ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 06-04


        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་གྲོས་ཚོགས་བསྡུས་ནས། ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་ཞང་སྡེ་དར་སྤེལ་འཐབ་ཇུས་འཆར་འགོད་དང་། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྒྱལ་བའི་ལོ་གསུམ་གྱི་འགུལ་སྐྱོད་ཀྱི་མཛུབ་སྟོན་བསམ་འཆར་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

        གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཞང་སྡེ་དར་སྤེལ་འཐབ་ཇུས་བཏོན་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ལ་དམིགས་པ་དང་ཞིང་པ་དུང་ཕྱུར་འགའི་མཛེས་སྡུག་འཚོ་བའི་རེ་སྒུག་དང་བསྟུན་ནས། ཞིང་གསུམ་བྱ་བར་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་ཡིན་ལ། དུས་རབས་གསར་པར་ཞིང་གསུམ་བྱ་བ་བཟང་པོར་སྒྲུབ་པའི་སྤྱིའི་ཐབས་ལམ་ཡིན།
        གྲོས་ཚོགས་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དེ་དམིགས་བསལ་གྱི་གོ་གནས་སུ་བཞག་ནས། ཏང་གིས་ཞིང་སྡེའི་བྱ་བར་དོ་དམ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་གཞི་གཅིག་ཇུས་འགོད། ཕྱོགས་མང་གཅིག་གྱུར་བཅས་ཀྱི་འདུ་ཤེས་བཙུགས་ཏེ། ཞང་སྡེ་དར་སྤེལ་གྱི་ས་གནས་འཆར་འགོད་དང་ཆེད་དོན་འཆར་འགོད་ཡང་ན་ཇུས་གཞི་བཅས་མྱུར་དུ་སྒྲིག་བཟོ་བྱས་ནས ཞང་སྡེ་དར་སྤེལ་གྱི་དོན་དག་རེ་རེར་གཞི་འཛིན་ས་ཡོད་པ་དང་རིམ་པ་རེ་རེར་འགན་ཁུར་པ་ཡོད་པར་བྱེད་དགོས། ས་ཁུལ་མི་འདྲ་བར་ཐབས་ཤེས་མི་འདྲ་བ་སྤྱོད་པ་དང་། སྡེ་བའི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློར་བསྟུན་ནས། སྲིད་གཞུང་དང་སྤྱི་ཚོགས། ཁྲོམ་ར་བཅས་ཀྱིས་མཐུན་སྦྱོར་སྒོས་ནུས་ཤུགས་འདོན་དགོས་པར་མ་ཟད། ཞིང་པའི་ནུས་པ་གཙོ་བོ་འདོན་སྤེལ་ལེགས་པོ་བྱེད་དགོས་ལ། དམིགས་འབེན་དང་ལས་འགན་དོན་དངོས་ལ་མཐུན་དགོས་པ་དང་། འགན་སྲུང་གི་བྱེད་ཐབས་གོ་ཆོད་ནུས་ལྡན་ཡོང་བར་བྱེད་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་དང་སྤུས་ཚད་ལ་དོ་སྣང་བྱེད་པ། བརྟན་བརླིང་ངང་སྐུལ་སྤེལ་བྱེད་པ་བཅས་བྱས་ཏེ། དོན་དག་རེ་རེ་བཞིན་དུ་སྒྲུབ་པ་དང་། ལོ་རེ་རེ་བཞིན་དུ་སྒྲུབ་ནས། རྒྱ་ཆེའི་ཞིང་པ་རྣམས་ལ་ཞང་སྡེ་དར་སྤེལ་ཁྲོད་དུ་ཚོར་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་མང་པོ་ཐོབ་པར་བྱེད་དགོས་པའི་བླང་བྱ་བཏོན།
        གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པས་དབུལ་ཐར་མཁྲེགས་གཏོར་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ངེས་པར་དུ་རྒྱལ་དགོས་པའི་མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་གྱི་གྲས་སུ་བཞག་སྟེ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། མ་འོངས་པའི་ལོ་གསུམ་གྱི་ནང་དུ། ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་གསུམ་ཡས་མས་དབུལ་ཕོངས་ལས་ཐར་དགོས་པས། ང་ཚོས་ངེས་པར་དུ་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྒྱལ་བའི་དཀའ་ཁག་དང་འགྲན་རྩོད་གསལ་པོར་ཤེས་པར་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་གི་འདུ་ཤེས་དངོས་སུ་ཇེ་དྲག་ཏུ་གཏོང་བ། ཡང་འབད་བསྐྱར་འབད་དང་གནད་འཁེལ་ཇུས་བསྟར་བྱེད་པ། སྔར་ལས་ནུས་པ་ཡོད་པའི་འགུལ་སྐྱོད་དང་སྔར་ལས་ཏན་ཏིག་གི་བྱ་བར་བརྟེན་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཕོངས་ཁྲོད་ཀྱི་དཀའ་ཁག་ཆེན་པོ་སེལ་བ་བཅས་བྱས་ནས། དབུལ་ཐར་མཁྲེགས་གཏོར་ཞེས་པའི་འབྱོར་འབྲིང་སྤྱི་ཚོགས་དུས་ལྟར་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་མཁྲེགས་གཏོར་འཐབ་འཛིང་འདི་ལས་རྣམ་པར་རྒྱལ་བར་ཁག་ཐེག་བྱེད་དགོས།
        གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་དང་། ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་ཞིང་ཆེན་གྱིས་སྤྱིའི་འགན་ཁུར་བ། གྲོང་ཁྱེར་དང་རྫོང་གིས་དངོས་འབེབས་དམ་འཛིན་བྱེད་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་རྒྱུན་འཁྱོངས། དབུལ་སྐྱོར་བྱ་བའི་རྣམ་པ་ཆེན་པོ་རྒྱུན་འཁྱོངས། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ད་ལྟའི་དབུལ་ཐར་ཚད་གཞི་རྒྱུན་འཁྱོངས་བཅས་བྱས་ནས། དབུལ་ནག་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་ལ་དམ་དུ་དམིགས་པ་དང་། གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། སྲིད་ཇུས་མཁོ་འདོན་ལེགས་སྒྱུར་བྱེད་པ། ནུས་པ་ཡོད་ཚད་འདོན་པ། དབུལ་ཕོངས་མི་གྲངས་ཀྱི་ནང་གནས་སྒུལ་ཤུགས་ཧུར་ཐག་གིས་ཆེ་རུ་བསྐྱེད་པ། དབུལ་ཕོངས་མི་གྲངས་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར་བའི་རྨང་གཞི་ཧུར་ཐག་གིས་སྲ་བརྟན་དུ་གཏོང་བ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཧུར་ཐག་གིས་ཤུགས་སྣོན་པ་བཅས་བྱས་ཏེ། དབུལ་ཕོངས་མི་གྲངས་ཀྱི་ཐོབ་ཚོར་དངོས་སུ་མཐོར་འདེགས་བྱེད་པ་དང་། ཉིས་སྟོང་ཉི་ཤུ་ལོར་ཐོན་སྐབས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་རྣམས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ཁག་ཐེག་བྱས་ནས། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་རྨང་གཞི་བཟང་པོ་འདིང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1