2018ལོའི་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཁྲི་975ཡོད་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-06
མཐོ་རྒྱུགས་ཀྱི་དུས་ཚོད་སླེབས་ལ་ཉེ་བའི་སྐབས་འདིར། 2018ལོའི་མཐོ་རྒྱུགས་སུ་ཞུགས་མཁན་སློབ་མ་ཁྲི་975ཡོད་ཅིང་། དེ་ནི་2017ལོ་ལས་མི་ཁྲི་35མང་བ་ཡོད་པ་དང་། ཉེ་བའི་ལོ་8རིང་གི་མཐོ་རྒྱུགས་སུ་ཞུགས་མཁན་གྱི་མི་གྲངས་ཆེས་མང་བའི་ལོ་ཞིག་ཡིན་པ་རེད། ད་ལོའི་མཐོ་རྒྱུགས་ཀྱི་སྲིད་ཇུས་ལ་ཁྱད་ཆོས་གསར་པ་གང་དང་། མཐོ་སློབ་ཏུ་ཆེད་ལས་གསར་པ་གང་དང་གང་གསར་དུ་སྣོན་ཡོད་པ་ནི་ང་ཚོས་དོ་སྣང་བྱ་འོས་པ་ཞིག་རེད།
གཅིག མཐོ་རྒྱུགས་ལ་འདྲ་མཉམ་མངོན་པ་བྱེད་པ།
ལུགས་དང་མི་མཐུན་པའི་སྐར་གྲངས་སྣོན་པའི་རྣམ་གྲངས་མེད་པ་བྱས་པ། འདི་ནི་ཞིང་པའི་བུ་ཕྲུག་ངོས་ནས་བཤད་ན། སློབ་ཆེན་དུ་བསྐྱོད་ཐུབ་པའི་གོ་སྐབས་མང་ཙམ་ཐོབ་པས། དེ་ལས་མཐོ་རྒྱུགས་ཀྱི་འདྲ་མཉམ་མངོན་ཡོད་པ་རེད་ཅེས་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་སློབ་གསོ་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེ་མོ་ཧྥ་ལགས་ཀྱིས་གསུངས།
ཉེ་བའི་ལོ་འགའི་ནང་དུ། མཐོ་རྒྱུགས་ལ་སྐར་གྲངས་སྣོན་པའི་སྲིད་ཇུས་ནི་སྤྱི་ཚོགས་ཀྱི་དོ་སྣང་བྱ་ཡུལ་ཞིག་ལ་གྱུར་ཡོད་པ་དང་། ད་ལོའི་མཐོ་རྒྱུགས་ཁྲོད་དུ། སྐར་གྲངས་སྣོན་པའི་རྣམ་གྲངས་ནི་གོམ་གང་མདུན་སྤོས་ངང་ཉུང་དུ་བཏང་ཞིང་ཚད་ལྡན་དུ་བཏང་ཡོད་པ་རེད།
ད་ལོའི་ཟླ་3པར། སློབ་གསོ་པུའུ་ཡིས་2018ལོའི་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་བའི་ལས་ཀ་སྒྲུབ་སྐབས། ཕྱོགས་ཡོངས་ནས་ལུས་རྩལ་ལ་མཁས་པའི་སློབ་མ་དང་། སློབ་འབྲིང་སློབ་མ་ཨོ་ལིན་ཕིག་འགྲན་སྡུར་རིག་ཚན། ཚན་རྩལ་རིགས་ཀྱི་འགྲན་བསྡུར། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་མ། བསམ་བློ་ཆབ་སྲིད་ཀུན་སྤྱོད་ཕུལ་བྱུང་ཅན་སོགས་རྒྱལ་ཁབ་རང་བཞིན་གྱི་མཐོ་རྒྱུགས་ཀྱི་གྲུབ་འབྲས་ཐོག་སྐར་མ་སྣོན་པའི་རྣམ་གྲངས་མེད་པ་བཟོས་པ་རེད།
གཉིས། གསར་དུ་སྣོན་པའི་ཆེད་ལས།
མཐོ་རྒྱུགས་ཀྱི་དུས་ཚོད་སླེབས་ལ་ཉེ་བ་དང་བསྟུན་ནས། རྒྱལ་ཡོངས་ཀྱི་མཐོ་སློབ་སོ་སོས་སློབ་མ་བསྡུ་བའི་སྲིད་ཇུས་ཀྱང་མུ་མཐུད་ནས་སྤེལ་བ་སྟེ། མཐོ་སློབ་མང་པོས་རང་ཉིད་ཀྱི་ཁྱད་ཆོས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོ་གཉིས་ཟུང་དུ་སྦྲེལ་ནས། ཆེད་ལས་གསར་པ་དང་བྱ་གཞག་གསར་པ་མང་པོ་སྣོན་ཡོད་པ་རེད།
ཐེན་ཅིང་སློབ་ཆེན་དུ་རིག་ནུས་ཀྱི་གསོ་རིག་ལས་གྲྭ། མཛེས་ལྗོངས་སྐྱེད་ཚལ། རྒྱ་མཚོའི་སྐོར་གྱི་ཚན་རིག་བཅས་དངོས་གཞིའི་ཆེད་ལས་3གསར་དུ་སྣོན་པ་དང་། དེའི་ཁྲོད་དུ་རིག་ནུས་ཀྱི་གསོ་རིག་ལས་གྲྭ་ཆེད་ལས་ནི་རྒྱལ་ཡོངས་སུ་རིག་ནུས་ཕྱོགས་ཀྱི་གསོ་རིག་རིགས་ཀྱི་དངོས་གཞིའི་ཆེད་ལས་ཐོག་མ་དེ་ཡིན་པ་དང་། དེ་ནི"བདེ་ཐང་ཀྲུང་གོ་2030"རྒྱལ་ཁབ་འཐབ་ཇུས་ལ་ཁ་ཕྱོགས་པ་དང་། གཙོ་བོ་གསོ་བ་རིག་པའི་རྨང་གཞིའི་ཤེས་བྱ་དང་ལས་གྲྭའི་ལག་ལེན་ནུས་པ་ཡོད་པའི་གོ་གཉིས་ཆོད་ཀྱི་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་རེད།
པེ་ཅིན་བཟོ་ལས་སློབ་ཆེན་དུ་ནཱ་སྨི་རྒྱུ་ཆ་དང་ལག་རྩལ། འཕྲུལ་ཆས་མི་ལས་གྲྭ་བཅས་ཆེད་ལས་གཉིས་གསར་དུ་སྣོན་ཞིང་། གསར་དུ་སྣོན་པའི་ཆེད་ལས་འདི་གཉིས་ནི་བཟོ་ལས་ཚན་ཁག་གི་ཆེད་ལས་ཡིན་ལ། དེང་གི་སྤྱི་ཚོགས་དཔལ་འབྱོར་གྱི་ཁ་ཚ་དགོས་གཏུག་གི་སྣོལ་སྡེབ་མཉམ་འདུས་ཀྱི་ཆེད་ལས་ཀྱང་ཡིན་པ་རེད་ཅེས་སློབ་གྲྭ་དེའི་སློབ་མ་བསྡུ་བའི་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཏན་གྱིས་བཤད་པ་རེད།
པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་དུ་ཆེད་ལས་གསར་པ་14ལ་ཆོག་མཆན་ཐོབ་ཡོད་པ་སྟེ། དེ་དག་ནི་སྔོན་ཆད་མེད་པའི་ཕྱི་རྒྱལ་གྱི་སྐད་རིགས་ཆུང་ཆུང་གི་ཆེད་ལས་རྐྱང་རྐྱང་ཡིན་པ་རེད།
གསུམ། མཐོ་རྒྱུགས་ཀྱི་བདེ་འཇགས་མངོན་འགྱུར་བྱེད་པ།
མཐོ་རྒྱུགས་ནི་སློབ་མ་ཁྲི་སྟོང་གི་མ་འོངས་མདུན་ལམ་དང་འབྲེལ་བ་ཡོད་པས། བདེ་འཇག་འགན་སྲུང་ལས་དོན་ནི་ཧ་ཅང་གལ་ཆེ་བ་རེད། ཉིན་འགའི་ཚུན་དུ། ས་ཆ་སོ་སོ་ནས་མཐོ་རྒྱུགས་ཀྱི་བདེ་འཇགས་འགན་སྲུང་ལག་བསྟར་གང་མང་བྱེད་པ་སྟེ། ནུས་ཤུགས་ཡོངས་བཏོན་ཏེ"བདེ་འཇགས་མཐོ་རྒྱུགས"མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།
པེ་ཅིན་གྲོང་ཁྱེར་ལྟ་བུ་ཡིན་ན། རྒྱུགས་ཤོག་བསྐྱར་དཔར་བྱས་པ་ནས་འགོ་ཚུགས་ཏེ། སྐྱེལ་འདྲེན། དོ་དམ། ཡིག་རྒྱུགས་སྒྲིག་འཛུགས། རྒྱུགས་ཡིག་དཔྱད་བསྡུར་སོགས་གོ་རིམ་ཡོངས་ལ"ཆུ་ཚོད་24རིང་ལྟ་སྐུལ་བྱ་རྒྱུ" གོ་རིམ་ཡོངས་ལ་རྗེས་འདེད་ཆོག་པ་མངོན་འགྱུར་བྱ་རྒྱུ རྒྱུགས་ཤོག་གསང་བ་ཁང་གི་ལྟ་སྐུལ་བརྙན་ཆས་ལ་ཆུ་ཚོད་6རིང་གི་བརྙན་བལྟ་ཆོག་པ་སྟེ། སློབ་གསོ་སྒྲིག་བཤེར་སྡེ་ཁག་གི་གཏོང་རྒྱུ་འགན་ཁུར་ནས། མཐོ་རྒྱུགས་ཀྱི་རྒྱུགས་ཤོག་བདེ་འཇགས་འགན་སྲུང་བྱས་པ་རེད།