རག་ཚང་རྟ་མགྲིན་སྐྱབས།
མདང་ནུབ་ཁ་བ་ཅུང་ཟད་བབས་པས་ད་ནངས་ཡར་ལངས་དུས་མིག་ལམ་དུ་འཇིག་རྟེན་གྱི་ཁ་དོག་དཀར་བོངས་བོངས་བྱེད། དྭངས་ཤིང་གཙང་བའི་མཁའ་དབུགས་ཀྱིས་ལུས་གསེང་ལ་སྨྲ་མི་ཤེས་པའི་བདེ་སྐྱིད་སྦྱིན་ཡོང་བར་མ་ཟད། ཉི་མའི་འོད་སྣང་བརྩེ་བ་བཞིན་ཐོགས་རེག་མེད་པར་ས་གཞིའི་ངོས་ཡོངས་སུ་ཁྱབ། ངས་དུ་བ་ཞིག་མེ་ལ་གསུར་རྗེས་ཞིམ་མངར་ལྡན་པའི་འབྱིན་རྔུབ་བྱེད་ཀྱིན་གོམ་ཁ་ཆུ་རྩེད་ཁང་དུ་བསྒྱུར་བ་ཡིན། དེ་རིང་ཕྱི་དྲོ་གྲོགས་པོ་ཞིག་དང་ལྷན་དུ་རྫོང་ལ་འགྲོ་བར་དུས་ཆད་བྱས་ཡོད། ངས་འདི་ལྟར་ཁོ་ལ་བསྒུག་རྒྱུ་ལས་དུས་ཚོད་ཕར་གཏོང་བའི་ཐབས་གཞན་ཞིག་གྲོང་རྡལ་ཆུང་བ་འདིར་རྙེད་ཐབས་བྲལ། ཆུ་རྩལ་བྱེད་མི་མེད་པས་ནག་ནོག་གི་སྦག་བཙོག་དང་བྲལ་བས་སེམས་ལ་བག་ཕེབས་ཀྱི་སྣང་བ་ཞིག་དང་བཅས་དལ་གྱིས་ཆུ་ཁར་གཡེང་ནས་ཡུན་ཞིག་འགོར།
ཐག ཐག ཐག
ཏན་ཏན་དུས་ཚོད་ཧ་ཅང་རིང་བོ་ཞིག་འགོར་བའི་འཁྲུལ་སྣང་སྐྱེས་མོད། དུས་ཚོད་ཀྱི་མདའ་རྩེ་?་ལ་ཐོགས་པ་བཞིན་གནས་གཅིག་ན་འགུལ་བའི་ཉམས་སྣང་སྟེར། སྐབས་ཤིག མོ་སྐད་འགའ་ཞིག་གིས་ངའི་སེམས་ཀྱི་འཚུབ་སྣང་དེ་མེད་པར་བཟོས། མ་གཞི་སྐད་སྒྲ་དེ་དག་ནི་མོ་སྐད་མ་ཡིན་པར་གྲྭ་ཕྲུག་འགའི་སྐད་ཡིན་པ་ཤེས། ཁོ་ཚོ་ནི་ས་འདི་གའི་དགོན་པ་ཞིག་གི་སློབ་ཕྲུག་ཡིན་པར་མ་ཟད། ཁོང་ཚོའི་རྒན་ལགས་ཀྱང་ཕེབས་འདུག
སེམས་སུ་ཁོང་ཚོ་ནི་དུས་ཚོད་གཏོང་རོགས་སྐྱིད་པོ་ཞིག་རེད་སྙམ་བཞིན་རྩལ་ཤུགས་ཡོད་རྒུས་རྐྱལ་ཏེ་ཆུ་རྩེད་ཁང་ལ་བསྐོར་བ་ཞིག་བྱས་ཏེ་ཕྱིར་བུད་ཅིང་འདུག་སྟེགས་སུ་ངལ་གསོ་ཞོར་ཁོ་ཚོས་ཆུ་རྩེད་བྱེད་པའི་རྣམ་པར་བལྟས་པ་ཡིན། བྱིས་པའི་སྟེང་ན་མི་ཆེ་བ་དང་མི་འདྲ་བར་ཁོ་ཚོས་ལམ་སེང་ཆུ་ནང་ནས་རིགས་མི་འདྲ་བའི་རྐྱལ་རྩལ་མང་པོར་ཚོད་ལྟ་བྱེད་ཐུབ་པ་མ་ཟད། བློ་སེམས་རྩེ་གཅིག་གིས་ཆུ་རྩལ་ལ་ཞུགས་ཏེ་འཇིག་རྟེན་འདི་ནི་ཁོ་ཚོ་དང་འབྲེལ་བ་མེད་པ་ལྟར་རྩེ་མོའི་ནང་དུ་སིམ་འདུག
ངས་ཁོ་ཚོའི་ཆུ་ནང་གི་རྣམ་འགྱུར་དང་རྩེད་མོའི་དགོད་སྒྲ་བཀླགས་ཏེ་དུས་ཚོད་ཅི་ཙམ་སོང་བ་མ་ཤེས། བར་སྐབས་ཤིག་ཏུ་མགོ་ལོག་གི་སྒྲ་གདངས་ཅན་ཞིག་གིས་ངའི་རྣམ་ཤེས་གཏོར་བྱུང་།
"ཁྱོད་རང་གང་གི་ཡིན"
མ་གཞི་ཁོ་ནི་གྲྭ་ཕྲུག་ཚོའི་རྒན་ལགས་རེད།
"ང་སྣམ་ཐང་གི་ཡིན།"
"རུ་ཁག་དུ་བ་ཡིན།"
"རུ་ཁག་དང་པོ།"
"ཁྱོད་རང་ཅིའི་ཕྱིར་ས་འདིར་ཡོང་བ་ཡིན།
"ཁོམ་བསྡད་ཡོད་པས་ཡོང་བ་ཡིན།"
ཁོ་ནི་གསར་བུའི་སྒང་གི་གྲྭ་བ་ཞིག་རེད། རྐྱལ་རྩལ་མེད་ཀྱང་ཆུ་ནང་དུ་ཕར་འགྲོ་ཚུར་འགྲོ་བྱས་ཏེ་གྲྭ་ཕྲུག་དག་ཆུ་ལ་ནུབ་ཀྱིན་ཡོད་མེད་ལ་ལྟ་རྟོགས་བྱེད།
"ཁྱོད་རང་དགེ་རྒན་ཞིག་ཡིན་ནམ"
"མིན།"
"ཁྱོད་ཀྱིས་སྐམ་ལུག་བཤུས་ཨེ་མྱོང་།"
"མ་མྱོང་།"
"ཁྱོད་ངོ་མ་ངར་བ་རེད།"
"ང་སློབ་མ་བྱས་པས་སྐམ་ལུག་བཤའ་མ་དགོས་པ་རེད།"
ཁོའི་དྲི་བ་དེ་དག་ལ་སུན་སྣང་ཞེ་དྲག་ལྡན་ཡང་ལན་འདེབས་ཅི་ཐུབ་བྱས་པ་ཡིན། ཡིན་ཡང་ཁོས་མུ་མཐུད་དུ་ང་ལ་དྲི་བ་གཏོང་ཅི་ཐུབ་བྱས།
"ཟོག་ལུག་མ་བཤུས་པ་ཧ་ཅང་བཟང་། དགེ་བ་བསགས་པ་རེད།"
"རེད།"
ང་ལ་གནོན་ཤུགས་བྲལ་བའི་དགོད་རྒྱུ་ཞིག་ཡོད་མོད་ངས་མར་གནོན་ཅི་ཐུབ་བྱས། ཁོས་མུ་མཐུད་དུ་བཤད་རྒྱུར།
" སྡེ་བ་འདིས་དགེ་བཅུའི་ཁྲིམས་ལུགས་ཤེས་ཀྱིན་མི་འདུག བཤད་ཀྱང་ཁས་མི་ལེན། ཉིན་ཞིག་རྣམ་སྨིན་འཁོར་ངེས།"
"རེད།"
ངས་སེམས་ནང་གི་དགོད་སྒྲ་ཕྱིར་མིད་དེ་མུ་མཐུད་དུ་ཉན།
"མི་རིགས་འདི་ལ་ཤེས་ཡོན་པ་མཁོ། བྱམས་དང་སྙིང་རྗེ་དགོས། ལོ་རེར་སྐམ་ལུག་ཉིས་བརྒྱ་སུམ་བརྒྱ་བསད་པ་རེད། འདང་ཞིག་རྒྱོབས། འདི་དག་ལ་རྣམ་སྨིན་མི་འཁོར་སུ་ཞིག་ལ་རྣམ་སྨིན་འཁོར། མི་རིགས་འདིའི་མགོ་ལ་རྒྱུ་འབྲས་མི་འཁོར་སུའི་མགོར་རྒྱུ་འབྲས་འཁོར། དུས་ལོག་ལ་མི་འདས་པའི་གྲངས་ཀ་ལྟ་བུ་འདི་ཚོས་ལོ་རེ་གསོད་བཞིན་ཡོད། བསམ་གཞིག་ཨེན་ཙམ་ཡང་གཏོང་མི་ཤེས།"
ངས་ཁ་རོག་གེར་ཉན་བསྡད། ཁོ་ལ་ན་ཟུག་ཅིག་གིས་སློང་བཞིན་ཡོད་པ་ལྟར་མུ་མཐུད་དུ་བཤད།
"ངས་ཕ་མ་སོགས་ལ་ཤ་མ་ཟ་ཞེས་བཤད་ཀྱང་ཐབས་མི་འདུག་ཟེར། ངོ་མ་ཐབས་བཀོལ་མི་འདུག མི་རིགས་འདིས་སྐམ་ལུག་བཙོང་སྟེ་ཕྱུག་པོར་གྱུར་བ་ལས་སྐམ་ལུག་མ་བཙོང་བར་སྤྲང་བོར་གྱུར་ཡང་དགའ་དགོས་པ་རེད། འདི་མཁས་པ་ག་གེ་མོས་བཤད་པ་རེད། འདང་རྒྱག་རྒྱུ་འདུག འཛམ་གླིང་སྒང་གི་མི་སུས་བལྟས་ནའང་འདི་ངོ་ཚ་ཞིག་མ་རེད།"
ཐག ཐག ཐག
དུས་ཚོད་ཀྱི་མདའ་རྩེ་?་ལ་ཐོགས་པ་བཞིན་སྒྱིད་ལུག་གིས་དལ་མོར་སྐྱོད་ཀྱིན་འདུག ང་རང་སུན་སྣང་གིས་དེར་དགུང་གི་ཉི་མར་?ག་ཐོ་ཞིག་བྱས་ཏེ་རི་བོའི་རྒྱབ་ཏུ་གཡུགས་རྗེས་གྲོགས་པོ་དེ་ཐོན་ནས་མྱུར་དུ་རྫོང་ལ་སོང་ན་བསམས་སོང་། འོན་ཏེ་གྲོགས་པོ་དེ་དུས་ཆད་ལྟར་ཐོན་རྒྱུ་མི་འདུག་ལ། གྲྭ་བ་འདིའི་སྐད་ཆ་རང་འགུལ་གྱིས་མཚམས་ཆད་འགྲོ་བ་ཞིག་མིན་པས་ངས་ད་དུང་བཟོད་བསྲན་གྱིས་རྣ་བ་གཡོར་དགོས།
གྲོགས་པོ་དེའི་སྐད་འཕྲིན་དུ་ངས་བསམ་གཟས་ཏེ་སྐད་འཕང་མཐོན་པོས"ཨ་རོག མྱུར་དུ་ཤོག ང་སུན་སྣང་སྐྱེས་ཏེ་འདུག་བཟོད་མི་འདུག"ཅེས་བཤད་དེ་བསྐུར་མོད། ཁོས་ང་ལ་སློབ་གསོ་གཏོང་བའི་མཇུག་གང་ནས་བསྡུ། ངའང་ཐབས་ཟད་དེ"ང་སློབ་ཆེན་འགྲིམ་དུས་འགྲོ་གྲོགས་ཚོ་དང་ལྷན་དུ་རྒྱ་མཚོའི་ནང་གི་ཉ་རིགས་འབེབ་པོ་བཟས་མྱོང་བར་མ་ཟད། ཁྱི་ཤ། སྦལ་བའི་ཤ ཐ་ན་སྦྲུལ་ཡང་བཟས་མྱོང"ཞེས་བཤད། ཁོས་ཁ་གདང་ནས་ཅུང་ཟད་བསྡད་དེ"སློབ་ཆེན་གང་ནས་མཐར་ཕྱིན་པ་ཡིན"ཞེས་དྲིས་བྱུང་།
"ར་མ་སློབ་ཆེན།"
"ཆོས་ལུགས་ལ་ཅི་ཟེར་གྱིན་འདུག"
"ཆོས་ལུགས་ནི་ཉལ་ཐ་ལྟ་བུ་ཞིག་རེད་ཟེར་གྱིན་འདུག"
"དེས་ན། ཁྱོད་ཀྱིས་ཆོས་ལུགས་ལ་ཅི་འདོད།"
"ངས་མི་ཤེས།"
"ད་གང་ལྟར་ཡང… …"
ཁོས་དྲི་བ་དེ་དག་ལ་ལན་གདབ་རྒྱུར་སུན་སྣང་སྐྱེ། དེ་བས་ཀྱང་ཁོང་གི་མི་ཚེའི་འཚོལ་སྙེག་གི་ཕུགས་འདུན་དང་ཆོས་ལུགས་ཀྱི་སྙིང་བོ་སོགས་ཉན་འདོད་མེད་པས་ངའི་རྣ་ནང་དུ་བླུག་འགོ་བརྩམས། ང་རང་ཐབས་ཟད་དེ་ཆུ་རྩལ་ཁང་ལས་སྒོར་བུད། ཉི་མ་ད་དུང་ཨ་སྔོན་དགུང་ན་ཚ་རླབས་ཀྱིས་འཕྲོས་འདུག ཁ་ནས་དབང་མེད་དུ" ཁྲེལ་མེད་དེ། ད་དུང་མ་ཡོང་ཐལ་།"ཞེས་ཤོར་ཞིང་རླངས་འཁོར་ལས་དེ་རིང་བྱུང་བའི་ཉིན་ཐོ་འདི་ཕབ་ཚར་བར་བྱས།
ད་ལྟ་ཕྱི་དྲོའི་ཆུ་ཚོད་ལྔ་པར་ཐོན་གྲབས་འདུག་ཀྱང་གྲོགས་པོ་དེ་ད་དུང་མ་ཐོན། རི་བོ་དག་ལ་གྲིབ་མ་གུག་པ་ནི་ངའི་སེམས་ཀྱི་སྡུག་བསྔལ་ཁ་ཤས་མཚོན་པ་བཞིན་ཕྱི་རོལ་གྱི་ཡུལ་ལྗོངས་མག་མོག་རབ་རིབ་དུ་འགྱུར་བཞིན་འདུག
ཐག ཐག ཐག
2015.11.15