༄༅།། སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་རྣམ་ཐར་ལ་ཅུང་ཙམ་དཔྱད་པ།

དཔལ་རྒྱམ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-08


དཔལ་རྒྱམ།
ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་ལམ་རིམ་བླ་རྣམ་ཁྲོད་ཀྱི་སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་མི་ཚེའི་རྣམ་ཐར་གཙོར་བཟུང་ཐོག དེ་འབྲེལ་གྱི་ལོ་ཚིགས་སོགས་ལ་དཔྱད་པ་བརྒྱུད། ལོ་དགོན་པ་དང་ཕྱིས་བྱུང་དགོན་སྡེ་ཁག་གི་བྱུང་བ་ལས་བཀའ་གདམས་གདམས་ངག་པའི་བསྟན་པ་དར་ཚུལ་རགས་ཙམ་དང་དེ་ལས་འཕྲོས་ཏེ། སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱི་སྐུ་ཚེ་གང་གི་མཛད་པ་ལོ་རྒྱུས་ཡིག་ཆ་གོ་བསྡུར་སྒོས་ངོ་སྤྲད་བགྱིས་ཡོད། 
མིང་བརྡ་གཙོ་བོ། སྤྱན་སྔ་བ་ཚུལ་ཁྲིམས་འབར།  ལོ་དགོན་པ།  བཀའ་གདམས་གདམས་ངག་པ།   
          ལར་བཀའ་གདམས་བྱ་བ་ནི། རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་འདོར་དུ་མེད་པར་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་གོ་བས་བཀའ་གདམས་ཞེས་རྗེའི་རྣམ་ཐར་དུ་གསུངས་པ་བཞིན། བོད་ཀྱི་སྒྲུབ་རྒྱུད་ཤིང་རྟ་ཆེན་མོ་བརྒྱད་ཀྱི་ཡ་གྱལ་དུ་གྲགས་པའི་བཀའ་གདམས་པར། མཉམ་མེད་ཇོ་བོ་ཡབ་སྲས་ནས་རིམ་པར་བརྒྱུད་དེ། བཀའ་གདམས་དགེ་བཤེས་གསེར་རིའི་ཕྲེང་བ་ལྟ་བུར་བསྟར་ཞིང་། ངེས་དོན་གྱི་རྣལ་འབྱོར་བ་འཁོར་བའི་ཕུན་ཚོགས་ལ་རྒྱབ་ཀྱིས་ཕྱོགས་ཤིང་། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེ་གཅིག་ཏུ་སྒྲུབ་པ་བཀའ་གདམས་དགེ་བཤེས་ཞེས་གཟུར་གནས་མཁས་པ་ཀུན་ཀྱི་ཁ་ན་སྙན་པ་རླུང་ལྟར་དུ་གྲགས་པའི་ཚུལ་མང་དུ་མ་སྤྲོས་ཀྱང་ཀུན་ལ་གསལ་མོད། བྱེ་བྲག་དགེ་བཤེས་སོ་སོས་མཛད་པ་ཇི་ལྟར་བགྱིས་ཚུལ་ནི་ཕྱོགས་གཅིག་ནས་ཡིག་ཆས་ཕུང་བ་དང་། གཞན་དུ་ཡིག་ཆ་འགའ་རེ་ཡོད་ཀྱང་དིང་གི་མང་མང་ཞིག་བཤད་སྒྲོས་ཐན་ཐུན་ཙམ་གྱི་རྗེས་སུ་འབྲང་རྒྱུ་ལས། རྣམ་ཐར་ཅུང་ཟད་རེ་ཡོད་པ་དག་ལ་ཡང་བློ་ཞིབ་མོས་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུ་ལྟ་ཞོག   ཐ་ན་བམ་ཀློག་ཙམ་ཡང་མ་ནུས་པར་ཐལ་རྡུལ་གཡོགས་ཏེ་ལྷགས་པ་ནི་སྐྱོ་བའི་གནས་སུ་ཟད།   
          འུ་ཅག་གི་ལོ་རྒྱུས་ཆོས་འབྱུང་སོགས་སུ་ཟུར་ཙམ་བལྟས་ན་སྤྱན་སྔ་ཟེར་བའི་མིང་འདི་བོད་སིལ་བུའི་རྗེས་ཀྱི་ལོ་རྒྱུས་རྣམས་སུ་གང་སར་མཆིས་པ་ཞིག་ཡིན་ལ། སྤྱན་སྔ་བ་དེ་དག་ལས་ལ་ལ་གཡུལ་ལ་མཁས་པའི་དཔོན་ཆེན་དང་། ཁ་ཅིག་གཞུང་ལ་མཁས་པའི་པན་ཆེན། ཡང་འགའ་རེ་ཉམས་ལེན་ལ་བརྩོན་པའི་རྣལ་འབྱོར་བ་སོགས་སྣ་ཚོགས་སུ་སྣང་ལ། དགེ་བཤེས་ཁོང་ལ་སྤྱན་སྔ་ཞེས་པའི་མིང་འདི་ཐོགས་ཚུལ་ནི་དེབ་ཐེར《མཁས་དགའ》ལས། ཉེ་གནས་རྟག་ཏུ་མཛད་པས་ན་སྤྱན་སྔ་བར་གྲགས་ཏེ། སྤྱན་སྔའི་མཚན་ཐོབ་པ་དང་པོ་ཡིན་①ཞེས་གསུངས་པ་དང་། ལོ་རྒྱུས་གཞན་དག་ཏུ་ཡང་དེའི་སྐོར་བརྗོད་སྟངས་མི་འདྲ་བ་འགའ་རེ་མཆིས་མོད་དོན་ལ་མི་མཐུན་པ་ཆེར་མེད་པས་འདིར་རེ་རེ་ནས་མི་བགྲང་། གསལ་བོར་བསྙད་ན། དགེ་བཤེས་གང་ཉིད་སྟོན་པ་ཆེན་པོའི་སྤྱན་སྔར་འཆག་སྟེ། སྟོན་པ་ཁོང་ཉིད་སྐུ་མ་གཤེགས་ཀྱི་བར་ལོ་ངོ་བརྒྱད་ཙམ་གྱི་རིང་ལ་ཉིན་མཚན་ལྟོས་མེད་ཀྱི་ཞབས་ཏོག་བསྒྲུབས་པས་དེ་ལྟར་ཐོགས་པ་རེད་འདུགའདིར་མཚན་ཐོབ་དང་པོ་ཞེས་པ་སྤྱན་སྔའི་མཚན་ཐོགས་པའི་སྔ་བ་ཡིན་ཞེས་པའི་དོན་ཡིན་པ་འདྲ། ཕྱིས་བྱུང་སྤྱན་སྔ་སོགས་ཕལ་ཆེར་ཁོང་ལས་འཕྱི་བའི་དུས་སུ་བྱུང་བས་སོ། ། སྤྱིར་སྤྱན་སྔ་དང་ཞབས་དྲུང་སོགས་ནི་ཚིག་ངོས་ནས་ཞབས་གཡོག་གམ་ཕག་ཕྱིའི་དོན་ལས་བསྟོད་ཚིག་ཏུ་གོར་མེད་ཀྱང་། འུ་ཅག་གིས་བླ་མའི་བཀའ་བཞིན་བསྒྲུབ་པ་དང་བླ་མར་ཞབས་ཏོག་སྒྲུབ་པ་བསོད་ནམས་ཀྱི་ཚོགས་སུ་འདོད་ཅིང་། དགེ་བའི་བཤེས་གཉེན་དང་རྒན་པ་ལ་ཞབས་ཏོག་བསྒྲུབ་པ་བོད་མིའི་ཀུན་སྤྱོད་ཀྱི་ངོར་ཡང་ཡ་རབས་སུ་བཀུར་བས། སྤྱན་དང་ཞབས་སོགས་ཀྱི་ཞེ་ས་སྦྱར་ནས་ཆེ་བསྟོད་ཀྱི་དོན་དང་ལྡན་པ་བྱས་པར་སྣང་བས། ཚུལ་འདི་ནས་བལྟས་ན་བླ་དཔོན་མི་གྲགས་མཁས་ཆེན་དག་ལ་ཡང་སྤྱན་སྔ་དང་ཞབས་དྲུང་ལྟ་བུའི་མིང་འཛེམ་མེད་དུ་སྦྱར་བ་ཡིས་ལྡོག་སྟེ་ཆེ་བསྟོད་ཀྱི་དོན་ཞིག་མཚོན་གྱི་ཨེ་ཡོད་སྙམ།   
          ཁོང་གི་མཚན་ལ་ཡོངས་སུ་སྤྱན་སྔ་བ་ཚུལ་ཁྲིམས་འབར་ཞེས་གྲགས། གཞན་ད་དུང་སྟག་ཚབ་འབར་དང་།  སྤྱན་སྔ་ཀོ་ཤམ་པ། སྤྱན་སྔ་པཎྜིཏ་སོགས་མཚན་གྱི་རྣམ་གྲངས་དུ་མ་མཆིས། དེ་མིན《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》དུ། སྤྱན་སྔ་རིན་ཆེན་②ཞེས་པ་ཞིག་ཀྱང་འཁོད་འདུག་མོད་ཀྱི། ཡིག་ཆ་གཞན་ལས་མིང་འདི་མ་ཪྙེད་པས། ཁོང་གི་མིང་ཡིན་མིན་ཐད་ཁ་ཚོན་གཅོད་ཐབས་བྲལ།  
          འདི་ལྟར་ཁོང་གི་མཚན་གྱི་སྐོར་ཉུང་ཙམ་གླེང་སློང་གི་ཚུལ་དུ་སྔོན་ལ་སོང་རྗེས།  དཔྱད་རྩོམ་འདི་འབྲི་བའི་དགོས་དོན་ལ། དགེ་བཤེས་ཁོང་ཉིད་ནི་བཀའ་གདམས་པའི་བསྟན་པའི་སྲོག་ཤིང་དུ་བསྔགས་པའི་མཉམ་མེད་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སློབ་མའི་མཆོག་གྱུར་བཀའ་གདམས་སྤུན་མཆེད་གསུམ་དུ་གྲགས་པའི་ཡ་གྱལ་ཡིན་པ་དང་། སྤྱིར་རྒྱལ་བསྟན་སྤྱི་དང་བྱེ་བྲག་བཀའ་གདམས་གདམས་ངག་པའི་བསྟན་པ་ལ་མཛད་རྗེས་བླ་ལྷག་ཏུ་ཆེ་བ་དང་། ལྷག་པར་ཁོང་གིས་སྐུ་ཚེ་ཧྲིལ་བོའི་མཛད་པ་ཇི་ལྟར་བསྐྱངས་ཚུལ་གྱིས་དཔྱོད་ལྡན་རྣམས་སློབ་གཉེར་ལ་འཇུག་པའི་གཞེན་སྐུལ་དང་། ཚུལ་ཇི་ལྟར་འཇུག་དགོས་པའི་དཔེ་སྟོན་ལེགས་པོ་བགྱིས་པར་སྣང་བས་དང་། གཞན་རྣམ་ཐར་ཐད་ཀྱི་ཡིག་ཆ་དག་ཀྱང་ཡོངས་སུ་ཐོད་མི་མཚུངས་པས་ལོ་རྒྱུས་ཀྱི་དོན་དངོས་ལ་ཕྱོགས་སུ་ཉེ་བའི་དཔྱད་པ་ཅུང་ཟད་རེ་བགྱི་ཨེ་ཐུབ་སྙམ་པའི་དགོས་དོན་དང་ཀུན་སློང་གིས་བསྐུལ་ཏེ་དཔྱད་རྩོམ་འདི་བྲི་བའི་ལས་ལ་དངོས་སུ་ཞུགས་པ་ཡིན་ནོ།  །
དང་པོ། སྐུ་བལྟམས་པ་དང་ཆུང་ངུའི་དུས་ནས་ཐུན་མིན་གྱི་མཛད་པ་དུ་མ་བགྱིས་ཚུལ།
          གཅིག ཁོང་དང་འབྲེལ་བའི་ལོ་ཚིགས་ཐད་ཀྱི་བཞེད་པ་མི་མཐུན་པ་དང་རང་གི་འདོད་པ།   
          དགེ་བཤེས་ཁོང་གི་འཁྲུངས་ལོའི་ཐད་ལ་བཞེད་པ་མི་མཐུན་པ་གཙོ་བོ་གཉིས་བདོག་སྟེ། ལམ་རིམ་བླ་རྣམ་དང་བཀའ་གདམས་ཆོས་འབྱུང་། བྲག་དགོན་པའི་བསྟན་རྩིས་སོགས་ལྟར་ན། རབ་བྱུང་དང་པོའི་ཆུ་མོ་བྱ་ཡི་ལོ (སྤྱི་ལོ1033) ལ་འཁྲུངས་པར་བཞེད་པ་དང་།  དེབ་སྔོན་དང་མཁས་དགའ་སོགས་ལྟར་ན། རབ་བྱུང་དང་པོའི་ས་ཕོ་སྟག་གི་ལོ་སྟེ། སྤྱི་ལོ1038ལོར་འཁྲུངས་པར་བཞེད་པ་གཉིས་སོ། ། དེ་རྐྱེན་དུ་བྱས་ཏེ། རབ་ཏུ་བྱུང་བ་དང་སྟོན་པར་མཇལ་དུས་སོགས་ཀྱི་དགུང་གྲངས་ཕལ་ཆེར་ཀྱང་མི་འདྲ་བར་གྱུར། ལུགས་སྔ་མ་ལྟར་ན། དགུང་ལོ་ལོ་བཅོ་བརྒྱད་སྟེང་རབ་ཏུ་བྱུང་། ཉེར་ལྔ་བར་སྟོན་པ་དང་མཇལ། སོ་གསུམ་ཐོག་དགེ་བཤེས་སྟོན་པ་ཞིང་དུ་གཤེགས། དགུང་ལོ་དྲུག་ཅུ་རེ་གསུམ་པར་ལོ་དགོན་པ་ཕྱག་བཏབ། དགུང་ལོ་བདུན་ཅུ་དོན་གཅིག་པ་སྟེ་རབ་བྱུང་གཉིས་པའི་ཆུ་མོ་ལུག་གི་ལོའི་ (སྤྱི་ལོ་1103) སྨལ་ཟླ་བའི་ཚེས་ཉེར་གཅིག་ཉིན་དགོངས་པ་ཆོས་དབྱིངས་སུ་རྫོགས། ①ལུགས་ཕྱི་མ་དེབ་སྔོན་སོགས་ལྟར་ན། དགུང་ལོ་ཉི་ཤུ་བར་ར་སྒྲེང་དུ་ཕེབས། འབྲོམ་བསྟེན། དེ་ནས་ལོ་བརྒྱད་ཙ་ན། འབྲོམ་གཤེགས། དེ་དུས་སྤྱན་སྔ་དགུང་ལོ་ཉེར་བརྒྱད་ལ་སོན། དགུང་ལོ་ལྔ་བཅུ་ང་བདུན་སྟེང་ལོ་དགོན་པ་ཕྱག་བཏབ། དེར་ལོ་དྲུག་ལ་བཞུགས། དེ་ནས་སྨྱུག་རུམ་ལ་ཕེབས། དེར་ལོ་གསུམ་ལ་བཞུགས། དགུང་ལོ་དྲུག་ཅུ་རྩ་དྲུག་པ་སྟེ་རབ་བྱུང་གཉིས་པའི་ཆུ་མོ་ལུག་གི་ལོའི་ (སྤྱི་ལོ་1103) སྨལ་ཟླ་བའི་ཚེས་ཉིར་གཅིག་ཉིན་དགོངས་པ་ཆོས་དབྱིངས་སུ་རྫོགས། ①དེ་མིན་ལུགས་སྔ་ཕྱི་གཉིས་ཀར་ལོ་བཅུ་གཉིས་ལོན་པའི་ཚེ་ན་གཙང་གི་རྣལ་འབྱོར་མ་གོང་མོ་སྒང་བ་ལས་གདམས་པ་མནོས་པ་ཞལ་མཚུངས་ཀྱང་། དགུང་གྲངས་ཙམ་ཞལ་མཚུངས་པས་ལོ་ཚིགས་སོ་སོ་ཡིན། བཞེད་པ་མི་མཐུན་པ་འདི་གཉིས་ལས་ཁོ་བོ་དེབ་སྔོན་སོགས་ཀྱི་ལུགས་ལ་མོས་ཏེ། དེའི་རྒྱུ་མཚན་ནི་གཅིག་ནས།  དེབ་སྔོན་བརྩམས་གྲུབ་ཀྱི་དུས་ཚོད་བཀའ་གདམས་ཆོས་འབྱུང་ལས་སྔ་བ་དང་། བཀའ་གདམས་ཆོས་འབྱུང་ནི་ཕྱིས་ཀྱི་བཞེད་ཚུལ་མི་མཐུན་པ་འཛིན་པ་དག་ལས་ཅུང་སྔ་བ་ཡིན་པས། དེ་དག་གི་ཁུངས་འབའ་ཞིག་ཏུ་གྱུར་ཕྱིན། དུས་ཀྱི་ཆ་ནས་དེབ་སྔོན་སྔ་བས་ཡིད་རྟོན་ཕེར་བ་དང་། གཉིས་ནས། སྤྱན་སྔ་བ་ཁོང་གི་སྐྱེས་མིང་ལ། སྟག་ཚབ་འབར་ཟེར་བ་ནི་ཀུན་ཏུ་རྩོད་མེད་ཡིན་ཞིང་། མིང་འདིའི་ཟུར་སྟག་ཅེས་པ་ལས་ཏག་ཏག་ཁོང་ཉིད་སྐལ་བ་སྟག་གི་ལོ་ཞིག་ཏུ་སྐྱེས་པ་ཕལ་ཆེར་མཚོན་མི་འགྲོ་སྙམ་ཞིང་། འདི་ནི་རང་རེ་བོད་ཀྱི་ཐུན་མིན་མིང་འདོགས་སྟངས་ཤིག་སྟེ། བྱིས་པ་སྐྱེས་པའི་ལོ་རྟགས་དང་འབྱུང་བ་སོགས་ཀྱིས་མིང་གྲུབ་པར་བྱེད་པ་ནི་སྔ་མོ་ནས་བཟུང་ད་ལྟའི་བར་མཆིས་ལ། དཔེར་ན། སྟག་རྒྱལ། འབྲུག་ཐར། ལྕགས་ཐར་རྒྱལ་ལྟ་བུའི་མིང་མང་དུ་ཡོད་པས་ཀྱང་ཤེས་སླ།  གསུམ་ནས། དགེ་བཤེས་ཁོང་བཀའ་གདམས་སྐུ་མཆེད་གསུམ་གསུམ་ལས་དགུང་ལོ་ཆུང་ཤོས་ཡིན་པར་ཡོངས་སུ་གྲགས། གལ་སྲིད་ལུགས་སྔ་མ་ལྟར་ན་དགེ་བཤེས་པོ་ཏོ་བ་དང་ཁོང་གཉིས་བར་དགུང་ལོ་གསུམ་གྱི་བར་ཁྱད་ལས་མེད། ལུགས་ཕྱི་མ་ལྟར་ན་དགུང་ལོ་བརྒྱད་ཙམ་ཁྱད། ལུགས་སྔ་མ་བདེན་དུ་སྲིད་ན་ལོ་གསུམ་ཙམ་ལས་མི་ཁྱད་པས། ཁོང་གསུམ་ལས་ཁོང་ཉིད་དགུང་ལོ་ཆུང་དུས་ནས་ཉམས་རྟོགས་ཀྱི་ཡོན་ཏན་ཆེས་ཆེར་མངའ་བར་བཤད་པ་དང་། དགུང་ལོ་གཞོན་ཤོས་ཞེས་དམིགས་སུ་སྒྲོག་པའང་དགོས་པ་ཆུང་བར་སྣང་། བཞི་ནས། དེབ་སྔོན་དུ་ཡུལ་ཆེ་གེ་མོར་ལོ་ག་ཚོད་དུ་བཞུགས་ཚུལ་བཀའ་གདམས་ཆོས་འབྱུང་ལས་ཅུང་ཞིབ་མོར་ཡོད་ཅིང་། འདི་ཡང་ལོ་ཚིགས་འདི་དག་འཐད་ལྡན་དུ་སྒྲུབ་པའི་དཔང་རྟགས་སུ་ངེས། 
          གཉིས། སྐུ་བལྟམས་པ་དང་ཆུང་ངུའི་དུས་ནས་ཐུན་མིན་གྱི་མཛད་པ་མང་དུ་བགྱིས་ཚུལ།   
          དེ་ལྟར་ན་སྤྱན་སྔ་བ་ཚུལ་ཁྲིམས་འབར་ནི། བོད་རབ་བྱུང་དང་པོའི་ས་ཕོ་སྟག་གི་ལོར། ཡབ་དབས་ཤཱཀྱ་རྡོ་རྗེ་དང་། ཡུམ་ལི་མོ་ཡེ་ཤེས་སྒྲོན་གཉིས་ཀྱི་སྲས་སུ་ཉན་གྱི་སྣང་ར་སྒང་①ངམ་ཡང་ན་ཉན་གྱི་གླང་རའི་སྒང་གི་སྣང་རའི་བརྒྱུད་དེ་ད་ལྟའི་ལོ་དགོན་པའི་ཉེ་འདབས་ཤིག་ཏུ་འཁྲུངས་ཤིང་།  ཆུང་ངུའི་དུས་ནས་ཉམས་རྟོགས་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་རྒྱུད་ལ་མངའ་བ་ཞིག་ཏུ་སྣང་། སྤྱན་སྔའི་མ་ཡུམ་ནི་རང་བཞིན་གྱི་རྣལ་འབྱོར་མ་ཡིན་པར་གྲགས་པ་དང་། སྤྱན་སྔ་ཁོང་ནི་སྔོན་ཡུན་རིང་བོ་ནས་ལམ་ལ་སྦྱངས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་གནད་རྣམས་ཆུང་ངུའི་དུས་ནས་ཡིད་ལ་བཅགས་ཤིང་། ཆུང་དུས་ནས་འདུས་བྱས་མི་རྟག་པ་དང་འཆི་བ་མི་རྟག་སོགས་ཡིད་ལ་དྲན་ཏེ་རྒྱུན་དུ་བཤུམ་པ་དང་། ལན་ཅིག་ཡུམ་གྱིས་པང་ནས་སློབ་དཔོན་གྲོང་འདུལ་བ་ཞིག་ལས་ཕུང་བོ་ལྔའི་རྣམ་གཞག་གསན་པར། བདག་མེད་ཀྱི་ལྟ་བ་རང་འཁྲུངས་སུ་བྱུང་། དགུང་ལོ་བཅུ་གཉིས་ལོན་དུས (སྤྱི་ལོ1048) རྣལ་འབྱོར་མ་གོང་སྒང་བ་བྱ་བ་ལས་གདམས་ངག་གསན་པས་མྱོང་བ་ཁྱད་པར་བ་སྐྱེས་པར་གསུངས་ལ། ད་དུང་ཆུང་དུས་སུ་ལྷག་པའི་ལྷ་མང་པོའི་སྣང་བ་ཡང་ཡང་འཆར་ཚུལ་ཡང་གསུངས་སོ། ། མདོར་ན། ཁོང་ནི་ཆུང་ངུའི་དུས་ནས་བདག་མེད་ཀྱི་ལྟ་བར་ངེས་པ་འདྲོངས་ཤིང་། ལམ་གྱི་རིམ་པ་ལ་བློ་སྦྱངས་པས་བག་ཆགས་ཀྱི་སྟོབས་གཞན་ལ་དྲིང་མི་འཇོག་པ་མངའ་བ། སྟོང་ཉིད་མངོན་སུམ་དུ་རྟོགས་པ་བཅས་ཆུང་ངུའི་དུས་ནས་སྐྱེ་བོ་ཕལ་བའི་ངང་ཚུལ་ལས་ཆེར་ཆེས་འགོངས་པའི་ཁྱད་ཆོས་དུ་མ་དང་ལྡན་པར་གྲགས།
གཉིས་པ། རབ་བྱུང་གི་སྒོར་ཞུགས་ཏེ་བསླབ་པ་ཉམས་ལེན་ལ་གཅིག་ཏུ་བརྩོན་ཚུལ། 
          གཅིག  རབ་ཏུ་བྱུང་བ་དང་དགེ་བཤེས་སྟོན་པའི་རྗེས་སུ་བཟུང་བ།   
          དགུང་ལོ་བཅུ་གསུམ་པར (སྤྱི་ལོ1049) སྟོད་ལུང་ཚ་ཐོག་དགོན་པར་མལ་ཤེས་རབ་སེམས་དཔའི་དྲུང་ནས་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་འབར་དུ་བཏགས། དེར་ཡུམ་གྱིས་རྨི་ལམ་དུ་དུང་དཀར་བུས་པ་ཐོས་པས། ངས་བུ་འདི་རབ་ཏུ་བྱུང་ནས་གྲགས་པ་ཡང་ཆེ་བ་ཞིག་འོང་བར་འདུག་ཅེས་གསུངས་པར་གྲགས། ཚ་ཐོག་དགོན་དུ་ཕེབས་པའི་ཞོར་ལ་ཇོ་བོ་དང་མཇལ་ནས་སེམས་བསྐྱེད་གསུངས་པ་གསན་ཞིང་། ཇོ་བོས་གསེར་གླིང་བའི་བུམ་པ་པདྨའི་མཆུ་ཅན་གནང་སྟེ། ངས་ཆོས་རྒྱུད་འཛིན་པ་ཞིག་ཡོང་ཞེས་གསུངས། དེ་ལ་བལྟས་ན་སྤྱན་སྔ་མཆོག་ཆུང་དུས་ནས་སྐྱེ་བོ་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞིང་། ཇོ་བོ་མཆོག་གིས་ཀྱང་མ་འོངས་པར་རང་གིས་བསྟན་པ་གང་ལ་གཏད་རྒྱུའི་དམིགས་ཡུལ་གྱིས་གདམས་ངག་དམིགས་བསལ་གྱིས་ལེགས་ལམ་དུ་བཀྲིས།   
          དེ་ནས་དགུང་ལོ་ཉི་ཤུ་ཉེར་གཉིས་ཀྱི་བར་ལན་ཆ་རབ་དང་རུག་པར་སློབ་གཉེར་བགྱིས། ལྷག་པར་ལེགས་སྦྱར་གྱི་སྐད་ལ་གསན་སྦྱོང་མང་དུ་མཛད་དེ། ཆུ་མགོ་གངས་དང་ཆོས་མགོ་རྒྱ་གར་ལ་ཐུག་པའི་དཔེ་ལྟར། རྒྱ་གར་རྡོ་རྗེ་གདན་དེ་བསྟན་པའི་འབྱུང་ཁུངས་འཁྲུལ་མེད་དུ་ངེས་པས། གང་དེར་སློབ་གཉེར་དུ་ཕེབས་པའི་འདུན་པ་ཤུགས་དྲག་འཁྲུངས། ཡང་དེའི་དུས་སུ་མདོ་སྡེ་གཟིགས་པས་ཆོས་ཐོག་ཧྲིལ་ཧྲིལ་དུ་འགྲོ་བས། སངས་རྒྱས་ཀྱི་ས་ལ་བགྲོད་པར་བླ་མ་མི་དགོས་པར་སྣང་སྙམ་པ་བྱུང་། ཡིན་ནའང་ཕྱིས་སུ་བསམ་ན་སྔར་གྱི་དེས་གར་ཡང་མ་ཕྱིན་པར་འདུག་གསུངས། ཡུམ་གྱི་སྙིང་ནས་ཆོས་གཤའ་མ་ཞིག་བྱ་སྙམ་ན་དགེ་བཤེས་སྤྱན་སྔར་འགྲོ་གསུངས་ནས། དགུང་ལོ་ཉེར་གཉིས་ཀྱི་སྟེང་། སྟོན་པ་རིན་པོ་ཆེའི་དྲུང་དུ་ཁྲིད་ནས་ཁོང་དང་མཇལ། ཕྱིས་སུ་དེ་ནི་ཁོང་གི་མ་ཡུམ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་པས་འདིར་བསྐྱལ་བ་ཡིན་ཞེས་ཁོང་རང་གི་ཞལ་ནས་གསུངས། ① དེ་ནས་ཁོང་གིས་སྟོན་པའི་དྲུང་དུ་བཅར་ནས་ཁོང་ལ་འགྲོ་ཆོས་ཞུས་ཏེ་རྒྱ་གར་དུ་འགྲོ་དགོངས་པར།  ཁོང་གིས་རྒྱ་གར་དུ་མ་འགྲོ་ངས་ཐུགས་ལ་གདགས་གསུངས་པས། དགེ་བཤེས་སྟོན་པས་ཐུགས་ལ་འདོགས་ན་འགྲོ་དོན་མི་འདུག་སྙམ་②ནས་རྒྱ་གར་ལ་མ་ཕེབས།  སྐབས་དེར་རྒྱ་གར་ལ་ཕེབས་སུ་མ་གནང་བར་ཡང་རྒྱུ་མཚན་འདུག་སྟེ། རྒྱུ་མཚན་ནི་སྐབས་དེར་རྒྱ་གར་གྱི་བརྒྱུད་ལམ་བལ་ཡུལ་སོགས་སུ་སྡེ་གཟར་བྱུང་ཞིང་ཡུལ་ཁམས་མི་བདེ། ཆོས་སྣུབ་ཀྱིན་པའི་དུས་དུ་འཁེལ་ཡོད་པས། གལ་སྲིད་ཁོང་དེ་དུས་རྒྱ་གར་དུ་ཕེབས་ན།  གཅིག་ནས་ཆོས་ལ་གསན་བསམ་ལེགས་པོ་ཞིག་བགྱི་མི་ཐུབ་པ་དང་། གཉིས་ནས་ལམ་བར་དུ་དུག་སྦྲུལ་གཅན་གཟན་ལ་སོགས་ལམ་ཕྲེང་གི་འཇིགས་པ་དང་། ཕྱི་རོལ་བའི་དམག་དཔུང་དང་འཕྲད་ན།  ཁོང་གི་སྐུ་སྲོག་ལ་ཡང་འཚེ་མི་སྲིད་པ་མིན་པས།  དེ་ལ་སོགས་པར་དགོངས་ཏེ་ཁོང་རྒྱ་གར་དུ་འགྲོ་བར་མ་གནང་བ་ཡིན་འདུག   ལྷག་པར་འབྲོམ་སྟོན་པ་ཁོང་ནི་རྒྱ་གར་ཤར་ནུབ་གཉིས་ཀྱི་པཎྜིཏ་ཡོངས་ལས་མཁས་པའི་རྩེར་སོན་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་ཡིན་པས།  རྒྱ་གར་དངོས་སུ་ཕེབས་ཀྱང་ཁོང་ལས་ལྷག་པའི་བླ་མ་ཞིག་ཪྙེད་དུ་མེད་པས། སྤྱན་སྔ་བ་ཡང་ཁོང་གི་ཞལ་བཀོད་ལྟར། རྒྱ་གར་དུ་མ་ཕེབས་པར་མ་ཟད། ཁོང་ལས་བྱང་ཆུབ་ལམ་རིམ་སོགས་ཆོས་ཚན་རབ་དང་རིམ་པ་མང་དུ་གསན་སྣང་མཛད།   
          ཡང་རྣམ་ཐར་ལས་ཤེས་ཐུབ་པ་ནི། ཁོང་ཉིད་དགེ་བཤེས་སྟོན་པས་རྗེས་སུ་བཟུང་རྗེས། ཁོང་གིས་སྒྲུབ་པ་ཉམས་ལེན་ལ་ལྷུར་བླངས་ཏེ། ལན་ཅིག་དགེ་བཤེས་སྟོན་པའི་གྲུབ་མཐའ་ཞིག་གསུང་བ་གསན་དུ་བྱོན་པས། སྟོན་པའི་ཞལ་ནས། ངས་ཁྱོད་ལ་སྒོམ་ཆེན་ཞིག་རེ་བ་ཡིན། ཁྱོད་རང་ནང་དུ་སྒོམས་ཤིག་གསུང་བས། སྤྱན་སྔས་ཕྱག་མཛད་ནས་བྱོན་པ་དང་། སྟོན་པའི་ཞལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་བྱ་བ་དེ་ཁོ་འདྲ་བ་ཞིག་ལ་ཟེར་བ་ཡིན་གསུངས་①ཞེས་བྱུང་བ་དང་། ཕྱིས་སུ་སྟོན་པ་རིན་པོ་ཆེ་སྐུ་གཤེགས་ཏེ་དགོན་པ་བ་བསྟེན་པའི་དུས་སུ་ཡང་། ངེས་འབྱུང་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ། མཚན་མོ་མནལ་ཡེ་མེད་པར་ལམ་རིམ་སྒོམ་པ་ལ་ཁོར་ཡུག་ཏུ་འབད་པས་རྣལ་འབྱོར་བ་ཆེན་པོས་བག་རེ་ཚོགས་དེ་ཙམ་བརྩོན་པ་ན་ཁམས་ལོག་ཉེན་ཡོད་གསུངས་པ་ལ། སྤྱན་སྔས་དེ་ལྟར་ལགས་ཏེ། དལ་འབྱོར་འདི་ཪྙེད་དཀའ་བས་གསུངས་②ཞེས་པས་ཀྱང་ཁོང་གིས་དགེ་བཤེས་སྟོན་པའི་བཀའ་བཞིན་སྒོམ་ཆེན་ཞིག་ལ་བརྩོན་པ་ཤེས་ལ། ཕྱིས་སུ་བཀའ་གདམས་གདམས་ངག་པའི་ཆོས་རྒྱུད་རྒྱ་ཆེར་སྤེལ་ཏེ་ཉམས་ལེན་ལྷུར་ལེན་པའི་སྒོམ་ཆེན་མང་དུ་གསོ་སྐྱོང་གནང་བ་དེ་དང་འབྲེལ་བ་ཨེ་ཡོད་སྙམ།  དེ་ལྟར་ཁོང་གིས་སྐུ་ཚེ་གང་བོར་དལ་འབྱོར་ཪྙེད་དཀའ་བར་དགོངས་ནས་དལ་འབྱོར་དོན་ལྡན་དུ་བྱ་བར་བརྩོན། ལྷག་པར་དགེ་བཤེས་སྟོན་པའི་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་མང་དུ་བསྐྱངས་པ་ནི། སྤྱན་སྔ་བའི་འཚོ་ཆས་ཤིན་ཏུ་བཀྲེན་པས་ན་བཟའ་རྣམས་ཧྲལ་ཧྲུལ་དུ་གྱུར་ཏེ། མཐང་གོས་ལ་ཀོ་བའི་ལྷན་པ་བྱས་པས་སྤྱན་སྔ་ཀོ་ཤམ་ཅན་ཞེས་གྲགས་པ་ལྟར་འཚོ་ཆས་ལ་ཆོག་ཤེས་པ་དང་འཁོར་བའི་ཕུན་ཚོགས་ལ་བློ་ལོག་སྟེ་འདུ་བྱེད་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་ཏུ་ངེས་པ་ནི་འདི་ཙམ་གྱིས་ཀྱང་རྟོགས་ནུས།   
          གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་ཚུལ་ནི་ལམ་རིམ་བླ་རྣམ་ལས་ཡོངས་རྫོགས་རྣལ་འབྱོར་བའི་ཞལ་ནས། དགེ་བཤེས་སྟོན་པའི་ཐུགས་ལ་འདོགས་པར་སྣང་བས། ཁྱེད་རང་གསང་སྔགས་ཀྱི་ཆོས་ཞུས་ན་འོང་གསུང་བས། སྐུ་མཆེད་གཞན་གཉིས་ཀྱི་དྲོའི་དུ་བ་རེང་བྱུང་དུས་སྤྱན་སྔས་དྲོ་ཐོན་པར་བྱས། དེར་དགེ་བཤེས་སྟོན་པ་དྲོའི་དུས་བཞེས་སྐྱོ་སུན་རེ་གསོལ་བས། དེ་དུས་སུ་གདམས་ངག་ཞུས་པས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདམས་ངག་མ་ལུས་པ་གནང་བ་ཡིན་ཞེས་གསལ་བ་ལྟར། གསང་སྔགས་ཀྱི་གདམས་ངག་མ་ལུས་པ་མནོས།  འདི་ལྟར་རྒྱལ་བའི་བཀའ་མདོ་སྔགས་གཉིས་ཀྱི་ཆོས་མ་ལུfས་པར་གསན་བསམ་ལྷག་མེད་མཛད་ཅིང་། ལྷག་པར་འབྲོམ་སྟོན་པས་ཉོན་མོངས་ཐམས་ཅད་ཀྱི་གཉེན་པོ་བྱེད་ནུས་པའི་ཆོས་ནི་རྟེན་ཅིང་འབྲེལ་འབྱུང་བ་ཟབ་མོ་སྟོང་ཉིད་ཀྱི་ཆོས་ཡིན་གསུངས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་དབུ་མ་ཐལ་འགྱུར་བའི་གདམས་ངག་གནངས་པར་ངེས་པ་ཆེས་ཆེར་འདྲོངས། དེ་ལྟར་དགེ་བཤེས་སྟོན་པ་དང་མཇལ་བ་ནས་ནམ་གཤེགས་བར་འབྲལ་མེད་དུ་ལོ་བརྒྱད་ལ་བསྟེན། སྤྱི་ལོ1064ལོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྨྱུག་རུམ་དུ་སྐུ་གཤེགས། དེ་དུས་སྤྱན་སྔ་བ་དགུང་ལོ་ཉེར་བརྒྱད་ཡིན། 
          གཉིས། དགེ་བཤེས་སྟོན་པ་སྐུ་གཤེགས་རྗེས་རྣལ་འབྱོར་བ་སོགས་བསྟེན་ནས་བསྒྲུབ་པར་བརྩོན་ཚུལ།   
          དགེ་བཤེས་སྟོན་པ་དགོངས་པ་རྫོགས་རྗེས། བླ་མ་འདས་པས་ཐུགས་ངལ་ཆེན་པོ་བྱུང་བར། ནུབ་གཅིག་རྨི་ལམ་དུ་ཉི་མ་ཞིག་ལུས་ལ་ཤར་བ་དགེ་བཤེས་སྟོན་པའི་ཡོན་ཏན་མ་ལུས་རང་གིས་ཐོབ་པ་ཡིན་ཨང་སྙམ་པ་བྱུང་བར། ཁོང་གིས་རྣལ་འབྱོར་བ་གོང་འོག་འདི་རྣམས་ལ་ཇོ་བོའི་ཡོན་ཏན་མ་ལུས་པ་མངའ་བ་ཡིན་སྙམ་①ཞིང་། རྣལ་འབྱོར་བ་རྣམས་ཀྱི་ཆེ་བ་གཅིག་ཏུ་བསྡུས་ན་དགེ་བཤེས་སྟོན་པའི་ཡོན་ཏན་མ་ལུས་པ་མི་གཅིག་འཐོབ་ནུས་པར་དགོངས། ཡང་ཁོང་གིས་རྣལ་འབྱོར་བ་ཆེན་མོ་དེ་བདེན་གཉིས་དང་ལས་ཁ་ཚར་ལ་དགེ་བཤེས་སྟོན་པ་བས་ཀྱང་ཅི་ཞིབ་ཙམ་དུ་བྱུང་། དགོན་པ་བ་དེ་སྒོམ་སྐྱོན་སེལ་བ་དང་ཆོས་ཟབ་མོ་ཐམས་ཅད་ལ་དགེ་བཤེས་སྟོན་པ་བས་ཀྱང་ཅི་ཞིབ་ཙམ་དུ་བྱུང་། རྣལ་འབྱོར་བ་ཤེས་རབ་རྡོ་རྗེ་དེ་གྲུབ་མཐའ་ལ་དགེ་བཤེས་སྟོན་པ་བས་ཀྱང་ཅི་ཞིབ་ཙམ་དུ་བྱུང་བར་མཁྱེན་②ཞེས་པ་ལས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདམས་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སུ་བརྒྱུད་པ་ཡོད་དོ་ཅོག་སྦྱངས་པར་སྨོས་ཅི། དེ་ལས་གཞན་རྣལ་འབྱོར་བ་བཞི་སོགས་ལས་འབྲོམ་ལས་ཀྱང་ཅི་ཞིབ་ཏུ་བྱུང་བའི་བྲེ་བྲག་གི་ཆོས་རྣམས་ལ་ཡང་རྟོགས་ཞིབ་རྒྱ་ཆེར་མཛད་དེ། མཉམ་མེད་ཇོ་བོ་རྗེ་ནས་བརྒྱུད་པའི་གདམས་པ་མ་ལུས་པ་མི་གཅིག་ལ་ཐོབ་པ་ནི་འབྲོམ་སྟོན་པ་ལས་ཀྱང་ཞིབ་བམ་སྙམ་པ་ཞིག་བྱུང་།   
ཁོང་གི་བྱང་ཆུབ་ལམ་རིམ་གྱི་ཁྲིད་རྒྱུན་ནི། གཅིག་ནས་འབྲོམ་སྟོན་པ་ནས་ཞལ་ནས་ཞལ་ལ་བརྒྱུད་པའི་གདམས་ངག་ཇོ་བོ་རྗེའི་བྱིན་རླབས་ཀྱི་ཚ་དྲོད་མ་ཡལ་བ་ཡིན་ཞིང་། དེའི་སྟེང་དགེ་བཤེས་དགོན་པ་བ་སོགས་བསྟེན་ཅིང་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་སྟེ། བྱང་ཆུབ་ལམ་རིམ་སྒོམ་པ་ལ་དཀའ་སྤྱད་དྲག་པོའི་སྒོ་ནས་བརྩོན་པ་ལྷུར་མཛད་③པས། ཇོ་བོ་རྗེ་ནས་བརྒྱུད་པའི་གདམས་པ་བླ་མ་མི་འདྲ་བ་དུ་མ་ནས་བཞེས་ཤིང་། བྱང་ཆུབ་ལམ་རིམ་གྱི་ཉམས་ལེན་གཞན་གྱིས་མི་བསྐྲུན་པ་མང་དུ་མཛད་དེ། མཐར་སྒྲུབ་རྟགས་ཐུན་མོང་མ་ཡིན་པ་མཉེས་ཚུལ་ནི་ལམ་རིམ་བླ་རྣམ་དུ་ལམ་གྱི་རིམ་པ་ལ་མྱོང་བ་ཕུལ་ཕྱིན་པ་ཐོན་ཞིང་། མེ་ལོང་གཡའ་དྭགས་པ་ལ་གཟུགས་བརྙན་འཆར་བ་ཇི་བཞིན་དུ་སངས་རྒྱས་དང་བྱང་སེམས་མང་བོས་ཞལ་བསྟན་ནས་དངོས་སུ་བྱིན་གྱིས་བརླབས་①ཞེས་གསུངས་པ་ལྟར་རོ།།  འདི་དག་ཁོང་གིས་ལམ་རིམ་སྦྱང་ཚུལ་ཁོ་ན་ཙམ་ཡིན་ཏེ། གཞན་དུ་ད་དུང་ཁོང་གིས་སྒྲུབ་པ་ཉམས་ལེན་ལ་འབད་ཚུལ་ནི་དེབ་སྔོན་ལས་བོད་དུ་བྱུང་བའི་གསང་སྔགས་འདི་མ་བཟླས་པ་མེད་བྱ་བ་ཙམ་བཟླས་པ་སོང་། ཇོ་བོའི་པད་སྤུངས་ལ་དཔེ་མཛད་ནས་རིན་པོ་ཆེ་ལས་པད་སྤུངས་ཀྱང་ཤིན་ཏུ་མང་བ་བཞེངས། སཱ་ཙ་མཛད་པ་ཡང་ཕྱོགས་གཅིག་ཏུ་སྤུངས་ན་རིའི་དིའུ་ཙམ་འོང་ཟེར་②ཅེས་འཁོད་ཅིང་། ཡང་དེ་དང་ཆ་འདྲ་བ་ཞིག་བཀའ་གདམས་ཆོས་འབྱུང་དུ་འཁོད་པར། ངས་ལོཙྪ་བྱས་ཀྱང་འབྲིང་བོ་ཞིག་འོང་སྙམ་པ་ཡིན། ངས་ཐེག་པ་ཆེན་པོ་གསང་སྔགས་ལ་ཕན་ཡོན་ཟེར་བ་རྣམས་ལ་བསྙེན་པ་ཚད་དུ་མ་བསྐྱལ་བ་མེད་ལས་ཚོགས་རྣམས་ལའང་ཉམས་སུ་མ་བླང་བ་མེད། སཱཙྪ་གཅིག་པུའང་རི་དེའུ་ཙམ་བཏབ་པ་ཡིན། སྤང་སྤོས་གཅིག་པུའང་ཁང་མིག་གང་བ་ཙམ་གཏམས་པ་ཡིན། ཡིག་ཆུང་ལ་སོང་ནའང་དེ་གཅིག་པུས་ཆོག་གམ་སེམས་པ་ཅིག་ཡོད་པ་ཡིན། བོད་ན་ང་ཤེས་རབ་ཆེ་སྟེ་ཅི་བྱས་པ་ལ་ང་སྒོམ་ཡུན་རིང་བ་ཡིན། ཆོས་སྐྱོང་རྣམས་ཀྱིས་ཀྱང་ཚུར་འཆང་བྱས་པ་ཡིན་གསུང་བ་ལགས་པར་གདའ③ཞེས་སོགས་ལ་བལྟས་ན་ཤེས་སླ་བ་ནི། སྐབས་དེ་ཤེད་དུ་སྒྲུབ་པ་ཉམས་ལེན་ལ་ཁོང་དང་སྒྲུན་པ་ནི་ཕལ་ཆེར་མེད་ཚོད་ཙམ་དུ་གདའ་བར་འདུག་པས། ཁོང་གིས་བང་རིམ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་གཙོ་བོར་བྱས་ཐོག བཀའ་མདོ་སྔགས་གཉིས་ལ་གསན་བསམ་མཛད་ཅིང་། ཆོས་གཞན་དག་ལ་ཡང་སྒྲུབ་པ་དང་ཉམས་ལེན་སྐྱེ་བོ་ཕལ་བའི་བློ་ངོར་ཤོངས་དཀའ་བའི་ཚད་ཙམ་མཛད་ཡོད་པར་སྣང་།    
          མདོར་ན་ཁོང་ནི་ཐོས་རྟགས་མཁས་པའི་ཕུལ་དུ་ཕྱིན་པས་སྤྱན་སྔ་པཎྜིཏ་④ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར་ཅིང་། རྒྱ་གར་གྱི་སྐད་ཀྱང་མི་འདྲ་བ་བདུན་ཙམ་མཁྱེན་པར་གྲགས། སྒོམ་རྟགས་གྲུབ་པའི་ཕུལ་དུ་ཕྱིན་པས་རྗེ་བཙུན་མི་ལ་དང་རྫུ་འཕྲུལ་སུ་ཆེ་ཟེར་བ་བྱུང་⑤ཞིང་། ལྟ་བ་ལ་མཆོག་ཏུ་གྱུར་བ་ནི་མཉམ་མེད་ཇོ་བོ་རྗེའི་གདམས་པ་མ་ལུས་པ་རྫོགས་པར་ཐོབ། སྤྱོད་པ་ལ་མཉམ་མེད་སྟོན་པ་རིན་པོ་ཆེས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་བྱ་བ་དེ་ཁོ་འདྲ་བ་ཟེར་བ་ཡིན་གསུངས་པ་ལྟར།  མཁས་གྲུབ་གཉིས་ལྡན་གྱི་སྨྲ་བའི་དབང་ཕྱུག   གྲུབ་མཉེས་ཀྱི་རིག་འཛིན་ཆེན་པོ་ཁོང་ནི་སྐབས་དེ་དུས་སུ་རྒྱ་བོད་པཎ་གྲུབ་ཀུན་གྱི་གཙུག་ན་ཉི་ཟླ་ལྟར་སྤངས་རྟོགས་ཀྱི་ཡོན་ཏན་མངོན་པར་མཐོ་བར་བཞུགས་སོ། །      
གསུམ་པ།  སྐལ་ལྡན་སློབ་ཚོགས་གདམས་པའི་བཅུད་ཀྱིས་གསོས་ཏེ་གདུལ་བྱའི་དོན་དུ་སྤྱོད་ཚུལ།
          ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས་བུ་སློབ་ཀྱང་བརྒྱད་བརྒྱ་འདུས་①དང་བཀའ་གདམས་ཆོས་འབྱུང་དུ་དེ་ནས་ཚོགས་པ་བདུན་བརྒྱ་ལྷག་ཙམ་འཚོགས་②ཞེས་སོགས་ཆོས་འབྱུང་སོ་སོའི་སློབ་ཚོགས་ཅི་ཙམ་འདུས་པའི་གྲངས་ཀ་ལ་ཧེ་བག་ཕྲན་བུ་རེ་ཡོད་མོད་ཀྱི། སྤྱིའི་ཆ་ནས་ཁོང་གིས་བུ་སློབ་མང་དུ་བསྐྱངས་ཡོད་པར་ཐམས་ཅད་ཞལ་མཚུངས་ཤིང་། དེ་ལས་འགྲན་ཟླ་མེད་པའི་སྲས་གསུམ་སྟེ་སྟོད་ལུང་ཆེན་པོ་རིན་ཆེན་སྙིང་བོ མདར་སྒོམ་རྩོམ་འབར་སྨྱུག་རུམ་པ་ཆེན་པོ།  སྤྲུལ་སྐུ་བྱ་ཡུལ་བ་ཆེན་པོ་དང་།  འགྲོ་དོན་ཆེ་བའི་སྒོམ་ཆེན་བཞི་འདི་ལ་འདྲེན་ཚུལ་མི་འདྲ་བ་རེ་ཡོད་མོད། བཀའ་གདམས་ཆོས་འབྱུང་ལྟར་ན་ཟར་བ་ཕག་སྒོམ་དང་།  རུག་པ་སྟོན་སྒོམ། མང་ར་སྒོམ་པ། རལ་པ་སེང་སྒོམ་བཅས་ཡིན་ལ། ད་དུང་འདུལ་འཇིན་བཞི་སོགས་ཆོས་འབྱུང་སོགས་སུ་མིང་དངོས་སུ་བྱུང་བའི་བུ་སློབ་ཉེར་བཞི་ཡོད།   
          དེ་དག་རེ་རེའི་མཛད་པ་མ་ཚང་པ་མེད་པ་བཤད་ན་བརྗོད་པས་མི་ལང་མོད། འགྲན་ཟླ་བྲལ་བའི་སྲས་གསུམ་ལས་རིན་ཆེན་སྙིང་བོ་དང་བྱ་ཡུལ་བ་གྲགས་ཆེ་བས་དེ་གཉིས་ཀྱིས་ཁོང་བླ་མར་ཅི་ལྟར་བསྟེན་ཚུལ་དང་ཁོང་གིས་ཅི་ལྟར་བསྐྱང་ཚུལ་རག་ཙམ་ཞུས་ན། སྟོན་ལུང་བ་རིན་ཆེན་སྙིང་བོ་ནི་གསེར་ཕུག་ལྕང་མ་ཅན་དུ་ཆུ་ཕོ་སྤྲེལ་གྱི་ལོར(1032)སྐུ་འཁྲུངས། ཁྱུང་པོ་ཇོ་བསོད་ལས་རབ་ཏུ་བྱུང་།  བླ་མ་མཁའ་རུ་བའི་གསུངས་ལྟར་རྣལ་འབྱོར་བ་ཆེན་མོ་དང་མཇལ། ཁོང་གིས་རྣལ་འབྱོར་བ་ལོ་བརྒྱད་དང་དགོན་པ་བ་ལོ་ལྔ་བསྟེན་ནས་སྤྱན་སྔ་བསྟེན་པ་ཡིན་ལ།  དེ་ཡང་བཀའ་གདམས་གོང་མའི་བླ་མ་བསྟེན་ཚུལ་ལྟར་ཁོང་གིས་རྣལ་འབྱོར་བ་འདས་པའི་བར་དུ་གོམ་གང་མ་འབྲལ་བར་བསྟེན་ཅིང་། དེ་ནས་སྤྱན་སྔ་བསྟེན་རྗེས་ཀྱང་མི་ཕྱེད་པའི་དད་པས་ཁོང་དགོངས་པ་རྫོགས་པའི་བར་དུ་ལོ་ངོ་བདུན་བསྟེན། ཚོགས་པ་སུ་བརྒྱ་རེ་ཙམ་འཚོགས།   
          བྱ་ཡུལ་བ་ཆེན་པོ་ནི་སྟོད་ལུང་གོལ་གྱི་ལུང་དུ་འཁྲུངས། ཡབ་གཤེགས་ཡུམ་གྱིས་བོར་ཏེ་ནེ་ནེ་མོ་ཞིག་གིས་བསྐྱངས། བཅུ་གཉིས་ལ་རབ་ཏུ་བྱུང་སྟེ། སྟོད་ལུང་བ་བླ་མར་བསྟེན་ཅིང་། ཉེ་གནས་ལོ་ལྔར་མཛད། སྟོད་ལུང་བ་སྤྱན་སྔ་མཇལ་དུ་ཕེབས་དུས། ཁོང་གི་ཕག་ཕྱིར་བཞག  དེ་ནས་སྤྱན་སྔ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱི་བསྙེན་ཅིང་། སྤྱན་སྔར་མི་འབྲལ་བར་བཞུགས། སྤྱན་སྔ་མཆོག་གིས་འདི་དད་པ་དང་ཤེས་རབ་ནི་ཆེ་ཆོས་ཐམས་ཅད་ལ་ནམ་མཁའ་ལ་མདུང་བསྐོར་གསུངས། ལོ་དགུ་ལ་བསྟེན་ལོ་བཞི་ལ་མཚམས་སུ་བཞུགས། སྤྱན་སྔ་བ་འདའ་ཁར། བྱ་ཡུལ་བས། དགེ་བའི་བཤེས་གཉེན་ལགས། མ་འོངས་པ་ན་ཐུགས་ལ་གདགས་པར་ཞུ་གསུངས་པ་ན། ཇི་སྲིད་ཆོས་ཀྱི་སྐུ་གཅིག་ཏུ་མ་གྱུར་གྱི་བར་དུ་མི་འབྲལ་ལོ་གསུངས། ①ཡང་ཁོང་ནི་འབྲོམ་སྟོན་པ་དང་བྱ་ཡུལ་བ་སོགས་ལྟར། ཐོས་པ་ཙམ་མ་ཡིན་པར། བླ་མའི་ཞབས་ཏོག་ལ་འབད་པ་ཞིག་ཡིན་འདུག་སྟེ། ཁོང་གིས་ཞལ་ནས། ལན་ཅིག་ཁོང་གིས་ཐལ་འབོད་དུ་བྱོན་པའི་ཚེ་སྐས་གདང་གསུམ་པའི་ཁར་ཕེབས་པའི་ཚེ།  བཀའ་སྡེ་སྣོད་ཀྱི་དོན་མ་ལུས་པ་ཐུགས་ལ་ཤར་བས། བླ་མའི་ཞབས་ཏོག་ལ་ཡིད་ཆེས་ཏེ། སྐྱི་སྨད་པའི་དགེ་བཤེས་འདི་རྣམས་བླ་མའི་ཞབས་ཏོག་ལ་མི་འབད་པར་ཐོས་པ་ཁོ་ན་འབད་པ་འདི་ནོར་བ་ཡིན་བྱ་བ་ཡང་གསུང་སྐད། ②བཤེས་གཉེན་ལ་ཞབས་ཏོག་སྒྲུབ་པར་དམིགས་བསལ་དུ་འབད་པ་ནི་བཀའ་གདམས་པའི་ཁྱད་པར་ཅན་གྱི་བཤེས་གཉེན་བསྟེན་ཚུལ་ཞིག་ཡིན་པར་འདུག་སྟེ།  འདི་ལས་བླ་མའི་བྱིན་རླབས་རྒྱུད་ལ་སྨིན་པ་དང་ཁོང་ལྟར་ཐེམ་པ་བརྒལ་བའི་སྐབས་ཀྱང་ཆོས་དོན་ཡིད་ལ་ཐོགས་པ་ཞིག་ཡིན་ན། ཆོས་ཀྱི་ངེས་པ་ལ་ཕན་པ་ནི་ཁོང་གིས་ལག་ལེན་གྱིས་བསྒྲུབ་ཡོད་དོ། ། ཁོང་ལ་སློབ་མ་སྐྱོ་སྟོན་བྱང་ཆུབ་རིན་ཆེན་ཁྲོམ་གཞེར་རིན་ཆེན་སེང་གེ་སོགས་མང་དུ་མཆིས།   
          འདི་ལྟར་ཁོང་གིས་སློབ་ཚོགས་མང་དུ་བསྐྱངས་ཤིང་། བུ་སློབ་ཀྱི་ཁྲོད་ཕྱིས་བཀའ་གདམས་པའི་བསྟན་པའི་གཙུག་རྒྱན་ལྟ་བུར་གྱུར་བ་འགྲན་མེད་ཀྱི་སྲས་གསུམ་སོགས་བྱུང་ལ། ཁོང་དང་ཁོང་གིས་བུ་སློབ་དག་གིས་བསྟན་པ་ནི་ད་ལྟ་ད་དུང་ཡང་བཀའ་གདམས་ཪྙིང་མའི་གྲུབ་མཐའི་མིང་ཙམ་ཉམས་པ་མ་གཏོགས་བྱང་ཆུབ་ལམ་རིམ་གྱི་གཙོས་པའི་བཀའ་གདམས་གདམས་ངག་དག་ནི་བཀའ་གདམས་གསར་མར་གྲགས་པའི་རི་བོ་དགེ་ལུགས་པའི་གཙོ་བྱས་པའི་སྒྲུབ་བརྒྱད་ཤིང་རྟ་བརྒྱད་ཀྱི་ཆོས་རྒྱུད་ཀུན་ཏུ་ཏིལ་ལ་ཏིལ་མར་གྱིས་ཚུལ་དུ་གནས་ཤིང་། ལྷག་པར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་གཅིག་ཏུ་དྲིལ་ཏེ་གང་ཟག་གཅིག་འཚང་རྒྱ་བའི་ཐབས་སུ་གདམས་པ་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་འདི་ཉིད་རྗེ་ཙོང་ཁ་བ་སོགས་སྐྱེས་ཆེན་རྣམས་ཀྱིས་རྒྱ་ཆེར་སྤེལ་བར་མཛད་དེ།  ད་ལྟ་ཐུབ་པའི་བསྟན་པའམ་ནང་བསྟན་རིག་གནས་འདི་ཉིད་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་པ་འདིའང་མཐར་དེད་ན་ཁོང་དང་ཁོང་ལྟ་བུ་དག་གི་མཛད་པ་དང་ཕྲིན་ལས་ཡིན་ནོ།། 
བཞི་པ། ལོ་དགོན་པ་ལྟེ་བར་བྱས་ཏེ་བཀའ་གདམས་གདམས་ངག་པའི་བསྟན་པ་སྤེལ་ཚུལ། 
          གཅིག  ལོ་དགོན་པའི་སྐོར།   
          ལོ་དགོན་པ་འདི་བཀའ་གདམས་ངག་པའི་དགོན་སྡེ་ཐོག་མ་ཡིན་རྐྱེན། འདི་ལ་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཞིང་། དགོན་པ་འདི་དང་འདིའི་ཤུགས་རྐྱེན་འོག་བཀའ་གདམས་གདམས་ངག་པའི་བསྟན་པ་ཆེས་ཆེར་དར་བ་རེད་དེ། འབྲོམ་སྟོན་པ་འདས་རྗེས་སུ་བཀའ་གདམས་པ་ནི་ཁོང་གི་བུ་སློབ་གཙོ་བོ་བཀའ་གདམས་སྐུ་མཆེད་གསུམ་ལས། བཀའ་གདམས་གཞུང་བ་དང་། བཀའ་གདམས་མན་ངག་པ། བཀའ་གདམས་གདམས་ངག་པ་གསུམ་དུ་དར་ཡོད།  ཁ་ཅིག་གིས་ལམ་རིམ་པ་ཞེས་པ་ཞིག་ལོགས་སུ་དགར།  ཡང་ཁ་ཅིག་གིས། བཀའ་གདམས་གཞུང་བ་དང་། བཀའ་གདམས་གདམས་ངག་པ་གཉིས་ལས། བཀའ་གདམས་མན་ངག་པ་ལོགས་སུ་མི་དབྱེ། དེ་ཡང་བཀའ་གདམས་སྐུ་མཆེད་གསུམ་ལས་ཆེ་བ་ཕུ་ཆུང་བ་མཆོག་གིས་སློབ་མ་མ་བསྐྱངས་པར་བཞེད་པས་རེད། ཡང་བཀའ་གདམས་ཆོས་འབྱུང་ལ་བལྟས་འོང་ན་ཁོང་གིས་ཀྱང་སློབ་མ་བསྐྱངས་ཡོད་པར་མངོན་ཏེ།  སྤྱན་སྔ་བ་དང་ཕུ་ཆུང་བའི་སློབ་མ་ཕལ་ཆེར་ཁོང་གི་སློབ་མ་ཡིན་པ་གསལ་བོར་གསུངས་པར་བལྟས་ན།  བཀའ་གདམས་མན་ངག་པ་ནི་ཕུ་ཆུང་བ་ལྟ་བུའི་སྦས་པའི་རྣལ་འབྱོར་དག་ཕལ་ཆེར་ཡིན་སྲིད་མོད། སྐབས་དོན་བཀའ་གདམས་གདམས་ངག་པ་འདི་སྤྱན་སྔ་མཆོག་དང་དགོན་པ་བ་ལས་བྱུང་བ་ཡིན་ཏེ། ལོ་དགོན་པ་ནི་སྤྱན་སྔའི་བརྒྱུད་པའི་བཀའ་གདམས་གདམས་ངག་པའི་དགོན་སྡེ་ཆེས་གཙོ་བོ་ཡིན་པ་སྨོས་སུ་མ་མཆིས།   
          ལོ་དགོན་པ་ནི་སྤྱན་སྔ་བ་མཆོག་གིས་རབ་བྱུང་དང་པོའི་ཤིང་མོ་ཕག་གི་ལོ་སྟེ་སྤྱི་ལོ1095ལོར། ཁོང་གི་འཁྲུངས་ཡུལ་ཉན་དུ་བཏབ་པ་ཞིག་ཡིན། ཉན་ལ་ཕྱིས་སུ་དགོན་མིང་ཡུལ་ལ་ཐོགས་ཏེ་ལོ་ཞེས་ཟེར་ཞིང་། ད་ལྟའི་བོད་ལྗོངས་སྟག་རྩེ་རྫོང་ཁོངས་ཀྱི་ཐང་དཀར་ཡུལ་ཚོའི་ཕུ་ལོ་སྐྱིད་མོའི་གཞུང་ཞེས་པ་དེ་ཡིན་ལ། ཡུལ་དེ་ལྷ་ས་ནས་ཤར་དུ་རླངས་འཁོར་གྱིས་ཆུ་ཚོད་གཉིས་ཙམ་བགྲོད་པའི་སར་ཡོད་ཅིང་། འཕན་ཡུལ་གྱི་ཁོངས་སུ་གཏོགས།  དགོན་མིང་ལ་ལོ་ཞེས་ཐོགས་དོན་ནི་འཕན་ཡུལ་གནས་བཤད་ངོ་མཚར་རིག་གནས་ཀྱི་བང་མཛོད་ལས་དགེ་བཤེས་སྟོན་པས་བུ་ཁྱོད་ཀྱི་དགོན་པ་ས་འདི་ལ་འདེབས་ལོ་གསུངས་པས་དགོན་མིང་ལོ་ཞེས་ཐོགས་པ་དང་། ཡུལ་དེར་ཡོད་པའི་སྤྱན་སྔའི་སྒྲུབ་པ་སྐྱོན་སའི་སྐུ་རྒྱབ་ཏུ་ཤིང་ཙན་དན་ཞིག་འཁྲུངས་ཡོད་པ་དེའི་ལོ་མ་གཞན་ལས་ཆེ་བ་ཞིག་གི་ཐོག་ལོ་ཞེས་ཡི་གེ་རང་བྱོན་ཞིག་བྱུང་བས་དེ་ལྟར་ཐོགས་ཞེས་པའི་བཤད་ཚུལ་གཉིས་①ཡོད། དེར་མ་ཟད་ཉན་ལ་ཡང་རུང་བ་དང་འོས་པའི་དོན་ཡོད་པ་ནི་ལོ་དང་མཚུངས་ལ། དེ་ནི་སྟེས་དབང་ཙམ་ཡིན་ཞེས་ན་ཅུང་ཁས་ལེན་ཁག་པས་ཕྱིར་ན་དེ་ལའང་དཔྱད་རྒྱུ་འདུག་སྙམ།  ཆ་འཇོག་བྲལ་བའི་སྟོང་དཔག་ཙམ་བྱས་ན་ཡུལ་མིང་ལ་སྔོན་ནས་ཉན་ནམ་ལོ་རེས་མོས་སུ་སྦྱོར་ཡང་།  ཕྱིས་ལོ་དགོན་པ་ཞེས་ཐོགས་པ་ཁྱབ་ཆེ་བར་སོང་སྟེ་རིམ་གྱིས་ཡུལ་མིང་ཡང་ལོ་ཁོ་ནར་བོས་པ་མིན་པའི་ངེས་པའང་མེད། གང་ལྟར་འདི་ཡིན་དེ་མིན་གྱི་ཁ་ཚོན་སུས་ཀྱང་ཆོད་དཀའ་འོ། །  
          《ལམ་རིམ་བླ་རྣམ》ལས་དགོན་པ་བཏབ་ཚུལ་ལ། ཤིང་མོ་ཕག་ལོ་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་དུས་ལོ་དགོན་པ་གདབ་པར་དགོངས་ནས་རྒྱ་ཡོན་བདག་ལ་རྨི་ལམ་བརྟག་པ་ཞུས་པས། རྒྱའི་ཞལ་ནས་ཆོས་བགྲེས་པོ་ཞིག་ཡུལ་དུ་འགྲོ་ཟེར་བ་བྱུང་། སྤྱན་སྔའི་ཞལ་ནས་རྨི་ལམ་རྣོ་གསུང་སྐད། ཡོན་བདག་བྱ་རྗེ་སྟོད་པས་མར་གྱི་མེ་ཏོག་ཕུལ་བའི་ངའི་ཡོན་བདག་དཔལ་གསུམ་ཕུ་བ་གསུངས་ནས་མཉེས། དེ་ནས་ལོའི་གཙུག་ལག་ཁང་ཀ་བཞི་མ་བཞེངས། རྟེན་གཙོ་ལ་དགེ་བཤེས་སྟོན་པ། རྣལ་འབྱོར་བ་ཆེན་པོ་དགོན་པ་བ་གསུམ་གྱི་ནང་རྟེན་དུ་དངུལ་གྱི་གདུང་ཁང་། གསེར་འབུམ་གཡུ་ཕྲ་ཅན། ཕྱི་རྟེན་མཆོད་རྟེན་གསུམ་བཞེངས། དེ་རྣམས་ཀྱི་རྩིག་ཕྲེང་རེ་རེ་ལ་རབ་ཏུ་གནས་པ་ལན་རེ་རེ་མཛད་པས་བྱིན་རླབས་ཤིན་ཏུ་ཆེ་བ་ལགས་ཞེས་པ་ལས། ཡོན་བདག་བྱ་རྗེ་སྟོད་པས་བྱས་པ་དང་། བྱ་རྗེ་སྟོད་པ་ཟེར་བ་མིང་ལ་བལྟས་ན་བྱ་ཡུལ་གྱི་རྗེ་བོ་ཞིག་ཨེ་ཡིན་སྙམ།  གང་དེའི་སྦྱིན་བདག་མཛད་ཅིང་། དགོན་པའི་གཞི་རྒྱ་དེ་ཙམ་ཆེན་པོ་མིན་པར་སྣང་། ཡིན་ནའང་ཕྱིས་ཚོགས་པ་མང་དུ་འདུས་པར་བཤད་པས་དགོན་པའི་གཞི་རྒྱའང་ཇེ་ཆེར་ཕྱིན་ཡོད་པ་འདྲ། དེ་ནས་རྒྱའི་ཡོན་བདག་གིས་རྨི་ལམ་བརྟག་ནས་བཤད་པ་ལྟར། ཆོས་བགྲེས་པོ་ཞིག་ཡུལ་དུ་འགྲོ་ཞེས་པ་ནི་ཆོས་ཡུན་རིང་དུ་གནས་པར་གྱུར་ཞེས་པའི་དོན་ཡིན་ལ། དགོན་པ་འདིའི་བཀའ་གདམས་གདམས་ངག་པའི་གཞི་འཛིན་ལྟ་བུ་ཡིན་པས་ཆོས་ཡུན་རིང་ཙམ་ལ་གནས་པར་ཕན་པ་ཆེན་པའོ་བྱུང་ཞིང་། ལྷག་པར་སྤྱན་སྔ་བ་ལོ་དྲུག་ལ་བཞུགས་②རིང་སློབ་མ་སྲས་ཀྱི་གཙོ་བོ་གསུམ་སོགས་བསྐྱངས་ཏེ། བཀའ་གདམས་གདམས་ངག་པ་ཆེས་ཆེར་དར་བའི་རྨང་གཞིར་གྱུར། 
          གཉིས། ཁོང་གི་བུ་སློབ་རྣམས་ཀྱི་བཏབ་པའི་དགོན་པའི་སྐོར། 
          ཁོང་གི་བུ་སྲོབ་རྣམས་ཀྱིས་དགོན་པ་བཏབ་ཚུལ་ནི་བྱ་ཡུལ་བས་སྤྱན་སྔ་བས་སྨྱུག་རུམ་ནས་ཕ་བོང་དཀར་ལེབ་ཞས་བྱ་བའི་སྟང་དུ་ཞབས་རྗེས་བཞག་ཅིང་དེ་ནས་ལུང་བསྟན་པའི་གནས་བྱ་ཡུལ་དུ་དགོན་པ་བཏབ། ①སྨྱུག་རུམ་པ་ཆེན་པོས་ཐང་སྐྱའི་དབུ་རྩེ་གསར་མ་བཞེངས།  ཟར་བ་ཕག་སྒོམ་རྡོ་རྗེ་ཡེ་ཤེས་ཀྱིས་མལ་གྲོ་ཕུའི་ཟར་གྱི་གཙུག་ལག་ཁང་བཞེངས། རལ་བ་སང་སྒོམ་གྱིས་ཀླུངས་ཤོད་རུག་པའི་མཆོད་ཁང་བ་བཞེངས། ཨེའི་སྒྲེ་བ་ཆེན་པོས་ཨེ་ཆུང་དགོན་བཏབ། བརྒྱུད་པའི་སློབ་བུ་སྟོད་ལུང་བའི་སློབ་མ་ཁྱུང་ཁམ་པས་སྡིངས་ཕུ་དགོན་བཏབ།  བྱ་ཡུལ་བའི་སློབ་མ་འཕན་ཡུལ་གྱི་སྣུབས་མཆོད་གནས་ཀྱིས་ཁྲ་བ་ཁའི་དགོན་པ་བཏབ། རྒྱ་རི་མོ་ཅན་གྱིས་རྒྱ་ད་སྒང་གི་གཙུག་ལག་ཁང་བཞེངས། བ་དར་བས་མལ་གྲོའི་བ་དར་དགོན་བཏབ། རྟ་བ་ཞང་སྒོམ་གྱིས་རྟ་ཕུག་དགོན་བཏབ། བཀྲ་ཤིས་སྒང་བས་འབྲོམ་གྱི་སྨོན་གྲོང་དོན་བཏབ། དང་ཚང་བས་མདོ་སྨད་ཀྱི་དང་ཚང་དགོན་བཏབ། རྒྱ་རི་བས་རྒྱ་རི་དགོན་བཏབ། གནམ་འབར་བས་སྟོད་ལུང་གི་གནམ་འབར་དགོན་བཏབ་པ་སོགས་བཀའ་གདམས་གདམས་ངག་པའི་དགོན་སྡེ་ནི་ཆར་ཤུལ་གྱི་ཤ་མོ་ལྟར་གཅིག་རྗེས་གཉིས་མཐུད་དུ་བརྡོལ།   
          དུས་སྐབས་དེ་ཙམ་ལ་དགོན་སྡེ་དེ་འདྲའི་མང་བོ་ཞིག་བྱུང་བ་ཡིས། བཀའ་གདམས་གདམས་ངག་པའི་ཆོས་རྒྱུད་ལ་རེ་ཞིག་སྔོན་ན་མེད་པའི་དར་རྒྱས་ཆེན་པོ་བྱུང་། ཡིན་ནའང་དགོན་སྡེ་འདི་དག་ཕྱོགས་གཅིག་ནས་འཕན་ཡུལ་དང་དྭགས་ཀོང་གི་ཡུལ་གྲུ་ཙམ་ལས་ཕར་འདའ་ཐུབ་མེད་པ་དང་།  བོད་ཁམས་བྱིངས་ལ་དགོན་སྡེ་མང་པོ་དར་ཁྱབ་ཏུ་འགྲོ་མ་ཐུབ་པ་དང་། ལྷག་པར་མདོ་ཁམས་གཉིས་སུ་བཀའ་གདམས་པའི་བསྟན་པ་དེ་ཙམ་ཞིག་དར་མ་ཐུབ་པས། ཡོངས་ཁྱབ་ཀྱིས་ཤུགས་རྐྱེན་ཆེན་པོ་བཞག་ཐུབ་མེད་པ་དང་། བཀའ་གདམས་པ་རང་ངོས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་སྲེད་པ་ཡོངས་སུ་སྤངས་པའི་རྣལ་འབྱོར་བ་ལ་གཅིག་ཏུ་འབད་པས།  རབ་བྱུང་གི་ཆ་རྐྱེན་ཇེ་མཐོར་ཕྱིན་པ་དང་། དགེ་བཤེས་ཕལ་མོ་ཆེ་སྒྲུབ་པ་ཁོ་ན་ལ་གཞོལ་བ་ལས་སློབ་ཚོགས་བསྐྱངས་ཏེ། འཇིག་རྟེན་གྱི་གྲགས་པ་འཕེལ་བར་མི་དགྱེས་པ་དང་།  ལྷག་པར་སྲིད་ཀྱི་ཕྱོགས་ལ་ཞེན་པ་སྤུ་ཙམ་ཡང་མེད་པའི་ཆོས་པ་རྣམ་དག་རྣལ་འབྱོར་བ་འབའ་ཞིག་ཡིན་པས་རིམ་གྱིས། བོད་དུ་སྡེ་གཟར་དང་སྲིད་ལོག་སོགས་གཅིག་འཇགས་གཅིག་ལང་གིས་བྱུང་བར། དགོན་སྡེ་ཕལ་ཆེར་དབུས་གཙང་ཕྱོགས་སུ་གཅིག་ཏུ་འདུས་པ་དང་། སྲིད་ཀྱི་འཕོ་འགྱུར་གྱི་ལྟེ་བའི་ས་ཁུལ་དུ་ཆགས་པས། སྡེ་གཟར་སོགས་ལས་རྒྱལ་ཁམས་མ་བདེ་བས་རང་བཞིན་གྱིས་ཉམས་པ་དང་། འགའ་རེ་ལུས་པ་ནི་གྲུབ་མཐའི་འཐབ་རྩོད་སོགས་ཀྱིས་གྲུབ་མཐའ་གཞན་དུ་བསྒྱུར་ནས།  ད་ལྟ་བཀའ་གདམས་ཪྙིང་མ་ནི་མིང་གི་ལྷག་པ་ཙམ་དུ་གྱུར་ཏེ་དེའི་དགོན་སྡེ་གཅིག་ཀྱང་ཪྙེད་དུ་མེད་པ་ནི་ཕང་བའི་གནས་དུ་གྱུར།   
          གང་ལྟར་བར་སྐབས་ཤིག་ལ། དགོན་སྡེ་དེ་འདྲའི་མང་བོ་ཞིག་དུས་གཅིག་ཏུ་བྱུང་། བཀའ་གདམས་གདམས་ངག་པའི་བསྟན་པ་དབྱར་མཚོ་ལྟར་རྒྱས་ཤིང་། སྐྱེས་ཆེན་དམ་པ་མང་བོ་གསེར་རིའི་ཕྲེང་བ་ལྟར་དུ་བྱུང་བ་ནི། ཕྱོགས་གཅིག་ནས་ཁོང་གཅིག་པུའི་མཛད་པའི་འཕྲིན་ལས་ཡིན་ཞེས་ཀྱང་ཐལ་མི་ཆེ་བར་འདུག་པར་བསམ་ན།  སྤྱན་སྔ་བ་ཚུལ་ཁྲིམས་འབར་ནི་བླ་མས་ངས་ཁྱོད་སྒོམ་ཆེན་ཞིག་ལ་རེ་ཞེས་བཀའ་གནང་བ་ལྟར་ངེས་དོན་གྱི་སྒོམ་ཆེན་ཞིག་ཡིན་པ་དང་། སྐལ་ལྡན་བུ་སློབ་རྣམས་ཀྱི་མིག་ལམ་དུ་མཁས་གྲུབ་གཉིས་ལྡན་གྱི་ངེས་དོན་གྱི་སྟོན་པ་ཞིག་རང་རེ་བོད་ཕྱི་རབས་པ་རྣམས་ཀྱི་མིག་ལམ་དུ། སྐད་མང་སྨྲ་བའི་ལོ་ཙཱ་བ་ངེས་དོན་གྱི་སློབ་གཉེར་བ་དང་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡིན་ནོ། །  
          དཔྱད་རྩོམ་འདི་འབྲི་བར་གཅིག་ནས་ཁོང་གི་རྣམ་ཐར་རྒྱས་པ་ཞིག་མེད་པས། དཔྱད་གཞི་ཕུང་བ་དང་། གཉིས་ནས་ཁོ་བོ་ཤེས་པ་ཆུང་ལ་འཁོས་ཀ་ཞན་པས་དཔྱོད་པའི་བློ་མིག་ལྡོངས་པས་ཤེས་མེད་ཀྱི་གཏམ་མཁས་པའི་མདུན་སར་བཞད་གད་འབའ་ཞིག་ཏུ་ཟད་པའང་ནོངས་པ་མེད་པར་ཚིག་ཚོགས་ཀྱིས་སྤྲོས་པ་བགྱིས་ཡོད་ངེས་པས།  གཟུར་གནས་མཁས་པའི་སྤྱན་སྔར་ཡིག་ཚོགས་ཀྱི་གད་སྙིགས་ཙམ་ཞིག་ཏུ་སྣང་སྲིད་ཕྱིར། ཁོ་བོའི་ཤེས་མེད་དང་ཧམ་བཤད་ཀྱི་ནོངས་པ་ཅི་མཆིས་ལ་བཟོད་གསོལ་གྱི་དགོངས་པ་ལན་མང་དུ་ཞུ་རྒྱུ་དང་། དཔྱད་རྩོམ་འདིའི་དཔྱད་ཡུལ་རྣམ་ཐར་ཡིན་ཡང་། རྣམ་ཐར་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་ལུས་ཀྱི་རྣམ་པ་ཞིག་ཏུ་འཁུམས་པའི་ཆ་ནས། དེའི་རྩོམ་རིག་གི་རིན་ཐང་ལ་དཔྱད་འཇོག་ཚིག་ཟུར་ཙམ་ཡང་མ་ཐོན་པ་ནི་རྣམ་ཐར་ལ་དཔྱད་པའི་སྟོང་ཆ་ཆེ་ཤོས་ཤིག་ཡིན། འདི་ནས་ཁོ་བོས་གཙོ་བོ་ལོ་རྒྱུས་ཀྱི་མིག་དབང་ཞིག་སྤྱད་ཁུལ་བྱས་པ་ཡིན་གྱི། དཔྱད་པ་མཐུ་ཆུང་བས་གང་དུ་མ་ཕྱིན་པར་ལུས་འདུག་ན་ཡང་། དམ་པ་གང་གི་ཆེ་བ་ལ་གུས་འདུད་ཀྱི་ཚུལ་དུ་སྒྲོ་སྐུར་གྱི་མཐའ་གཉིས་ལ་མ་ལྷུང་བ་ཞིག་ལ་གང་ཐུབ་ཀྱིས་འབད་ཁུལ་བགྱིས་པ་ལགས་སོ། །  

(རྩོམ་པ་པོ་ངོ་སྤྲོད། དཔལ་རྒྱམ། ཕ་ཡུལ། མཚོ་སྔོན་མགོ་ལོག    ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་ཤེས་རམས་པ། ) 
(མཛུབ་སྟོན་དགེ་རྒན། བཀྲ་བྷ། ) 

①དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།  མི་རིགས་དཔེ་སྐྲུན་ཁང་།  2012ལོར་པར།  ཤོག་ངོས་366
②ཉང་རལ་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 20l2ལོར་པར།  ཤོག་ངོས་434
①ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོར་པར།  ཤོག་ངོས་3l6
①འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར་པར། ཤོག་ངོས་347
①སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོར་པར། ཤོག་ངོས་404
①ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོར་པར། ཤོག་ངོས་455
②ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོར་པར།  ཤོག་ངོས་456
①ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོར་པར། ཤོག་ངོས་457
②ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011 ལོར་པར། ཤོག་ངོས་458
①ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོར་པར། ཤོག་ངོས་457
②ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོར་པར། ཤོག་ངོས་458
③ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོར་པར། ཤོག་ངོས་458
①ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོར་པམཤོག་ངོས་458
②འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར་པར། ཤོག་ངོས་347
③ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོར་པར། ཤོག་ངོས་32l
④ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོར་པར།  ཤོག་ངོས་320
⑤འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོར་པར།  ཤོག་ངོས་348
①སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོར་པར།  ཤོག་ངོས་404
②ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོར་པར།  ཤོག་ངོས་323
①འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོར་པར། ཤོག་ངོས་35l
②འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོར་པར། ཤོག་ངོས་35l
①བསོད་ནམས་ཆོས་དར། འཕན་ཡུལ་གནས་བཤད་ངོ་མཚར་རིག་གནས་ཀྱི་བང་མཛོད། མི་རིགས་དཔེ་སྐྲུན་ཁང་། 2009ལོར་པར། ཤོག་ངོས་91
②འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར་པར། ཤོག་ངོས་347
①སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོར་པར།  ཤོག་ངོས་408


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1