རྔ་བ་ཁུལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-08


        ད་ལོ་ནི་འཛམ་གླིང་གི་ཁོར་ཡུག་ཉིན་མོའི་ལོ་47པ་ཡིན་པ་མ་ཟད། ཀྲུང་གོའི་སྐབས་བཞི་པའི་ཁོར་ཡུག་ཉིན་མོ་ཡིན། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་མང་ཚོགས་རྣམས་ཧུར་ཐག་ངང་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དུ་ཞུགས་པར་སྐུལ་འདེད་གཏོང་ཞིང་མཉམ་དུ་མཛེས་སྡུག་གི་ཀྲུང་གོ་བསྐྲུན་ཆེད། ཟླ6པའི་ཚེས་5ཉིན། ཁུར་ཁོར་ཡུག་སྲུང་སྐྱོང་ཅུས་དང་་རྔ་བ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་མཛེས་པའི་ཀྲུང་གོའི་སླད། ང་ནི་འགུལ་སྐྱོད་པ་ཡིན་ཞེས་པའི་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་འབར་ཁམས་གྲོང་ཁྱེར་དུ་སྤེལ།

        བྱ་འགུལ་གྱི་ཡུལ་དངོས་སུ། འབྲེལ་ཡོད་སྡེ་ཁག་གིས་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཡིག་ཆ་འགྲེམ་པ། བློ་འདྲིའི་ཞབས་ཞུ། བྱ་དགའ་ཡོད་པའི་དྲིས་ལན་འདེབས་པའི་འགྲན་སྡུར་སོགས་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་སྒོ་ནས་དྲིལ་བསྒྲགས་ཀྱི་བྱ་འགུལ་སྤེལ།  

        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་གསར་བ་དང་། སི་ཁྲོན་ཞིང་ཆེན་ཁྱབ་འགྱེད་སྦགས་བཙོག་གི་འགོག་བཅོས་སྲོལ་ཡིག སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཁྱབ་གདལ་གྱི་དྲི་བ་དྲིས་ལན། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱའི་དྲི་བ100དང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་གསར་པའི་འགུལ་རིས་གསལ་འགྲེལ་སོགས་དྲིལ་བསྒྲགས་རྒྱུ་ཆ་རིགས20ལྷག་དང་བསྡོམས་པས་ཚར1500ལྷག་བཀྲམ་ཡོད།


        ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་བརླན་ས་སྲུང་སྐྱོང་དང་བྱེ་འགྱུར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། རྒྱུན་ཆད་མེད་པར་ཚོད་བགམ་དང་ལག་ལེན་བྱས་པ་བརྒྱུད་དེ་སྤང་ལྗོངས་སླར་གསོ་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ས་ཞིང་བྱེ་འགྱུར་གྱི་ཚད་ཇེ་དལ་དུ་སོང་། མཛོད་དགེ་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། 2017ལོ་ནས་ད་བར། མཛོད་དགེ་རྫོང་གིས་བསྡོམས་པས་བྱེ་འགྱུར་རྩྭ་ཐང་སྤྱི་ཆིང་ཁྲི3.1ལྷག་བཅོས་སྐྱོང་བྱས།

        ད་ལོའི་ཟླ5པའི་མཚམས་སུ། རྔ་བ་ཁུལ་གྱིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་1དང་རྒྱལ་ཁ་རིམ་པའི་སྐྱེ་ཁམས་ཡུལ་གྲོང་16  ཞིང་ཆེན་རིམ་པའི་མཛེས་པའི་ཡུལ་གྲོང2ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་གྲོང་46ཞིང་ཆེན་རིམ་པའི་སྐྱེ་ཁམས་སྡེ་བ་30ཁུལ་རིམ་པའི་སྐྱེ་ཁམས་སྡེ་བ་529སོགས་གསར་འཛུགས་བྱས།
        གྲུབ་འབྲས་འདི་དག་ནི་རྔ་བ་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་གསར་བ་འཚོལ་ཞིབ་བྱས་པའི་འབྲས་བུ་གཡུར་དུ་ཟ་བ་དག་ཡིན་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1