སྒེར་ཁྲལ་སྡུད་ཚད་ཟླ་རེར་སྒོར་5000ནས་དབྱེ་རྒྱུ་ཡིན་པར་ནོར་སྲིད་པུའུ་ཡི་འགྲེལ་བཤད་གསར་ཤོས་གནང་།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-21
ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་མི་སྒེར་ཐོབ་ཁྲལ་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དེ་ཚེས་19ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ། སྒེར་ཁྲལ་བཅའ་ཁྲིམས་འདི་ནི་1980ལོ་ནས་བཟུང་ཐེངས་བདུན་པར་བཟོ་བཅོས་ཆེན་པོ་གནང་བ་ཡིན་ཞིང་། རྩ་བའི་ཆ་ནས་འགྱུར་ལྡོག་ཐེངས་གཅིག་བཏང་བ་ཞིག་ཀྱང་ཡིན་ཏེ།
གླ་ཕོགས་དང་། ལས་ཞབས་གླ་ཆ། རྩོལ་བའི་གླ་ཆ། ཁྱད་དབང་ལས་བྱུང་བའི་ཐོབ་ཆ་བཅས་ངལ་རྩོལ་རང་བཞིན་ལས་ཐོབ་པའི་གླ་ཆ་དོན་ཚན་བཞི་ལ་ཆེས་ཐོག་མར་ཕྱོགས་བསྡུས་ཁྲལ་བསྡུ་ལག་བསྟར་བྱ་རྒྱུ་རེད།
སྒེར་ཁྲལ་གྱི་སྡུད་ཚད་ཟླ་རེར་སྒོར་3500ནས་སྒོར་5000(ལོ་རེར་སྒོར་ཁྲི་6ཡིན)ནས་དབྱེ་རྒྱུ་རེད།
བུ་ཕྲུག་གི་སློབ་གསོའི་གཏོང་སྒོ་དང་། རྒྱུན་མཐུད་སློབ་གསོའི་གཏོང་སྒོ། ནད་ཆེན་སྨན་བཅོས་གཏོང་སྒོ། སྡོད་ཁང་གི་དངུལ་བུན་སྐྱེད་ཀ་དང་སྡོད་ཁང་བོགས་དངུལ་སོགས་ཀྱི་ཆེད་དོན་ཁག་ལ་ཐེངས་དང་པོར་ཟུར་སྣོན་གྱིས་གཅོག་པའི་ཚད་ཇེ་མང་དུ་གཏོང་རྒྱུ་རེད།
ཁྲལ་ཚད་ཀྱི་གྲུབ་ཚུལ་ལེགས་སྒྱུར་དང་ཁྲལ་ཚད་རིམ་པ་ཅུང་དམའ་བའི་རིམ་པའི་བར་ཐག་རྒྱ་བསྐྱེད་པ་སོགས་འདུས། …… གཤམ་ནས་སྒེར་ཁྲལ་བསྒྱུར་བཅོས་ཤུགས་ཚད་སྔར་ན་མ་མཆིས་པ་འདི་ལ་མཉམ་དུ་དོ་སྣང་བྱའོ། །
འདིར་གསལ་བཤད་ཀྱི་ནང་དོན་ཆ་ཚང་ཟུར་སྣོན་བྱས་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་ཐོབ་ཁྲལ་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་(མ་ཡིག)》སྐོར་གྱི་གསལ་བཤད།
ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཁུན།
ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་སྐུ་གཞོན་རྣམ་པ། དྲུང་ཆེན་དང་ཨུ་ཡོན་རྣམ་པ།
ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་ཐོབ་ཁྲལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན(མ་ཡིག)》ལ་གསལ་བཤད་ཞུ་རྒྱུ་ཡིན།
མི་སྒེར་ཐོབ་ཁྲལ་ནི་མིག་སྔར་རང་རྒྱལ་གྱི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཀྱི་འབབ་ཁྲལ་རྗེས་ཀྱི་ཁྲལ་རིགས་ཆེ་གྲས་གསུམ་པ་དེ་ཡིན། ནོར་སྲིད་ཡོང་འབབ་གྲབས་གསོག་དང་ཡོང་འབབ་བགོ་བཤའ་སྙོམས་སྒྲིག་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་སྒེར་ཐོབ་ཁྲལ་བསྒྱུར་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྐུལ་སྤེལ་གཏོང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིསཕིན་གྱིས།ནོར་སྲིད་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་གཞི་དང་ཀ་བ་ལྟ་བུ་ཡིན་སྟབས། ཚན་རིག་དང་མཐུན་པའི་ནོར་སྲིད་ཁྲལ་བསྡུ་ལམ་ལུགས་ནི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་། ཚོང་ར་གཅིག་གྱུར་ཡོང་བར་སྲུང་སྐྱོང་། སྤྱི་ཚོགས་དྲང་སྙོམས་ཡོང་བར་སྐུལ་འདེད། རྒྱལ་ཁབ་ཡུན་རིང་བདེ་འགོད་མངོན་གྱུར་བྱེད་པ་བཅས་ལ་ལམ་ལུགས་ཀྱིས་ཁག་ཐེག་བྱས་པ་ཞིག་ཡིན། དེ་བས་ཁྲལ་བསྡུའི་ལམ་ལུགས་ཀྱི་སྒྱུར་བཅོས་ཟབ་སྤེལ་སྒོས་ཕྱོགས་བསྡུས་དང་རིགས་འབྱེད་ཟུང་དུ་འབྲེལ་བའི་མི་སྒེར་ཐོབ་ཁྲལ་ལམ་ལུགས་རིམ་པ་བཞིན་དུ་འཛུགས་དགོས་ཞེས་གསུངས། ཙུང་ལི་ལི་ཁེ་ཆང་གིས་2018ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། མི་སྒེར་ཐོབ་ཁྲལ་སྡུད་ཚད་ཀྱི་ཚུགས་གཞི་མཐོ་རུ་བཏང་ནས། བུ་ཕྲུག་གི་སློབ་གསོའི་གཏོང་སྒོ་དང་། རྒྱུན་མཐུད་སློབ་གསོའི་གཏོང་སྒོ། ནད་ཆེན་སྨན་བཅོས་གཏོང་སྒོ་སོགས་ཀྱི་ཆེད་དོན་ཚན་པའི་གྲོན་དངུལ་འཕྲི་འཐེན་བྱེད་ཚད་ཇེ་མང་དུ་གཏོང་བ་དང་། ལུགས་མཐུན་གྱིས་ཁུར་པོ་ཡང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱེད་པར་བསྔགས་སྐུལ་གྱིས་འབྱོར་ཕྱུག་ཕྱོགས་སུ་སྐྱོད་དགོས་ཞེས་གསུངས།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཆར་ཟིན་འགོད་པར་ཞིབ་འཇུག་ནན་ཏན་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་ཐོབ་ཁྲལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》བཟོས། འཆར་ཟིན་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པས། ད་ལྟ་གསལ་བཤད་བྱ་རྒྱུ་ནི་གཤམ་གསལ་ལྟར།
གཅིག བཟོ་བཅོས་བྱེད་པའི་སྤྱིའི་བསམ་བཀོད།
ད་ཐེངས་མི་སྒེར་ཐོབ་ཁྲལ་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བྱས་པའི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་སྒེར་ཐོབ་ཁྲལ་བསྒྱུར་བཅོས་ཀྱི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་ཡོང་བ་དང་། ཁྲིམས་ལྟར་མི་སྒེར་ཐོབ་ཁྲལ་གྱི་བསྒྱུར་བཅོས་བདེ་བླག་ངང་ལག་བསྟར་ཡོང་བར་བྱེད་པ་ཞིག་ཡིན། བཟོ་བཅོས་ལས་ཀར་གཙོ་གནད་འབུར་ཐོན་ཡོང་བ་མཐའ་འཁྱོངས་དང་། ད་ལྟ་ལག་ལེན་བསྟར་བཞིན་པའི་སྒྱུར་བཅོས་ཀྱི་དགོས་མཁོར་མི་འཚམ་པའི་ནང་དོན་ལ་བཟོ་བཅོས་དང་། ཁ་གསབ། འཐུས་ཚང་བཅས་ཀྱིས་སྒྱུར་བཅོས་ལག་བསྟར་ལ་མཁོ་བའི་ནང་དོན་ཁག་ཐེག་བྱེད་དགོས། དེ་མིན་ནང་དོན་གཞན་རྣམས་རྩ་དོན་ཐོག་བཟོ་བཅོས་མི་བྱེད།
གཉིས། བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ།
(གཅིག)ཁྲལ་འཇལ་མཁན་གྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་བ།
ད་ལྟ་སྤྱོད་བཞིན་པའི་མི་སྒེར་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་སུ་ཁྲལ་འཇལ་མཁན་ལ་རིགས་གཉིས་གཏན་འཁེལ་བྱས་ཡོད་པ་སྟེ། གཅིག་ནི་ཀྲུང་གོའི་མངའ་ཁོངས་སུ་སྡོད་ཁང་ཡོད་པའམ་ཡང་ན་སྡོད་ཁང་མེད་ཀྱང་མངའ་ཁོངས་སུ་བསྡད་ནས་ལོ་གཅིག་འཁོར་བའི་མི་སྒེར་གྱིས་ཀྲུང་གོའི་མངའ་ཁོངས་ཕྱི་ནང་གང་རུང་ལས་ཐོབ་ཆ་བྱུང་རིགས་རྣམས་ལ་མི་སྒེར་ཐོབ་ཁྲལ་འཇལ་དགོས། གཉིས་ནི་ཀྲུང་གོའི་རྒྱལ་ཁོངས་སུ་སྡོད་ཁང་མེད་ལ་བསྡད་ཀྱང་མེད་པའམ་ཡང་ན་སྡོད་ཁང་མེད་ལ་མངའ་ཁོངས་སུ་བསྡད་ནས་ལོ་གཅིག་ཀྱང་མ་སོང་བའི་མི་སྒེར་གྱིས་ཀྲུང་གོའི་མངའ་ཁོངས་ནས་ཐོབ་ཆ་བྱུང་རིགས་ལ་མི་སྒེར་ཐོབ་ཁྲལ་འཇལ་དགོས། རྒྱལ་སྤྱིའི་གོམས་སྲོལ་ལྟར། སྤྱིར་བཏང་མི་སྒེར་ཐོབ་ཁྲལ་གྱི་ཁྲལ་འཇལ་མཁན་ལ་སྡོད་དམངས་མི་སྒེར་དང་སྡོད་དམངས་མ་ཡིན་པའི་མི་སྒེར་གཉིས་སུ་དབྱེ་ཡོད། ཁྲལ་འཇལ་མཁན་རིགས་གཉིས་ཀྱིས་ཁྲལ་འཇལ་འོས་འགན་དང་ཁྲལ་བསྡུ་བྱེད་སྟངས་ཀྱི་ཆ་ནས་ཁྱད་པར་ཡོད་པ་རེད། ད་ལྟ་སྤྱོད་བཞིན་པའི་མི་སྒེར་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་སུ་གཏན་འབེབས་བྱས་པའི་ཁྲལ་འཇལ་མཁན་ནི་ངོ་བོའི་ཐོག་སྡོད་དམངས་མི་སྒེར་དང་སྡོད་དམངས་མ་ཡིན་པའི་མི་སྒེར་ཡིན་པ་ཙམ་ལས་གོ་དོན་ཐོག་གི་དབྱེ་བ་གསལ་པོ་ཕྱེས་མེད། མི་སྒེར་ཐོབ་ཁྲལ་སྒྱུར་བཅོས་འདི་ཁྲལ་འཇལ་མཁན་རིགས་གཉིས་ཀར་ཁྲལ་བསྡུ་བྱེད་སྟངས་སོགས་ཀྱི་ཐད་ནས་རེ་བ་མི་འདྲ་བ་ཡོད་པ་རྣམས་ལ་འཚམ་པོ་ཡོང་བ་དང་། ཁྲལ་བསྡུ་བཅའ་ཁྲིམས་དང་འབྲེལ་ཡོད་ཀྱི་ཁྲལ་བསྡུའི་གྲོས་ཆོད་དོན་འཁྱོལ་སྟབས་བདེ་ཡོང་ཕྱིར། འཆར་ཟིན་འདིར་རྒྱལ་སྤྱིའི་བྱེད་ཕྱོགས་དཔྱད་གཞིར་བཟུང་ནས་སྡོད་དམངས་མི་སྒེར་དང་སྡོད་དམངས་མ་ཡིན་པའི་མི་སྒེར་ཞེས་པ་ཁ་གསལ་པོར་དྲངས་ཡོད། དེ་ཡང་ཀྲུང་གོའི་མངའ་ཁོངས་སུ་སྡོད་པའི་དུས་ཚོད་དེ་སྡོད་དམངས་མི་སྒེར་དང་སྡོད་དམངས་མ་ཡིན་པའི་མི་སྒེར་བརྡར་ཤ་གཅོད་པའི་ཚད་གཞིར་འཛིན་ཞིང་། ད་ལྟ་སྤྱོད་པའི་དུས་ཚོད་དེ་ལོ་གཅིག་ཡིན་པ་ནས་ཉིན་183ཡིན་པར་བཅོས་ཡོད། དེ་ནི་སྔར་ལས་ལེགས་པར་ཁྲལ་འབབ་ཀྱི་བདག་ཁོངས་དབང་ཆ་སྤྱོད་པ་ཞིག་དང་རྒྱལ་ཁབ་ཀྱི་ཁྲལ་དོན་ཁེ་དབང་སྲུང་སྐྱོང་བྱེད་པ་ཞིག་ཡིན།(དོན་ཚན་དང་པོ།)
(གཉིས།)ངལ་རྩོལ་རང་བཞིན་གྱི་ཐོབ་ཆ་ཁག་གཅིག་ལ་ཕྱོགས་བསྡུས་དཔྱ་ཁྲལ་བསྡུ་རྒྱུ་རེད།
ད་ལྟ་སྤྱོད་བཞིན་པའི་མི་སྒེར་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་སུ་རིགས་དབྱེ་ཁྲལ་བསྡུའི་བྱེད་ཐབས་སྤྱོད་བཞིན་ཡོད་ལ། ཁྲལ་གྱི་ཐོབ་ཆ་དེ་རིགས་11ལ་བགོས་ནས་ཁྲལ་བསྡུ་བྱེད་ཐབས་མི་འདྲ་བ་ལག་བསྟར་བྱེད་བཞིན་ཡོད། “རིམ་པ་བཞིན་དུ་ཕྱོགས་བསྡུས་དང་རིགས་དབྱེ་ཟུང་དུ་འབྲེལ་བའི་མི་སྒེར་ཐོབ་ཁྲལ་ལམ་ལུགས་འཛུགས་པའི”བླང་བྱར་གཞིགས་ཤིང་། མིག་སྔའི་ཁྲལ་བསྡུ་དོ་དམ་གྱི་ནུས་པ་དང་དེའི་ཆ་འགྲིག་གི་ཆ་རྐྱེན་སོགས་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་གྱིས། འཆར་ཟིན་ལས་གླ་ཆ་དང་ཕོགས་ཐོབ་ཀྱི་ཐོབ་ཆ་དང་། ལས་ཞབས་གླ་ཆའི་ཐོབ་ཆ།རྩོལ་བའི་གླ་ཆའི་ཐོབ་ཆ། ཁྱད་དབང་ལས་བྱུང་བའི་ཐོབ་ཆ་བཅས་ངལ་རྩོལ་རང་བཞིན་ལས་ཐོབ་པའི་གླ་ཆ་(གཤམ་དུ་ཕྱོགས་བསྡུས་ཐོབ་ཆ་ཞེས་བསྡུ་རྒྱུ)དོན་ཚན་བཞི་ཕྱོགས་བསྡུས་ཁྲལ་བསྡུའི་ཁྱབ་ཁོངས་སུ་བཞག གཅིག་གྱུར་གྱི་ཚད་བརྒལ་རིམ་སྤར་གྱི་ཁྲལ་ཚད་སྤྱད་འཐུས་དང་། སྡོད་དམངས་མི་སྒེར་གྱི་མི་སྒེར་ཐོབ་ཁྲལ་དེ་ལོ་གཅིག་ལྟར་མཉམ་དུ་བརྩི་བ། སྡོད་དམངས་མ་ཡིན་པའི་མི་སྒེར་གྱི་མི་སྒེར་ཐོབ་ཁྲལ་དེ་རིམ་པ་དང་ཚན་པ་བགར་ནས་བརྩི་རྒྱུ་རེད། དེ་དང་དུས་མཚུངས་སུ། ཁྲལ་འཇལ་དགོས་པའི་ཐོབ་ཆ་འགའ་ཞིག་འོས་འཚམ་གྱིས་ཁུ་བསྡུ་བྱེད་རྒྱུ་ཡིན་ཏེ། “སྒེར་གཉེར་བཟོ་ཚོང་ཁང་གི་ཐོན་སྐྱེད་དང་ཚོང་གཉེར་ཐོབ་ཆ”དེ་“གཉེར་སྐྱོང་གི་ཐོབ་ཆ”ཞེས་བསྡུས་ཏེ། “ཁེ་ལས་དང་ལས་དོན་སྡེ་ཚན་གྱིས་གཉེར་སྐྱོང་བྱེད་འགན་གཙང་ལེན་དང་། བོགས་ལེན་གཉེར་སྐྱོང་གི་ཐོབ་ཆ”མེད་པར་བཟོ་བ་དང་། རྣམ་གྲངས་འདི་ལས་ཐོན་པའི་ཞིབ་ཕྲའི་གནས་ཚུལ་རྣམས་ཕྱོགས་བསྡུས་ཐོབ་ཆ་དང་ཚོང་གཉེར་ཐོབ་ཆའི་ནང་བསྡུ་རྒྱུ་ཡིན། ཚོང་གཉེར་ལས་ཐོན་པའི་ཐོབ་ཆ་དང་། སྐྱིན་བུ། མ་རྐང་སྐྱེད་ཀ ཁེ་སྤོགས་ཀྱི་ཐོབ་ཆ། དེ་བཞིན་རྒྱུ་ནོར་བོགས་གཏོང་གི་ཐོབ་ཆ་དང་། རྒྱུ་ནོར་བཤུག་སྤྲོད་ཀྱི་ཐོབ་ཆ། སྟེས་དབང་གི་ཐོབ་ཆ། དེ་མིན་གྱི་ཐོབ་ཆ་གཞན་དག་ལ་སྔར་བཞིན་རིགས་དབྱེའི་ཁྲལ་བསྡུའི་བྱེད་ཐབས་སྤྱད་ནས་སོ་སོའི་མི་སྒེར་ཐོབ་ཁྲལ་བརྩི་རྒྱུ་ཡིན། (དོན་ཚན་གཉིས་པ།)
(གསུམ།)ཁྲལ་ཚད་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱ་རྒྱུ་རེད།
དང་པོ་ནི་ཕྱོགས་བསྡུས་ཀྱི་ཐོབ་ཆའི་ཁྲལ་ཚད་རེད། ད་ཡོད་ཀྱི་གླ་ཕོགས་དང་། ཕོགས་ཐོབ་ཀྱི་ཐོབ་ཆའི་ཁྲལ་ཚད་(ཚད་བརྒལ་རིམ་འཕར་ཁྲལ་ཚད་རིམ་པ་7པའི་3%ནས་45%བར)རྨང་གཞི་བྱེད་པ་དང་། ཟླ་རེར་ཁྲལ་འཇལ་པའི་ཐོབ་ཆའི་ཐོབ་ཁྲལ་བརྩི་བ་དེ་ལོ་རེར་བརྩི་བར་བསྒྱུར་པ་མ་ཟད། ཁྲལ་ཚད་ཁག་གཅིག་གི་ཁྱད་པར་ལེགས་སྒྱུར་བྱ་རྒྱུ་རེད། དེའི་ཞིབ་ཕྲའི་ཚད་ནི། ཁྲལ་ཚད་3%དང་། 10% 20%བཅས་རིམ་པ་གསུམ་གྱི་ཁྱད་པར་བགར་བ་དེ་ཡིན། 3%ཅན་གྱི་ཁྲད་ཚད་དེ་ཁྱད་པར་ལྡབ་གཅིག་ཏུ་བསྒྱུར་ཡོད་ལ། ད་ལྟའི་ཁྲལ་ཚད་10%ཅན་དེའི་ཐོབ་ཆའི་ཁྲལ་ཚད་ཁག་གཅིག་3%དུ་ཕབ་ཡོད། ཁྲལ་ཚད་10%ཅན་གྱི་ཁྲལ་ཚད་ཁྱད་པར་ཇེ་ཆེ་གཏོང་རྒྱུ་སྟེ། ད་ལྟ་སྤྱོད་བཞིན་པའི་ཁྲལ་ཚད་20%ཅན་དང་25%ཅན་གྱི་ཐོབ་ཆའི་ཁྲལ་ཚད་ཁག་གཅིག་10%རུ་ཕབ་ཡོད། དེ་བཞིན་ད་ལྟ་སྤྱོད་བཞིན་པའི་ཁྲལ་ཚད་25%ཅན་གྱི་ཐོབ་ཆའི་ཁྲལ་ཚད་ཁག་གཅིག་20%རུ་ཕབ་ཡོད། བབ་མཚུངས་ཀྱིས་ཁྲལ་ཚད་25%ཅན་གྱི་ཁྱད་པར་ཇེ་ཆུང་དུ་བཏང་ཡོད། 30%དང་། 35% 45%བཅས་ཀྱི་ཁྲལ་ཚད་རིམ་པ་གསུམ་པོའི་ཁྱད་པར་ནི་སྔར་བཞིན་འགྱུར་ལྡོག་མེད། (དོན་ཚན་གསུམ་པ།དོན་ཚན་བཅུ་དྲུག་པ།)
གཉིས་པ་ནི་ཚོང་གཉེར་ཐོབ་ཆའི་ཁྲལ་ཚད་རེད། ད་ཡོད་ཀྱི་སྒེར་གཉེར་བཟོ་ཚོང་ཁང་གི་ཐོན་སྐྱེད་དང་། གཉེར་སྐྱོང་གི་ཐོབ་ཆ། ཁེ་ལས་དང་ལས་དོན་སྡེ་ཚན་གྱི་གཉེར་སྐྱོང་བྱེད་འགན་གཙང་ལེན་དང་བོགས་གཏོང་གཉེར་སྐྱོང་གི་ཐོབ་ཆ་བཅས་ཀྱི་ཁྲལ་ཚད་རྨང་གཞིར་བྱས་ཏེ། 5%ནས་35%ཅན་གྱི་ཁྲལ་ཚད་ལ་འགྱུར་ལྡོག་མེད། བབ་མཚུངས་ཀྱིས་རིམ་པ་སོ་སོའི་ཁྲལ་ཚད་ཀྱི་ཁྱད་པར་ལེགས་སྒྲིག་བྱེད་རྒྱུ་རེད། དེ་ལས་རིམ་པ་མཐོ་ཤོས་ཀྱི་ཁྲལ་ཚད་དེ་མས་མཐའ་སྒོར་ཁྲི་10ནས་སྒོར་ཁྲི་50བར་མཐོ་རུ་གཏོང་རྒྱུ་རེད།(དོན་ཚན་གསུམ་པ། དོན་ཚན་བཅུ་བདུན་པ།)
(བཞི།)ཕྱོགས་བསྡུས་ཐོབ་ཆའི་གཞི་རྩའི་འགྲོ་གྲོན་འཕྲི་འཐེན་ཚད་གཞི་ཇེ་མཐོར་གཏོང་རྒྱུ་རེད།
ད་ལྟ་སྤྱོད་བཞིན་པའི་མི་སྒེར་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་ལྟར། གླ་ཕོགས་དང་ཕོགས་ཐོབ་ཀྱི་གཞི་རྩའི་འགྲོ་གྲོན་འཕྲི་འཐེན་ཚད་གཞི་ཟླ་རེར་སྒོར་3500ཡིན་ལ། ལས་ཞབས་གླ་ཆའི་ཐོབ་ཆ་དང་། རྩོལ་བའི་གླ་ཆའི་ཐོབ་ཆ། ཁྱད་དབང་ལས་བྱུང་བའི་ཐོབ་ཆ་བཅས་ཐེངས་རེའི་ཡོང་འབབ་སྒོར་4000ལས་མ་བརྒལ་ན་འཕྲི་འཐེན་ཚད་གཞི་སྒོར་800ཡིན་ལ། ཡོང་འབབ་སྒོར་4000ཡན་ལ་འཕྲི་འཐེན་ཚད་གཞི་དེའི་20%ཡིན། འཆར་ཟིན་ལས་གོང་གསལ་ཕྱོགས་བསྡུས་ཐོབ་ཆའི་གཞི་རྩའི་འགྲོ་གྲོན་འཕྲི་འཐེན་ཚད་གཞི་ཟླ་རེར་སྒོར་5000(ལོ་རེར་སྒོར་ཁྲི་6ཡིན)ལ་ཐུག་གི་བར་དུ་ཇེ་མང་དུ་བཏང་ཡོད། ཚད་གཞི་འདིར་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་འགྲོ་སོང་གི་ཆུ་ཚད་འཕར་སྣོན་བྱུང་བ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིག་བཏང་ཡོད་པ་མ་ཟད། ད་དུང་སྔོན་དཔག་རང་བཞིན་ཡང་ངེས་ཅན་ཞིག་ཡོད།
ཚད་གཞི་འདི་ལྟར་ཁྲལ་ཚད་ཀྱི་གྲུབ་ཚུལ་ལ་ཟུང་འབྲེལ་སྒོས་ལེགས་སྒྲིག་བྱས་ཏེ་བརྩིས་ན། གླ་ཕོགས་དང་ཕོགས་ཐོབ་སོགས་ཀྱི་ཕྱོགས་བསྡུས་ཐོབ་ཆའི་ཁྲལ་འཇལ་པ་བཅས་ཀྱི་དཔྱ་ཁྲལ་དེ་ཚད་མི་འདྲ་བའི་མར་ཆག་ཡོད་ཅིང་། ལྷག་པར་དུ་འབྲིང་རིམ་མན་ཆད་ཀྱི་ཡོང་འབབ་ཚོགས་པའི་དཔྱ་ཁྲལ་འགན་འཁུར་མངོན་གསལ་གྱིས་ཇེ་ཡང་དུ་ཕྱིན་ཡོད་པས། སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་འཕར་ནས་འཛད་སྤྱོད་ནུས་པ་ཇེ་ལེགས་སུ་ཡོང་ཐུབ། ཚད་གཞི་འདི་ནི་ཀྲུང་གོའི་མངའ་ཁོངས་ནང་གི་སྡོད་གནས་མེད་ཅིང་ཀྲུང་གོའི་མངའ་ཁོངས་ཀྱི་གླ་ཕོགས་དང་ཕོགས་ཐོབ་ཀྱི་ཐོབ་ཆའི་ཁྲལ་འཇལ་པ་དང་ཀྲུང་གོའི་མངའ་ཁོངས་ནང་གི་སྡོད་གནས་ཡོད་ཅིང་ཀྲུང་གོའི་ཕྱི་རོལ་ནས་གླ་ཕོགས་དང་ཕོགས་ཐོབ་ལེན་པའི་ཁྲལ་འཇལ་པ་རྣམས་གང་ལའང་སྤྱད་ཆོག དེ་ལ་ཆེད་དོན་ཟུར་སྣོན་གྱི་འགྲོ་གྲོན་(ཟླ་རེར་སྒོར་1300)འཕྲི་འཐེན་མེད་པར་བྱས་ཡོད།(དོན་ཚན་ལྔ་པ།)
(ལྔ།) ཆེད་དོན་ཟུར་སྣོན་གྱི་འགྲོ་གྲོན་འཕྲི་འཐེན་འཛུགས་རྒྱུ་རེད།
འཆར་ཟིན་གྱིས་ཕྱོགས་བསྡུས་ཐོབ་ཆའི་གཞི་རྩའི་འགྲོ་གྲོན་འཕྲི་འཐེན་ཚད་གཞི་ཇེ་མཐོར་གཏོང་རྒྱུ་རེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒེར་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། སྡོད་ཁང་སྤྱི་གསོག་མ་དངུལ་སོགས་ཆེད་དོན་འཕྲི་འཐེན་དོན་ཚན་དང་དེ་བཞིན་ཁྲིམས་ལྟར་གཏན་འཁེལ་བྱས་པའི་འཕྲི་འཐེན་དོན་ཚན་གཞན་དག་མུ་མཐུད་དུ་ལག་བསྟར་བྱེད་པའི་དུས་མཚུངས་སུ། གཏན་འཁེལ་བྱས་པའི་བུ་ཕྲུག་གི་སློབ་གསོའི་གཏོང་སྒོ་དང་། རྒྱུན་མཐུད་སློབ་གསོའི་གཏོང་སྒོ། ནད་ཆེན་སྨན་བཅོས་གཏོང་སྒོ། སྡོད་ཁང་གི་དངུལ་བུན་སྐྱེད་ཀ སྡོད་ཁང་གི་བོགས་དངུལ་སོགས་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆེད་དོན་ཟུར་སྣོན་འགྲོ་འགྲོན་འཕྲི་འཐེན་རྣམས་ཁ་སྣོན་བྱ་རྒྱུ་རེད། ཆེད་དོན་ཟུར་སྣོན་འགྲོ་འགྲོན་འཕྲི་འཐེན་ནི་མི་སྒེར་གྱི་འགན་འཁུར་གྱི་ཁྱད་པར་རང་བཞིན་ལ་བསམ་གཞིག་བཏང་ཡོད་པ་མ་ཟད། མི་སྒེར་ཐོབ་ཁྲལ་གྱི་རྨང་གཞིའི་གཞུང་ལུགས་ལའང་མཐུན་པས། ཁྲལ་བསྡུའི་ལམ་ལུགས་དྲང་བདེན་ཡོང་བ་ལའང་ཕན་པ་ཡོད། (དོན་ཚན་ལྔ་པ།)
(དྲུག)ཁྲལ་གཡོལ་ལ་རྒོལ་བའི་དོན་ཚན་ཇེ་མང་དུ་གཏོང་རྒྱུ་རེད།
དེང་སྐབས་མི་སྒེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་མི་སྒེར་ཐོབ་ཁྲལ་ལས་གཡོལ་བའི་སྣང་ཚུལ་སྐབས་འགར་བྱུང་བཞིན་ཡོད། ཁྲལ་བསྡུའི་སྐྱོན་ཆ་སེལ་བ་དང་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་ཁེ་དབང་སྲུང་སྐྱོབ་བྱེད་ཆེད། འཆར་ཟིན་གྱིས་ཁེ་ལས་ཐོབ་ཆའི་ཐོབ་ཁྲལ་བཅའ་ཁྲིམས་ལས་ཁྲལ་གཡོལ་ལ་རྒོལ་བའི་གཏན་འབེབས་དཔེ་བླངས་ནས། མི་སྒེར་གྱིས་རང་ཚུགས་ཀྱིས་ཉོ་ཚོང་རྩ་དོན་ལྟར་རྒྱུ་ནོར་བཤུག་སྤྲོད་དང་། ཕྱི་རྒྱལ་ནས་ཁྲལ་གཡོལ་བ། ལུགས་མཐུན་མིན་པའི་ཚོང་ལས་བཀོད་སྒྲིག་འོག་ཁྲལ་མེད་པའི་ཁེ་ཕན་ཐོབ་པ་སོགས་ཀྱི་ཁྲལ་གཡོལ་བྱ་སྤྱོད་རྣམས་ལ། ཁྲལ་དོན་ལས་ཁུངས་ཀྱིས་བྱེད་ཐབས་འོས་འཚམ་གྱིས་ཁྲལ་འཇལ་བའི་དབང་ཆ་ལེགས་སྒྲིག་བྱེད་རྒྱུ་རེད། ཁྲལ་དོན་ལས་ཁུངས་ཀྱིས་གཏན་འབེབས་ལྟར་ཁྲལ་འཇལ་ལེགས་སྒྲིག་བྱས་རྗེས་ཁྲལ་དངུལ་ཁ་གསབ་ཀྱིས་བསྡུ་བ་མ་ཟད་ད་དུང་སྐྱེད་ཀ་ལྟར་འཕར་མ་ཡང་བསྡུ་རྒྱུ་རེད། (དོན་ཚན་དྲུག་པ།)
གཞན་ཡང་མི་སྒེར་ཐོབ་ཁྲལ་སྒྱུར་བཅོས་བདེ་བླག་ངང་ལག་བསྟར་འགན་སྲུང་ཡོང་ཆེད། འཆར་ཟིན་ནང་ད་དུང་སྡོད་དམངས་མིན་པའི་མི་སྒེར་གྱི་ཁྲལ་བསྡུ་ལ་གསལ་ཁ་གཏོད་ཡོད་པ་མ་ཟད། མུ་མཐུད་ནས་མི་སྒེར་ཐོབ་ཁྲལ་ལ་འཚམ་པའི་ཁྲལ་བསྡུའི་དོ་དམ་ལམ་ལུགས་སྔར་ལས་ཀྱང་འཐུས་ཚང་དུ་བཏང་ཡོད་པ་རེད།