ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་ལྗོངས་ནས་“འབུམ་རམས་པའི”དགེ་འདུན་བསྡུ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-08


           ཟླ་6པར་བོད་ལྗོངས་སུ་མཐོ་རྒྱུགས་ཀྱི་བྲེལ་ཟིང་ཆེ་བའི་དུས་རིམ་དུ་སླེབས། སློབ་གྲྭས་གྲ་སྒྲིག་ཨང་གསར་བྱེད་ཀྱིན་ཡོད་ལ་སློབ་མས་ཀྱང་རྒྱུགས་ལ་གྲ་སྒྲིག་ཧུར་ཐག་གིས་བྱེད་བཞིན་ཡོད། མི་ཚང་མས་སླེབས་གྲབས་ཡོད་པའི་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར།ལྷ་ས་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཀྱང་“མཐོ་རྒྱུགས”ཐེངས་ཤིག་ལ་གྲ་སྒྲིག་བྱེད་བཞིན་མཆིས། འདིའི་“མཐོ་རྒྱུགས”ཞེས་པ་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་(གཤམ་དུ་བསྡུས་མིང་ལ་མཐོ་རིམ་ནང་བསྟན་སློབ་གླིང་ཞེས་བསྡུ་རྒྱུ)གིས་2018ལོར་མཐོ་རིམ་ཡོན་གནས་འཛིན་གྲྭར་སློབ་མ་བསྡུ་བའི་རྒྱུགས་ལེན་པ་དེ་ཡིན། སློབ་གྲྭའི་སློབ་མ་རྣམས་ཀྱིས་དངོས་གཞིའི་ཚན་ཁག་ལ་རྒྱུགས་སྤྲོད་པ་དེ་དང་བསྡུར་ན་གྲྭ་བ་དཔེ་ཆ་བས་རྒྱུགས་སྤྲོད་པའི་ཡོན་གནས་ཏེ་“མཐོ་རམས་པ”ཞེས་པ་ནི་འབུམ་རམས་པའི་བསླབ་གནས་དང་ཡོངས་སུ་མཚུངས། འདི་ལས་རྒྱུགས་ལེན་པའི་ཆུ་ཚད་མཐོ་བ་དང་རྒྱུགས་གཞི་དཀའ་བ་ནི་ང་ཚོས་ཚོད་དཔག་བྱེད་ཐུབ་པ་རེད།
           ད་ཐེངས་ཀྱི་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་ལྗོངས་ནས་བསྡུ་ལེན་བྱེད་བཞིན་པའི་ཁྱབ་ཁོངས་ནི་ས་སྐྱ་པ་དང་དགེ་ལུགས་པའི་གྲྭ་པ་ཡིན། སློབ་མ་བསྡུ་བའི་ལས་ཀ་དེ་ཟླ་6པའི་ཚེས་1ཉིན་ནས་མགོ་བརྩམས་ཏེ་ཟླ་6པའི་ཚེས་6ཉིན་བར་ཡིན་ལ།  རྒྱུགས་ལེན་པའི་ཉིན་འདི་དག་ལ་རྒྱུགས་ལེན་གྲྭ་པ་20ལྷག་ནང་དོན་རིག་པ་དང་།  ཆབ་སྲིད། རིག་གནས་བཅས་ཀྱི་བསླབ་བྱ་གསུམ་ལ་རྒྱུགས་ལེན་དགོས། ནང་དོན་རིག་པའི་རྒྱུགས་ལེན་ཁྱབ་ཁོངས་ནི་ཚད་མ་དང་། ཤེར་ཕྱིན། དབུ་མ་བཅས་ཀྱི་གཞུང་ཆ་ཚང་དང་། མངོན་པ། འདུལ་བ་སྟོད་ཆ་བཅས་ཡིན། ཆབ་སྲིད་ཀྱི་རྒྱུགས་ལེན་ཁྱབ་ཁོངས་ནི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། རིག་གནས་ཀྱི་རྒྱུགས་ལེན་ཁྱབ་ཁོངས་ནི་བོད་ཀྱི་བརྡ་སྤྲོད་དང་། རྩོམ་འབྲི། རྒྱ་ཡིག་གི་རྨང་གཞི་བཅས་ཡིན།
           དེའི་ཁྲོད་ཆེས་ཁྱད་ཆོས་ལྡན་པ་ནི་ནང་དོན་རིག་པའི་རྒྱུགས་གཞི་ཡིན། ནང་དོན་རིག་པའི་རྒྱུགས་ནི་མཚན་ཉིད་རྩོད་པའི་རྣམ་པ་ཡིན་ལ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཆོས་ར་ནས་དགེ་ལུགས་པ་དང་ས་སྐྱ་པའི་ནང་དོན་རིག་པའི་རྒྱུགས་དུས་མཉམ་དུ་ལེན་བཞིན་ཡོད། ཚད་མ་དང་། ཕར་ཕྱིན། དབུ་མ་བཅས་ནི་དམ་བཅའ་བས་དྲི་བ་འདོན་པ་ལ་རྒྱུགས་ལེན་པས་རྩོད་དགོས་པ་དང་། དེ་ནས་རྒྱུགས་ལེན་པས་ཚད་མ་དང་། ཕར་ཕྱིན། དབུ་མ་བཅས་ལས་དྲི་བ་གཅིག་བདམས་ནས་ རྒྱུགས་ལེན་གྲྭ་པ་ནང་ཁུལ་ནས་ ཐེངས་གཅིག་རྩོད་དགོས་པ་ཡིན།  མངོན་པ་དང་འདུལ་བ་ནི་རྒྱུགས་ལེན་པས་དྲི་བ་གཅིག་བདམས་ཤིང་རྒྱུགས་ལེན་གྲྭ་བ་ནང་ཁུལ་ནས་རྩོད་པ་བྱེད་དགོས། ཆོས་ར་ནས་རྩོད་པའི་དྡྷི་སྐད་ལྷང་ལྷང་གྲགས་ཤིང་།  རྒྱུགས་ལེན་གྲྭ་པ་དང་དྲི་བ་འདོན་མཁན། རྒྱུགས་ལེན་གྲྭ་པ་དང་རྒྱུགས་ལེན་གྲྭ་པ་བར་བཅས་ཕར་འགྲོ་ཚུར་འོང་བྱེད་ཅིང་། མཚན་ཉིད་རྩོད་ལ་བྱང་བའི་ཉམས་འགྱུར་ལྷུན་ཆགས་སུ་གྲུབ་ཁར། ཚིག་གདེང་མཐོ་ཞིང་གནས་ལུགས་ཀྱིས་ཕྱུག་པ་ཞིག་རེད།  སྐབས་འགར་ཁུངས་ལུང་དཔེ་གསུམ་གྱིས་འགྲན་ཞིང་། སྐབས་འགར་ཚིག་འཁྲུལ་བསྐོར་བའང་ཡོད་པས། ཆོས་རའི་གྲྭ་པ་སུ་ཡིན་ཡང་མདུན་ལ་ཕྱིན་ནས་ཚིག་འགའ་རྩོད་འདོད་ཀྱི་ཀུན་སློང་ངང་གིས་སྐྱེ་བ་ཞིག་རེད།
           མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་བསྡུ་བའི་གཞུང་དོན་ཁང་གི་འགན་འཁུར་བ་བཀྲ་ཤིས་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན།2018ལོར་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་འཛིན་གྲྭར་མི་39བསྡུ་རྩིས་ཡོད་པ་དང་།དེའི་ཁྲོད་དགེ་ལུགས་པ་13དང་།ས་སྐྱ་པ་13།ཇོ་ནང་པ་13བཅས་ཡོད། ཁོང་ཚོའི་སློབ་ཡུན་ལོ་གསུམ་ཡིན་ལ།འཆར་གཞི་ལྟར་ན་བོད་ལྗོངས་ནས་མི་9དང་།སི་ཁྲོན་ནས་མི་14། མཚོ་སྔོན་ནས་མི་12། ཀན་སུའུ་ནས་མི་2། ཡུན་ནན་ནས་མི2བཅས་བསྡུ་རྒྱུ་རེད། ལྗོངས་ཞིང་ལྔ་ཕུད་པའི་རྒྱུགས་ལེན་པ་ཡོད་ཚེ་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབ་སྟེ་ཐག་ཉེ་ས་ནས་རྒྱུགས་ལ་ཞུགས་ཆོག
           “དེ་སྔ་དགོན་སྡེ་ཁག་ནས་སློབ་མ་བསྡུ་བ་དེ་དང་བསྡུར་ན་ད་ལོའི་སློབ་མ་བསྡུ་སྟངས་ལ་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད།  བོད་ལྗོངས་དང་། སི་ཁྲོན། ཡུན་ནན་བཅས་ཀྱི་སློབ་མ་བསྡུ་སྟངས་ནི་ནང་བསྟན་སློབ་གླིང་གི་འབྲིང་རམས་པའི་ཡོན་གནས་ཐོབ་མཁན་ཁྲོད་ནས་ལེགས་བདམས་བྱ་རྒྱུ་གཙོ་བོ་ཡིན་ལ། དགོན་པ་ཁག་གི་ཕུལ་བྱུང་གྲྭ་པས་མི་སྒེར་གྱི་རེ་ཞུ་དང་ས་གནས་འབྲེལ་ཡོད་སྡེ་ཁག་གིས་འོས་སྦྱོར་མིང་འགོད་ཀྱིས་གཞོགས་འདེགས་བྱེད་པ་ཡིན། མཚོ་སྔོན་དང་ཀན་སུའུ་འབྲིང་རིམ་ཡོན་གནས་འཛིན་གྲྭའི་སློབ་མ་ད་དུང་མཐར་མ་ཕྱིན་པས་སྔར་བཞིན་དགོན་སྡེ་ཁག་གི་གྲྭ་རྒྱུན་ནས་བསྡུ་བ་ཡིན།
           ཕྱིན་ཆད་ཀྱི་སློབ་བསྡུའི་ལས་དོན་དེ་ཞིང་ཆེན་རིམ་པའི་ནང་བསྟན་སློབ་གླིང་གིས་གཙོ་ཁྲིད་བྱས་ཏེ། མཐོ་རིམ་ཡོན་གནས་མཐོ་རིམས་པ་དང་། འབྲིང་རིམ་ཡོན་གནས་འབྲིང་རམས་པ། དམའ་རིམ་ཡོན་གནས་ཚད་རམས་པ་བཅས་ཡོན་གནས་གསུམ་པོ་སྦྲེལ་མཐུད་དོན་དང་ལྡན་པ་ཞིག་བྱེད་དགོས།  སློབ་བསྡུའི་ལས་དོན་གྱི་ཁ་གཏད་རང་བཞིན་ཆེ་རུ་བཏང་ནས་སློབ་བསྡུའི་སྤུས་ཚད་མཐོར་འདེགས་ཡོང་ཆེད། མཐོ་རིམ་ནང་བསྟན་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་ཁག་རྒྱུགས་ར་སོ་སོར་ཕྱིན་ནས་ལྟ་སྐུལ་སློབ་སྟོན་གནང་བ་དང་།མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་བསྡུའི་གྲུབ་མཐའ་ལ་ཞིབ་འཇུག་གནང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཁག་དང་ནང་བསྟན་སློབ་གླིང་སོགས་འབྲེལ་ཡོད་སྡེ་ཁག་གིས་ང་ཚོར་རོགས་རམ་ཆེན་པོ་གནང་སྟབས། ད་ལོའི་སློབ་མ་བསྡུ་བའི་ལས་དོན་གྱི་འཕེལ་རིམ་ཧ་ཅང་བདེ་་རེད། མིག་སྔར་ཡུན་ནན་ཀྱི་ལས་ཀ་ཡོངས་སུ་འགྲུབ་ཅིང་། སི་ཁྲོན་ཀྱི་ཆ་ཤས་ཚར་ཡོད་ལ། བོད་ལྗོངས་ཀྱི་སློབ་བསྡུའི་ལས་དོན་ཡང་ལེགས་གྲུབ་ཟིན་གྲབས་ཡོད”ཅེས་བཀྲ་ཤིས་ཉི་མས་བཤད།
           ནག་ཆུ་གྲོང་ཁྱེར་སོག་རྫོང་ཆོས་འཁོར་དགོན་གྱི་དགེ་ལུགས་པའི་གྲྭ་པ་ཐུབ་བསྟན་དཀོན་མཆོག་ནི་ད་ལོའི་རྒྱུགས་ལེན་གྲྭ་པ་ཞིག་ཡིན། ཆོས་ར་ནས་ཁ་མྱུར་ཞིང་རིགས་པ་མགྱོགས་ལ། གནས་ལུགས་ཁོང་ལ་བྱང་བའི་ཁོང་བཅར་འདྲི་དང་ལེན་བྱེད་སྐབས་ངོ་ཚ་བཞིན་རང་གི་རྒྱ་སྐད་མི་བཟང་ཞེས་ལན་བཏབ། 2001ལོར་རབ་ཏུ་བྱུང་བའི་ཁོང་གིས་གཙོ་བོ་དགོན་པར་བོད་ཀྱི་བརྡ་སྤྲོད་སློབ་ཁྲིད་དང་དཔེ་ཆ་རྩོམ་སྒྲིག་གི་ལས་ཀ་སྒྲུབ་བཞིན་ཡོད། 2016ལོར་དགེ་བཤེས་“ལྷ་རམས་པའི་”བསླབ་གནས་བླངས།“རང་གི་བསམ་པར་རང་ཉིད་ལ་ཤེས་བྱ་ཉུང་དྲགས་འདུག་སྙམ། ཐེངས་འདིར་མཐོ་རམས་པའི་རྒྱུགས་ལ་ཞུགས་པ་ཡིན་པས། རང་ཉིད་ཀྱིས་རྒྱུགས་འབྲས་བཟང་བོ་ཞིག་ལེན་ཐུབ་པར་སྨོན།ང་རང་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕྱིན་ནས་ཤེས་བྱ་སྔར་བས་མང་བོ་དང་རྒྱ་སྐད་ཡག་པོ་སྦྱང་འདོད་ཆེ།”ཞེས་ཐུབ་བསྟན་དཀོན་མཆོག་གིས་བཤད།
           ངོ་སྤྲོད་བྱས་པར་གཞིགས་ན། རྒྱུགས་བླངས་ནས་ཚད་ལོན་པའི་གྲྭ་པ་རྣམས་ཀྱིས་མཐོ་རིམ་ནང་བསྟན་སློབ་གླིང་ནས་ལོ་གསུམ་ལ་སློབ་གཉེར་བྱེད་དགོས་ཤིང་། དེར་ཆེད་ལས་ཀྱི་སློབ་ཁྲིད་དབུ་མའི་གཞུང་གི་སྨད་ཆ་དང་། མངོན་པ་མཛོད་ཀྱི་སྨད་ཆ། འདུལ་བའི་གཞུང་བཅས་སྦྱང་དགོས་པ་མ་ཟད། ད་དུང་《རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྨང་གཞི》དང་། 《ཀྲུང་གོའི་ཉེ་རབས་ལོ་རྒྱུས།》《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས།》རྒྱའི་སྐད་ཡིག གློག་ཀླད། དཔྱད་རྩོམ། སུམ་རྟགས་དག་གསུམ་སོགས་ལའང་སྦྱང་དགོས་པ་རེད།
           “ང་ནི་ཡུན་ནན་ནས་ཡོང་བ་དང་། ཡུན་ནན་དུ་ས་སྐྱ་པའི་གྲྭ་བ་ཅུང་ཉུང་བས་ཐེངས་འདིར་རྒྱུགས་ར་བཙུགས་མེད། དེ་བས་ང་རང་བོད་ལྗོངས་ནང་བསྟན་སློབ་གླིང་དུ་འོངས་ནས་རྒྱུགས་ལ་ཞུགས་པ་ཡིན། ང་རང་ལ་མཚོན་ན་ཡག་པོ་འདུག རྒྱུགས་ལ་ཞུགས་པའི་ཞོར་དུ་བོད་ལྗོངས་ཀྱི་དགོན་སྡེ་སོ་སོར་ཕྱིན་ནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཐེངས་ཤིག་བྱས་ཆོག”ཁ་པར་ཐོགས་ནས་པར་རྒྱག་བཞིན་པའི་རྒྱུགས་ལེན་གྲྭ་པ་ཆོས་བརྩོན་བཟང་པོ་ནི་ལི་ཅང་གྲོང་ཁྱེར་ལུའུ་ཀུའུ་མཚེའུའི་འགྲམ་གྱི་རྟ་སྐྱ་དགོན་པ་ནས་ཡོང་བ་ཡིན། རྒྱ་སྐད་ཆུ་རྒྱུག་རྒྱུག་བཤད་བཞིན་རང་ཉིད་ལོ་འདི་དག་ལ་ས་ཆ་མང་པོར་སོང་ནས་ལྟ་རྒྱ་མང་པོ་བསྐྱེད་མྱོང་བར་བཤད། 
           “བྱང་ཤར་ཞིང་ཆེན་གསུམ་ཕལ་ཆེར་མྱུལ་ཚར་སོང་། ཁྱེད་རང་ཕྱིན་མྱོང་མེད་པའི་ས་ཆ་མང་པོ་ཞིག་ལ་ང་རང་འགྲོ་མྱོང་ཡོད་ཀྱི་རེད། ཐེངས་འདིར་རྒྱུགས་ལ་ཞུགས་པ་ནི་རང་ཉིད་ཀྱི་ནང་དོན་རིག་པའི་ཆུ་ཚད་གོང་མཐོར་གཏོང་བ་དང་ཆབས་ཅིག རང་ཉིད་ཀྱི་སྤྱི་ཚོགས་ཉམས་མྱོང་མང་པོ་བསགས་ནས་སྔར་ལས་ལྷག་པར་སྤྱི་ཚོགས་ལ་ཁ་ཕྱོགས་རྒྱུ་དེ་ཡིན།”གསར་འགོད་པའི་མདུན་ནས་ཆོས་བརྩོན་བཟང་པོས་སྤོབས་སེམས་ལྡན་པའི་སྒོ་ནས་དེ་ལྟར་བཤད།
           སྤྱི་ཚོགས་ཉམས་མྱོང་བཤད་དགོས་ན་ཀན་སུའུ་བླ་བྲང་དགོན་གྱི་འཇིགས་མེད་གྲགས་པར་མྱོང་ཚོར་ཟབ་མོ་ཞིག་ཡོད། “ངས་མཐོ་རིམ་ནང་བསྟན་སློབ་གླིང་ནས་ལས་ཀ་བསྒྲུབ་སྟེ་ལོ་10སོང་ཟིན། བགྲང་བྱ་བཅུ་ཕྲག་གཅིག་ལ་ང་རང་སློབ་བསྡུའི་ཚོགས་ཆུང་གི་རྗེས་འབྲངས་ཏེ་ལྗོངས་ཞིང་ལྔའི་ས་ཆ་གང་སར་ཕྱིན་མྱོང་བས། ལྟ་རྒྱ་དང་ནང་དོན་རིག་པའི་ཆུ་ཚད་གང་ཐད་ནས་མངོན་སུམ་གྱིས་ཇེ་ལེགས་སུ་ཕྱིན་སོང་། མཐོ་རིམ་ནང་བསྟན་སློབ་གླིང་གི་ལས་ཀ་བསྒྲུབ་ཏུ་རྒྱལ་ས་པེ་ཅིང་དུ་སླེབས་པས། བྱ་དངོས་གསར་པ་མང་པོ་ཞིག་མཐོང་ཞིང་སྤྱི་ཚོགས་ལའང་སྔར་ལས་ལྷག་པར་གོམས་པར་གྱུར། ད་ལོར་རྒྱུགས་ལ་ཞུགས་པའི་སློབ་བུ་རྣམས་ཀྱིས་སྐར་འབྲས་ལེགས་པོ་ཞིག་ལེན་ཐུབ་པར་སྨོན། མཐོ་རིམ་ནང་བསྟན་སློབ་གླིང་དུ་སླེབས་ནས་རང་ཉིད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་མཉམ་དུ་ལྟ་རྒྱ་ཐོས་རྒྱ་བསྐྱེད་ནས། ནང་དོན་རིག་པ་ལས་གཞན་པའི་ཤེས་བྱ་མང་པོ་རྒྱུད་ལ་འབྱོར་ནས་རང་ཉིད་དོན་དང་ལྡན་པར་ཤོག”ཅེས་གསུངས།
           ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་གཉིས་ཀྱིས་གྲོས་འགོ་བཏོན་ཏེ། 1987ལོའི་ཟླ་9པའི་ཚེས་1ཉིན་པེ་ཅིང་དགོན་སེར་ནུབ་མར་བཙུགས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བྱང་ཚད་མཐོ་བའི་གྲྭ་པ་གསོ་སྐྱོང་བྱེད་པའི་སློབ་གྲྭ་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་ཞིབ་ཕྲར་ལག་བསྟར་བྱེད་པའི་སྡེ་ཚན་དང་“མཐོ་རམས་པའི”ཡོན་གནས་སྤྲོད་ཐུབ་པའི་ལས་ཁུངས་ཉག་གཅིག་ཀྱང་ཡིན།
           “མཐོ་རམས་པ”ཞེས་པ་ནི་“མཐོ་རིམ་རབ་འབྱམས་པ”ཞེས་པའི་བསྡུས་མིང་སྟེ་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ཡིན། དེའི་དོན་ནི་“མཐོ་རིམ་གྱི་ཁྱད་དུ་འཕགས་པའི་ཡོན་ཏན་གྱིས་ཕྱུག་པའི་མི་སྣ”ཞེས་པར་གོ། “མཐོ་རམས་པའི”མཐོ་རིམ་མཚན་གནས་ལམ་ལུགས་དེ་2004ལོར་བཙུགས་པ་དང་།གྲུབ་མཐའ་ཆེན་མོ་ཡོངས་ལ་ཁྱབ། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཔེ་ཁྲིད་ལམ་ལུགས་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་དེང་རབས་ཀྱི་སློབ་གསོའི་བྱེད་ཐབས་མཉམ་དུ་སྤྱོད་པ་ཞིག་ཡིན་ཞིང་། དེའི་དགོངས་གཞི་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་གྱི་སྡེ་ནས་མཐོ་རིམ་གྲྭ་བཙུན་ཤེས་ལྡན་པར་རྒྱུགས་ལེན་དཔྱད་བསྡུར་གྱི་ལམ་ལུགས་སྲོལ་ཆགས་སུ་གཏོང་བ་དེ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1