཆོས་མི་འདྲ་བ་ལྡན་ལ། དེ་དག་དང་འབྲེལ་བའི་བསམ་བློ་དང་རིན་ཐང་ཡང་མི་འདྲ་བ་བྱུང་ཡོད། དེ་དག་སྟབས་བདེར་བཤད་ན། དབྱུག་པ་དེས་བྱ་བ་རིགས་མི་འདྲ་བའི་ཁྲོད་དུ་བྱེད་ནུས་མི་འདྲ་བ་ཐོན་ཡོད་ཅེས་པའོ།། ཡང་སྐད་རིགས་ཕལ་ཆེ་བ་རུ། རྣམ་པ་འདྲ་མཚུངས་ཡིན་པའི་ལག་ཆ་ཞིག་ལག་ལེན་ཁྲོད་བྱེད་ནུས་མི་འདྲ་བ་འདོན་སྐབས་དེ་དག་ལ་མིང་ཡང་མི་འདྲ་བ་འདོགས་པའི་སྲོལ་ཡོད་དེ། དབྱིན་སྐད་དུ་བྱེད་ནུས་མི་འདྲ་བའི་དབྱུག་པ་ལ་སོགས་མིང་མི་འདྲ་བ་བཏགས་ཡོད། དེའི་རིག་གནས་ཀྱི་བྱེད་ནུས་ཁྱད་དུ་བརྗོད་མི་དགོས་ཚེ། ཚང་མ་ལ་དབྱུག་པ་ཞེས་མིང་བརྡ་གཅིག་གིས་ཆོག་པར་བྱས་ཡོད། རིག་གནས་ཞིབ་འཇུག་པ་ཚོས་རིག་གནས་ཀྱི་རྣམ་པའི་ཆ་ནས་འདྲ་མཚུངས་ཡིན་པ་དང་། བྱེད་ནུས་ཀྱི་ཆ་ནས་ཁྱད་པར་ཡོད་པ་སོགས་ལས་ཡང་སྙིང་ཅི་ཞིག་གཙིགས་སུ་འཛིན་དགོས་ཞེ་ན། བྱེད་ནུས་ལ་ཞིབ་འཇུག་བྱ་རྒྱུ་གཙིགས་སུ་འཛིན་དགོས་པར་ཐེ་ཚོར་ཅུང་ཙམ་ཡང་བྱེད་མི་དགོས། དངོས་པོ་ཞིག་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་འགྱུར་བ་ནི། དངོས་པོ་དེ་མིའི་རིགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་ཁྲོད་དུ་སྤྱོད་སྒོ་ཡོད་པར་འགྱུར་བ་དང་། དེས་མིའི་རིགས་ཀྱི་དགོས་མཁོ་གང་རུང་ཞིག་སྐོང་ཐུབ་པའི་ཆ་ནས་ཡིན་པར་ངོས་འཛིན་བྱེད་དགོས། དཔེར་ན། འཇོར་གྱི་ཡུ་བ། མཁར་བ། གྲུ་ཤིང་སོགས་ཀྱི་ཐོག་མའི་དངོས་པོ་ཁོ་ནའི་ཆ་ནས་བཤད་ན་ཁྱད་པར་གང་ཡང་མེད་མོད། དེ་རིག་གནས་དང་མཉམ་དུ་སྦྱར་རྗེས་གཞི་ནས་ཁྱད་པར་དོད་ཡོད། སྟབས་བདེའི་རིག་གནས་ཀྱི་རིགས་ཐམས་ཅད་དེ་ལྟར་ལགས་ལ། རྙོག་འཛིང་ཆེ་བའི་རིགས་ཀྱང་དེ་ལས་མ་འདས་ཏེ། ཆུང་བ་དབྱུག་པ་ནས་ཆེན་པོ་གྲུ་གཟིངས་དང་འཕུར་གྲུའི་བར་གྱི་རིག་གནས་ཀྱི་གོ་བ་ཡོད་ཚད་ཀྱང་། དེ་དག་གིས་མིའི་རིགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་ཁྲོད་དུ་བཟུང་པའི་གོ་གནས་དང་། དེ་དང་འབྲེལ་བའི་བསམ་བློ་དང་རིན་ཐང་སོགས་ཀྱིས་ཐག་གཅོད་བྱེད་བཞིན་ཡོད་དོ། ། (མུ་འགོད།)  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1