༄༅།། ཐེ་བོ་རྫོང་གི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་གནད་དོན་དང་དེ་ཐག་གཅོད་ཀྱི་ཐབས་ལམ།

ཨ་བསྟན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-13



ཨ་བསྟན།

[གནད་བཏུས] རྩོམ་འདིར་ཀན་སུའུ་ཐེ་བོ་རྫོང་གི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་གནས་ཚུལ་དངོས་གཞིར་བཟུང་སྟེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་དགོས་ཚེ་ངེས་པར་དུ་སློབ་ཁྲིད་སྐད་ཆ་ལེགས་བཅོས་བྱ་དགོས་པ་ནི་ཐབས་དམ་པ་ཞིག་ཡིན་པར་བསྟན་ཡོད།
[གནད་ཚིག] བོད་ཀྱི་སྐད་ཡིག སློབ་ཁྲིད་སྤུས་ཚད། སློབ་ཁྲིད་སྐད་ཆ། ལེགས་བཅོས།
        ལེ་ཉིན་གྱིས“སྐད་ཆ་ནི་མིའི་རིགས་ཀྱི་ཆེས་གལ་ཆེ་བའི་འབྲེལ་འདྲིས་ཀྱི་ལག་ཆ་ཞིག་ཡིན་”ཟེར། ང་ཚོ་སློབ་གསོའི་བྱ་བ་གཉེར་བའི་དགེ་རྒན་ཞིག་ལ་མཚོན་ན། དགེ་རྒན་གྱི་ཁ་སྐད་ནི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་ལས་གཉེར་བྱེད་ཀྱི་ཐབས་ལམ་གཙོ་བོ་ཡིན་ཏེ། སློབ་ཁྲིད་སྐབས་སུ་དགེ་སློབ་བར་གྱི་སྐད་ཆའི་གོ་བརྡ་འཕྲོད་ཐུབ་མིན་གྱིས་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་ཡིན། འདིར་ཕྲན་གྱིས་ལོ་བཅུ་ཕྲག་གི་རིང་ལ་སློབ་ཆུང་བོད་སྐད་ཡིག་དཔེ་ཁྲིད་ཀྱི་ལག་ལེན་དངོས་ལས་རང་རྫོང་གི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་དང་། དེར་ལེགས་བཅོས་བྱ་བའི་ཐབས་ཕྱོགས་གཉིས་ནས་གླེང་བར་བྱའོ། །
དང་པོ། ཐེ་བོ་རྫོང་གི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ད་ལྟའི་གནས་བབ།
        དེ་ཡང་གནའ་ནས་བཟུང་རང་རེའི་ཡུལ་འདིར་བན་བོན་གཉིས་ཀྱི་ཆོས་ལུགས་ཆེས་ཆེར་དར་བས། སྲོལ་རྒྱུན་གྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་སའི་སྒར་དང་དགོན་པ་མང་པོ་ཡོད་པ་ལས་རང་རྫོང་གི་དགོན་པའི་སློབ་གསོ་དར་སྔ་བ་དང་ཁྱོན་ཆེ་བ། སྤུས་དག་པ་བཅས་མཐོང་ཐུབ། མཁས་པའི་དབང་བོ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་མཁས་གྲུབ་ལུང་རྟོགས་རྒྱ་མཚོ། དེང་གི་སྐར་རྩིས་རིག་པའི་མཁས་མཆོག་སློབ་དཔོན་བསམ་གྲུབ་རྒྱ་མཚོ་སོགས་སྙན་གྲགས་གངས་ལྗོངས་ཡོངས་སུ་ཁྱབ་པའི་མཁས་པ་གང་མང་བྱུང་མྱོང། ཡིན་ན་ཡང་ཐེ་བོའི་ཡུལ་དུ་དེང་རབས་སློབ་གསོའམ་སློབ་གྲྭའི་སློབ་གསོ་ནི་བཅིངས་འགྲོལ་ཚུན་ཆད་ནས་ད་གཟོད་དར་སྤེལ་བྱུང་བ་ཡིན་ལ། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་རང་རེའི་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་བཅུ་གཉིས་ཀྱི་སློབ་གྲྭ་སོ་སོ་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་པས། ང་ཚོའི་བུ་དང་བུ་མོས་རང་རིགས་ཀྱི་རིག་གནས་སྦྱོང་བའི་སྐལ་བཟང་ཐོབ་པ་ཡིན། ཡིན་ཡང་ང་ཚོས་བགྲང་བྱ་སུམ་ཅུ་ལྷག་གི་རང་རྫོང་གི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་གནས་ཚུལ་ལ་ཕྱིར་བལྟས་ཚེ། རང་ཁུལ་གྱི་ཁྱིམ་མཚེས་རྫོང་ངམ་བོད་ཁམས་ཀྱི་ས་ཆ་གཞན་པ་དང་བསྡུར་ན་སྤུས་ཚད་ཞན་པ་མ་ཟད། རྒྱུགས་འཕྲོད་ཚད་ཀྱང་ཧ་ཅང་དམའ་བ་མཐོང་ཐུབ། སྤྱིར་ཐེ་བོ་ནི་བོད་ཡུལ་ཆོལ་ཁ་གསུམ་ལས་མདོ་སྨད་ཀྱི་སའི་ཆར་གཏོགས་ནའང་ཡུལ་སྐད་ནི་ཨམ་སྐད(འདིར་ཨ་མདོའི་འབྲོག་སྐད་ལ་གོ)དང་ཁྱད་པར་ཆེན་པོ་མཆིས། སའི་ཆགས་དབྱིབས་དབང་གིས“ལུང་བ་རེ་ལ་ཁ་སྐད་རེ”ལྟ་བུའི་ཡུལ་སྐད་དམ་གྲོང་སྐད་མི་ཉུང་བ་ཞིག་ཡོད་པས། ཐེ་བོར་མཚོན་ན་ཡང་། ཐེ་བོའི་སྟོད་སྐད་དང་སྨད་སྐད། བར་སྐད་བཅས་ཡུལ་སྐད་ཁག་ཆེན་པོ་གསུམ་དུ་དབྱེ་ཆོག ཡུལ་སྐད་སོ་སོའི་བར་ལ་གོ་བརྡ་མི་འཕྲོད་པ་དང་འཕྲོད་དཀའ་བའང་མང་པོ་ཡོད་པས་བོད་སྐད་ཡིག་སློབ་ཁྲིད་ལ་དཀའ་ཁག་ཆེན་པོ་བཟོས་ཡོད། དེའི་ཕྱིར། དགེ་རྒན་གྱིས་ཁྲིད་དཀའ་བ་དང་སློབ་མས་གོ་དཀའ་བའི་གནས་ཚུལ་བྱུང་། རྒྱུ་རྐྱེན་འདིའི་དབང་གིས་ས་ཐེ་བོའི་ཡུལ་གྱི་དགེ་རྒན་རྣམ་པའི་ཁ་སྐད་ལ་གཤམ་གྱི་ཁྱད་ཆོས་གསུམ་ཡོད་པ་འདི་ལྟ་སྟེ།
གཅིག སློབ་ཁྲིད་ཀྱི་སྐད་ཆ་རྒྱ་སྐད་སྤྱོད་པ།
        འདི་ནི་དགེ་རྒན་གྱི་ཁ་སྐད་དང་སློབ་མའི་ཁ་སྐད་ཀྱི་བར་ལ་གོ་བརྡ་མི་འཕྲོད་པས་ཐབས་འདི་སྤྱད་པ་ཡིན། རྒྱ་སྐད་ཀྱིས་སློབ་ཁྲིད་བྱ་ཡུལ་གཙོ་བོ་ནི་རྒྱ་ཡིག་གཙོ་བོ་ཅན་གྱི་འཛིན་གྲྭ་ཡིན་ཏེ། ཐེ་བོ་རྫོང་གི་སྐད་གཉིས་སློབ་ཁྲིད་ཀྱི་ཐབས་ལམ་གཙོ་བོའང་རྒྱ་ཡིག་གཙོ་བོ་ཅན་འདི་རེད། ང་རང་སློབ་ཆུང་གི་སྐབས་སུ་རྒྱ་ཡིག་གཙོ་བོ་ཅན་གྱི་འཛིན་གྲྭར་འགྲིམ་པ་ཡིན་ལ། ལོ་རིམ་བཞི་པ་ནས་བཟུང་བོད་ཡིག་དབྱངས་གསལ་ནས་མགོ་བརྩམས་ཏེ་སྦྱངས་པ་ཡིན། ང་ཚོའི་དགེ་རྒན་ནི་ས་ཆ་གཞན་ནས་ཡིན་པ་དང་ཁ་སྐད་ཀྱང་ང་ཚོ་དང་མི་འདྲ། དེའི་ཕྱིར་རྒྱ་སྐད་ཀྱིས་སློབ་ཁྲིད་མི་བྱེད་ཐབས་མེད་བྱུང་། ལོ་རིམ་བཞི་པའི་སློབ་མས་ལོ་གསུམ་གྱི་རིང་ལ་རྒྱ་ཡིག་སྦྱངས་པས་རྒྱ་སྐད་དམ་དུམ་རེ་འཆད་ཤེས་ནའང་བོད་ཀྱི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་དེ་རྒྱ་ཡིག་གི་ལམ་ནས་ག་ལ་རྟོགས་ཐུབ། ཁོ་ཚོས་ཚིག་བསྒྲིགས་པའམ་རྩོམ་ཡིག་དང་ཉིན་ཐོ་འབྲི་བར་ཐོག་མར་རྒྱ་ཡིག་གིས་བསྒྲུབས་ཚར་རྗེས་སུ་བོད་ཡིག་ཏུ་བསྒྱུར་བ་ཡིན་པས། ཚིག་ལོག་རྒྱག་པ་དང་། ཚིག་སྦྱོར་མི་བདེ་བ། ཕྲད་རྣམ་དབྱེའི་བཀོལ་ཚུལ་མི་འགྲིག་པ་སོགས་ཀྱི་སྐྱོན་མང་པོ་ཞིག་འབྱུང་ངོ་། །
གཉིས། སློབ་ཁྲིད་ཀྱི་སྐད་ཆ་ཨམ་སྐད་སྤྱོད་པ།
        དགེ་རྒན་འདིའི་རིགས་ནི་ཉེ་བའི་ལོ་ཤས་ཀྱི་རིང་ལ་རང་ཁུལ་གྱི་བླ་བྲང་དང་དཔའ་རིས། མཚོ་སྔོན་ནས་སྡུད་ལེན་བྱས་པའི་བོད་ཡིག་གི་དགེ་རྒན་རེད། དགེ་རྒན་དེ་དག་གིས་སློབ་མའི་སྐད་ཆའི་ཁོར་ཡུག་ལ་མི་བལྟ་བར་རང་ཡུལ་གྱི་ཁ་སྐད་ཁོ་ནས་སློབ་ཁྲིད་བྱས་པས་སློབ་མས་དགེ་རྒན་གྱིས་ཅི་ཞིག་བཤད་པའང་མི་ཤེས། ཡ་མཚན་ཞིག་ལ་རང་ཡུལ་གྱི་དགེ་རྒན་གསར་བུ་འགས་རང་གི་ཕ་སྐད་མི་བཤད་པར་ཨུ་ཚུགས་ཀྱིས་ཨམ་སྐད་བཤད་པར་དགའ། ཐ་ན་ཨམ་སྐད་བཤད་ཤེས་པ་དེ་རང་གི་གཟི་བརྗིད་དུ་བརྩི། སྔོན་བྱོན་མཁས་པས“སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། ། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །”ཟེར་བས་དེ་ལྟར་མི་བྱ་བར་འཚལ། སློབ་གྲྭའི་མགོ་ཁྲིད་རེ་འགས་སློབ་མས་ལོ་རིམ་དང་པོ་ནས་ཚད་ལྡན་གྱི་ཨམ་སྐད་སྦྱང་དགོས་ཟེར་ནས་དགེ་རྒན་འདི་དག་ལ་སློབ་ཆུང་ལོ་རིམ་དམའ་བའི་འཛིན་གྲྭའི་སྦྱོར་ཀློག་སློབ་ཁྲིད་ཀྱི་འགན་འཁུར་དུ་བཅུག འོན་ཀྱང་ཨམ་སྐད་ཁོ་ནས་བོད་ཡིག་གི་སྦྱོར་ཀློག་ཁྲིད་ན་སློབ་ཁྲིད་ཀྱི་སྤུས་ཀ་མཐོར་འདེགས་གཏོང་ཐུབ་པའི་ངེས་པ་མེད་དེ། རྫོང་མི་དམངས་སྲིད་གཞུང་གི་སློབ་གསོའི་ལས་སྣེ་མི་སྣའི་ངག་ལས་ཁོ་ཚོ་བྲག་སྒམ་ནང་སློབ་གྲྭར་རྟོག་ཞིབ་ཏུ་ཞུགས་སྐབས་མང་ཚོགས་ཀྱིས“ང་ཚོའི་བྱིས་པས་དགེ་རྒན་གྱིས་འབྲོག་སྐད་བཤད་པ་མི་གོ་བས་སློབ་སྐབས་འདིར་བོད་ཡིག་གི་རྒྱུགས་མ་འཕྲོད”ཟེར་བའང་ཐོས། ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི་སློབ་མས་བོད་ཡིག་སློབ་པའི་དམིགས་ཡུལ་ནི་བོད་ཀྱི་རིག་གནས་ཡིན་པ་ལས་ཨ་མདོའི་འབྲོག་སྐད་སྦྱོང་བ་མིན་ནོ། །
གསུམ། སློབ་ཁྲིད་ཀྱི་སྐད་ཆ་ཐེ་སྐད་སྤྱོད་པ།
        ཕ་སྐད་རྣལ་མས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཚང་མ་ནི་རང་ས་ནས་ཡིན་པ་མ་ཟད། ཁོ་ཚོས་ཡུལ་སྐད་སོ་སོའི་ཁྱད་ཆོས་དང་། ཁ་སྐད་དང་ཡིག་སྐད་ཀྱི་འབྲེལ་བ། སློབ་མའི་སྐད་ཆའི་ཁོར་ཡུག་བཅས་ལ་ཞིབ་འཇུག་ནན་མོ་བྱས་རྗེས་སློབ་མས་དང་ལེན་ཐུབ་པའི་ཁ་སྐད་ཀྱིས་སློབ་ཁྲིད་གནང་བས་སྦྱངས་འབྲས་ཀྱང་མངོན་གསལ་དོད་པོ་འབྱུང་བའོ། ། དཔེ་ཞིག་བཞག་ན། རྫོང་བོད་ཡིག་སློབ་ཆུང་གི་དགེ་རྒན་ཞིག་གིས་སློབ་ཁྲིད་བྱས་མྱོང་པའི་འཛིན་གྲྭ་གཉིས་ལ་མཚོན་ན། འཛིན་གྲྭ་དང་པོའི(འཛིན་གྲྭ་འདི་བོད་ཡིག་གཙོ་བོ་ཅན་ཡིན་ལ་སློབ་མའི་ཡོང་ཁུངས་ནི་ཐེ་བོ་སྟོད་པ་དང་དགེ་རྒན་གྱི་ཁ་སྐད་དང་མཐུན་པ)རྒྱུགས་འཕྲོད་ཚད་བརྒྱ་ཆའི་དྲུག་ཅུ་ཟིན་པ་དང་། འཛིན་གྲྭ་གཉིས་པའི(འཛིན་གྲྭ་འདི་རྒྱ་ཡིག་གཙོ་བོ་ཅན་ཡིན་ལ་སློབ་མའི་ཡོང་ཁུངས་རྫོང་ཡོངས་ཀྱི་ལུང་བ་སོ་སོ་ནས་ཡིན་པ་དང་དགེ་རྒན་གྱི་ཁ་སྐད་དང་མི་འདྲ་ས་མང་བ)རྒྱུགས་འཕྲོད་ཚད་བརྒྱ་ཆའི་བཅུ་ཙམ་ཡང་ལོངས་མི་ཐུབ་བོ། །
གཉིས་པ། ཐེ་བོ་རྫོང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་སྐད་ཆར་ལེགས་བཅོས་བྱ་བའི་ཐབས།
        གོང་དུ་རང་རྫོང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་ད་ལྟའི་གནས་བབ་ལ་དབྱེ་ཞིབ་མདོར་ཙམ་བྱས་ཟིན་པས། དེས་ན། རང་རེའི་དགེ་རྒན་དག་གིས་སློབ་ཁྲིད་ཀྱི་སྐད་ཆ་ཇི་ལྟར་བདམས་པ་དང་དེར་ལེགས་བཅོས་ཇི་ལྟར་བྱས་ཏེ་སློབ་ཁྲིད་ལ་གྲུབ་འབྲས་ལེགས་པོ་ཞིག་འབྱུང་དུ་འཇུག་དགོས་ཤེ་ན།
གཅིག བོད་ཀྱི་སྐད་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་པའི་གཏམ་དེ་གཞན་གྱིས་གོ་ན་ངོ་མ་ཡ་ང་བ་དང་དགོད་བྲོ་བ་ཞིག་རེད་ཨང་། འདིས་སློབ་མས་བོད་ཡིག་ལེགས་པོ་ཞིག་སྦྱང་རྒྱུ་ཕར་ཞོག ཐ་ན་བོད་སྐད་དག་མོ་ཞིག་འཆད་མི་ཐུབ་ལ། གཞན་གྱིས་བཤད་པའི་ཁ་སྐད་དེ་ལས་ཀྱང་གོ་དཀའ་འོ། ། དེའི་ཕྱིར། ཡུལ་ཐེ་བོའི་དགེ་རྒན་རྣམ་པས་འདི་ངེས་པར་དུ་སྤང་དགོས། འོ་ན་བོད་ཡིག་སློབ་ཁྲིད་སྐབས་སུ་རྒྱ་སྐད་དང་རྒྱ་ཡིག་ཚིག་འབྲུ་ཙམ་ཡང་བཤད་མི་ཆོག་པ་ཨེ་ཡིན་ཟེར་ན། དེ་ཡང་མིན་ཏེ། དཔེར་ན། རྫོང་བོད་ཡིག་སློབ་ཆུང་གི་རྒྱ་ཡིག་གཙོ་བོ་ཅན་གྱི་འཛིན་གྲྭའི་སློབ་མའི་ཁ་སྐད་སྣ་ཚོགས་ཡོད་པས་དགེ་རྒན་གྱིས་གང་ལ་གང་འཚམ་གྱི་ཁ་སྐད་སྤྱོད་པ་དང། གསར་བྱུང་ཐ་སྙད་ཀྱི་རྒྱ་མིང་སམ་ཊའི་ཐོག་ཏུ་འབྲི་བ་སོགས་བྱེད་ཆོག
གཉིས། ཐེ་སྐད་དང་ཨམ་སྐད་དེ་སློབ་ཁྲིད་ཀྱི་སྐད་ཆར་སྤྱོད་པ་ནི་རྒྱ་སྐད་དང་བསྡུར་ན་ཧ་ཅང་བཟང་མོད། དེ་གཉིས་ལའང་རང་རང་གི་ཁྱད་ཆོས་ཡོད་པས། ལག་ལེན་གྱི་ཁྲོད་དུ་མཉམ་འཇོག་བྱ་དགོས། དེ་ཡང་སློབ་ཆུང་ལོ་རིམ་དམའ་གྲས་སུ་ཡིན་གཅིག་མིན་གཉིས་ཐེ་སྐད་བཤད་དགོས། ལོ་རིམ་མཐོ་གྲས་ལ་སླེབས་དུས་སློབ་མའི་བོད་ཡིག་གི་ཆུ་ཚད་གོང་འཕེལ་དུ་སོང་བ་དང་བསྟུན་ནས་ཁ་སྐད་དང་ལེན་གྱི་ནུས་པའང་ལྡན་པས་ཨམ་སྐད་ཀྱིས་ཁྲིད་ན་ཡང་ག་ལེར་གོ་ཐུབ།
        མདོར་ན། བོད་ལ་སྤྱི་མཐུན་གྱི་སྐད་ཆ་ཞིག་གཏན་འཁེལ་མེད་པའི་སྔུན་ལ་ས་གནས་སོ་སོའི་ཡུལ་སྐད་ནི་ས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་ཡིན་པས། ང་ཚོ་ཐེ་བོའི་དགེ་རྒན་རྣམས་ཀྱིས་ཀྱང་རང་གི་སློབ་མས་གོ་བའི་སྐད་ཆས་སློབ་ཁྲིད་བྱ་རྒྱུ་གལ་ཆེའོ། །
དཔྱད་གཞིའི་ཡིག་ཆ།
[1]ཟླ་ཟེར། [J]2004(2)
[2]བོད་ཀྱི་སློབ་གསོ། [J]2013(7)
[3]ཐེ་བོ་རྫོང་སློབ་གསོ་སློབ་ཁྲིད་ཆེད་རྩོམ་ཕྱོགས་བསྒྲིགས། [G]2006
① ཀན་ལྷོ་ཁུལ་ཐེ་བོ་རྫོང་བོད་ཡིག་སློབ་ཆུང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1