ཚེ་རིང་སྐྱིད།
ནང་དོན་གནད་བསྡུས། དཔྱད་རྩོམ་ཐུང་ངུ་འདིར་གཙོ་བོ་ཕྱོགས་གསུམ་ནས་བརྗོད་ཡོད་དེ། ཐོག་མར་རྒྱལ་མོ་ཚ་བ་རོང་གི་ས་གནས་ཀྱི་ལོ་རྒྱུས་རགས་རིམ་དང་། དེ་ནས་རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ཀྱི་དབྱངས་གསལ་སྒྲ་ཚན། སྔོན་རྗེས་འཇུག་དང་མགོ་འདོགས་ཅན་སོགས་ཀྱི་སྒྲའི་འབྱིན་ཚུལ་གྱི་ཁྱད་ཆོས་ཏེ་སྐད་གདངས་ཀྱི་ཁྱད་ཆོས་བརྗོད་ཡོད། མཇུག་མཐར་རྒྱལ་མོ་ཚ་བ་རོང་གིས་ད་ལྟའང་བཀོལ་བཞིན་པའི་ཐ་སྙད་འགའ་འཚོལ་བསྡུ་བྱས་ནས་དེ་དག་ལ་བརྡ་རྙིང་གི་ཁྱད་ཆོས་ལྡན་ཚུལ་རགས་ཙམ་བརྗོད་ཡོད།
བརྡ་ཆད་གཙོ་བོ། རྒྱལ་རོང་། ཡུལ་སྐད། གདངས། སྒྲ་ཚན། ཐ་སྙད།
གླེང་གཞི།
སྤྱིར་སྐད་ཆ་ནི་འགྱུར་བའི་ཆོས་སུ་གྲུབ་ཕྱིར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བརྡ་སྤྲོད་ཚུལ་དང་། མིང་དང་། སྐད་གདངས་བཅས་ལ་འགྱུར་བ་བྱུང་བ་སྨྲས་མི་དགོས་མོད། འོན་ཀྱང་རྒྱལ་མོ་ཚ་བ་རོང་བའི་ཡུལ་སྐད་ནི་ཡུལ་སྐད་གཞན་དང་བསྡུར་ན་ས་བབ་ཀྱི་ཆགས་སྟངས་སོགས་རྒྱུ་རྐྱེན་ཁ་ཤས་ཀྱི་དབང་གིས་ལྟོས་བཅས་ཀྱིས་སྐད་ཆའི་སྒྲ་གདངས་ལ་འགྱུར་བ་བྱུང་བ་ཅུང་ཆུང་ལ། དཀོན་མཆོག་རྒྱ་མཚོ་ནས་ང་ཚོས་བཙན་པོའི་རྒྱལ་རབས་སྐབས་སླངས་བའི་རྡོ་རིང་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་དང་། མདོ་དབུས་མཐོ་སྒང་གི་ཤར་ནུབ་ཀྱི་མཐར་འཁོད་པའི་ད་ལྟའི་སྦལ་ཏི་དང་། ལ་དྭགས་དང་། ཨ་མདོའི་འབྲོག་སྐད་དང་། རྒྱལ་རོང་བའི་སྐད་སོགས་ཀྱིས་བོད་བཙན་པོའི་སྐབས་ཀྱི་དབྱངས་གསལ་སྦྱོར་ཀློག་གི་སྐད་ཀྱི་གདངས་ཇི་ལྟ་བུར་ངེས་ཚུལ་དངོས་བརྒྱུད་ཅི་རིགས་ཀྱིས་ཅུང་ཟད་བསྒྲུབ་ཐུབ་པར་སྙམ། ①དེ་བས་སྐད་བརྡའི་ཞིབ་འཇུག་པའམ་བརྡ་སྤྲོད་ཆེད་མཁས་པ་ཁ་ཤས་ཀྱིས་ཀྱང་རྒྱལ་མོ་ཚ་བ་རོང་བའི་ཡུལ་སྐད་ནི་བོད་ཀྱི་གནའ་བོའི་སྐད་གདངས་མཚོན་པའི་ཡུལ་སྐད་ཀྱི་གྲས་སུ་ངོས་འཛིན་བཞིན་མཆིས་སོ། །
རྒྱལ་མོ་ཚ་བ་རོང་ནི་སྤྱིར་རྒྱལ་ནང་གི་བོད་ཁམས་ཡོངས་ལས་ཡུལ་སྲོལ་གོམས་གཤིས་དང་སྐད་རིགས་སམ་ཕྱོགས་གང་གི་ཐད་ནས་ཀྱང་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ལ། ཡུལ་སྲོལ་གོམས་གཤིས་ཀྱི་ཐད་ནས་ཀྱང་གཉེན་སྟོན་བག་སྐྱེལ་དང་གླུ་ལེན་གར་རྩེད། ད་དུང་ཆང་བཤད་དང་ཤ་བཤད། དུར་སྲོལ་དང་གསང་མཆོད་སོགས་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་བརྩམས་པའི་རྒྱལ་རོང་དམངས་ཁྲོད་གཏམ་ཚོགས་ཞེས་པར་ཧ་ཅང་གསལ་བས། འདིར་ཡིག་ཚོགས་སྐྱུང་བའི་ཆེད་དུ་བསྐྱར་བརྗོད་མི་བྱེད་དོ།།
དེའི་ཕྱིར་དཔྱད་རྩོམ་ཐུང་ངུ་འདིར་ཡང་གཙོ་བོ་རྒྱལ་མོ་ཚ་བ་རོང་ལས་ཆུ་ཆེན་རྫོང་ཁྲོ་སྐྱབས་ཐུགས་ཆེན་ཡུལ་གྱི་ཕལ་སྐད་གཞིར་བཟུང་ནས་དཔྱད་བརྗོད་བྱས་པ་ལ། དབྱངས་དང་གསལ་བྱེད་ཀྱི་སྒྲ་ཚན། སྔོན་འཇུག་དང་རྗེས་འཇུག མགོ་ཅན་དང་འདོགས་ཅན་བཅས་ཀྱི་སྒྲའི་འབྱིན་ཚུལ་གྱི་ཐུན་མིན་གྱི་ཁྱད་ཆོས་དང་། འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གི་གྲུབ་ཚུལ། ད་དུང་རྒྱལ་རོང་ཚ་ཁོག་ཏུ་ད་ལྟའང་མ་ཉམས་པར་སྔར་ལྟར་སྤྱོད་བཞིན་པའི་བརྡ་རྙིང་སོགས་འདུས་སོ།
དང་པོ། རྒྱལ་རོང་ཡུལ་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ།
གངས་རིའི་མུ་ཁྱུད་དཀར་པོའི་བཀྲག་མདངས་བཀྲ་བའི་འཛམ་གླིང་སྣོད་བཅུད་ལས་སྨད་སྒང་དྲུག་རོང་བཞི་ཞེས་བའི་ནང་ཚན་ཤར་རྒྱལ་མོ་ཚ་བ་རོང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་དོན་ནི། བོད་ཀྱི་ཤར་ཕྱོགས་ཡིན་པས་ཤར། ལྷ་ཆེན་རྒྱལ་མོ་དམུ་རྡོའི་རི་རྒྱུད་དུ་ཡོད་པས་རྒྱལ་མོ། བོད་ཡུལ་གྱི་ཚ་བ་ཅུང་ཆེ་བའི་ས་ཡིན་པས་ཚ་བ། གྲོ་ནས་སྲན་གསུམ་ཐོན་པའི་རོང་ཁུལ་ཡིན་པས་རོང་ཞེས་གྲགས་པ་ཡིན། ད་དུང་ཡུལ་དེར་རྒྱལ་མོ་རོང་ཟེར་བའི་རྒྱུ་མཚན་དུ་རྗེ་དམུ་དགེ་བསམ་གཏན་གྱིས་གསུངས་པ་བཞིན་རྒྱལ་མོ་དམུ་རྡོ་ཞེས་གྲགས་པའི་ལྷ་རི་མཐོ་ཞིང་བརྗིད་པ་དེའི་རི་རྒྱུད་དང་བཅས་ཡུལ་ལུང་ཆེན་པོ་དེར་རྒྱལ་མོ་རོང་ཞེས་གྲགས་པ། བོད་ཀྱི་ས་གནས་གཞན་ལས་ཚ་བ་ཅུང་ཆེ་བའི་གནས་ཡིན་གཤིས་རྒྱལ་མོ་ཚ་བ་རོང་ཞེས་འབོད། ཚིག་བསྡུས་ནས་རྒྱ་ལ་རོང་ཞེས་བརྗོད་པར་བྱེད། ①ཅེས་རྔ་བ་ཁུལ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་བདམས་བསྒྲིགས་ན་གསལ། དེ་ཡང་སུམ་པ་དོན་གྲུབ་ཚེ་རིང་གིས་བསྒྲུབ་པ་ལྟར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རུས་སྦྲ་དང་ཁྱུང་ཅན་ཡིན་པར་གསུངས་ཞེས་སྒྲུབ་བྱེད་དུ་མ་བཀོད་ཡོད་ལ། མདོ་སྨད་ཆོས་འབྱུང་དུ། “འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ། ། སྦྲ་དཔའ་རྩལ་ཆེ་བ་དེ་ཡི་དོན། ། ཞེས་པ་ལྟར་མདོ་ཁམས་རོང་ཆེན་བཞིའི་གར་རྒྱལ་མོ་ཚ་བ་རོང་། ལྷོ་ཚ་བ་རོང་། ནུབ་ཐེ་བོ་རོང་། བྱང་ཨ་སྟག་རོང་། )ནང་ཚན་འགག་དོག་ས་གསུམ་སྦྲས་ཐོབ་ཅེས་རྒྱལ་རོང་བ་རྣམས་སྦྲ་སྟེ་བསེ་ཡིན་པར་གསལ་པོར་བཤད་ཅིང་། ཚ་རོང་རྒྱལ་བོ་ཁོ་ཕན་དུ་གྲགས་པ་བྱུང་བས་དེ་ལ་ཚ་ཁོ་ཟེར་བ་བྱུང་བ་དང་། བོད་ཆོས་རྒྱལ་གྱི་གདུང་རྒྱུད་ཅིག་དང་པོར་སོ་མང་རྒྱལ་ཁག་ཏུ་ཞུགས་པ་རྒྱལ་པོ་ཚེ་མགོན་ལེགས་པ། དེ་ནས་མི་རབས་མང་དུ་སོང་སྐབས་རྩ་བན་ཐར་སྲས་གསུམ་ཡོད་པ་སོ་སོར་གྱེས་ནས་སོ་མང་དང་། མཆོག་རྩེ། རྫིང་འགག་བཅས་ཚ་བ་ཁག་གསུམ་ཟེར་བ་དང་། ཡང་རྒྱལ་པོ་ཁྲོ་སྐྱབས་རྒྱལ་ཁག་ཅེས་པ་བྱུང་བ་དེས་དྲུག་ཟུར་ས་ཆར་ཕོ་བྲང་བརྩིགས་པའི་རྒྱུད་ལ་ཁྲོ་སྐྱབས་རྒྱལ་ཁག་ཅེས་བྱུང་བ་སོགས་རྒྱལ་རོང་གི་ས་ཆ་དེར་རིམ་བཞིན་སྟོད་ཀྱི་སོ་མང་རྒྱལ་པོ། སྨད་ཀྱི་ལྕགས་པ་རྒྱལ་པོ། བར་གྱི་ཁྲོ་སྐྱབས་རྒྱལ་པོ། ཆུ་ཆེན་རབ་བརྟན་རྒྱལ་པོ་སོགས་རྒྱལ་རོང་ཁག་བཅོ་བརྒྱད་དུ་གྲགས་པ་བྱུང་བས། དེ་རྣམས་ཀྱི་ཐོག་མའི་རུས་ཁུངས་བོད་ཀྱི་གདུང་རྒྱུད་དུ་ངེས་པ་གདོན་མི་ཟ། ། ”①ཞེས་བོད་ཀྱི་ཡུལ་སྐད་ཀྱི་བྱུང་འཕེལ་དང་། དབྱེ་བ། ཁྱད་ཆོས་སྐོར་རགས་ཙམ་བརྗོད་པ་ཞེས་པར་གསལ།
རྒྱལ་མོ་ཚ་བ་རོང་གི་བོད་མི་རྣམས་ནི་ལས་ལ་བརྩོན་ཞིང་ཁྲེལ་གཞུང་ལྡན་པ། བློ་རིག་རྣོ་ལ་དཔའ་ངར་ཆེ་བས་བོད་གངས་ཅན་གྱི་ལྗོངས་སུ་སྙན་པའི་གྲགས་པ་འབར། ཁོ་ཚོས་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་མདོ་དབུས་ཁམས་གསུམ་ན་གནས་པའི་ནང་མི་སྤུན་ཟླ་དང་ཆབས་ཅིག་འོད་སྟོང་འབར་བའི་བོད་ཀྱི་ཤེས་རིག་གསར་སྐྲུན་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུའང་བྱས་རྗེས་གསུབ་ཏུ་མེད་པ་བཞག་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་ས་ཁུལ་རང་བཞིན་གྱི་རིག་གནས་ཀྱང་བསྐྲུན་ཡོད་ལ། དེ་ཡང་ལྷག་པར་ཏུ་རྒྱལ་རོང་གི་ཞིབ་འཇུག་པ་བཙན་ལྷ་ངག་དབང་ལགས་ཀྱིས་གསུངས་པ་ལྟར་རྒྱལ་རོང་བོད་མི་ཚོས་ལོ་རྒྱུས་ཐོག་ཏུ་རང་རྒྱལ་གྱི་སྤུན་ཟླ་མི་རིགས་གཞན་དང་དཔུང་གདངས་མཉམ་སྦྲེལ་གྱི་སྒོ་ནས་མེས་རྒྱལ་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་ཆེད་དུ། ཤར་ཕྱོགས་ཀྲེ་ཅང་གི་རྒྱ་མཚོའི་དབུས་མཐའ་དང་། ནུབ་ཕྱོགས་བལ་བོའི་ས་མཚམས་སུ་མ་རུང་ཕྱི་དགྲའི་བཙན་འཛུལ་འགོག་རྒོལ་དུ་ཕྱིན་ནས། དཔའ་ངར་ཆེར་བསྐྱེད་དང་རང་སྲོག་ཕར་བསྔོས་ཀྱིས་དགྲ་བོར་རྡུང་རྡེག་བྱས་ཏེ། ཁེངས་དྲེགས་རང་རློམ་ཅན་གྱི་སྡང་དགྲའི་སྙིང་རྩ་འདར་བར་བྱས་ཤིང་། དཔའ་མཛངས་རྟུལ་ཕོད་ཀྱི་སྙན་པ་དབྱར་གྱི་རྔ་གསང་བཞིན་དུ་འཛིན་མའི་ཁྱོན་ཀུན་ལྡིར། aཞེས་མངོན་ལ། ད་དུང་རྒྱལ་རོང་དཔོན་དམག་ས་ངན་རི་འི་ཤི་པར་དཔུང་འཇུག་བྱེད་གྲས་སུ་ཞུགས་པ་དང་བཙན་འཛུལ་བ་གོར་དམག་མཐར་སྐྲོད་གཏོང་བར་ཕྱིན་ཞེས་རང་མི་རིགས་དང་རྒྱལ་ཁབ་ལ་བྱས་རྗེས་བླ་ན་མེད་པ་བཞག་གོ། གཉིས་པ། རྒྱལ་རོང་ཡུལ་སྐད་ཀྱི་སྒྲ་གདངས་ཀྱི་ཁྱད་ཆོས་བརྗོད་པ།
སྤྱིར་བོད་ཀྱི་ཡུལ་སྐད་ཀྱི་ཁྱད་པར་གཙོ་བོ་ནི་སྒྲ་གདངས་ཀྱི་ཐད་ནས་མངོན་པ་ཧ་ཅང་མངོན་གསལ་ཡིན་ལ། ཡུལ་གྲུ་ཕན་ཚུན་བར་བརྡ་མི་འཕྲོད་པའི་འབྲེལ་འདྲིས་ཀྱི་བཀག་རྒྱ་དེ་ཡང་མ་གཞི་སྒྲ་གདངས་ཐད་ནས་བྱུང་བ་ཡིན། དེ་བས་བོད་སིལ་བུར་འཐོར་བའི་རྗེས་ནས་བོད་ཀྱི་སྤྱི་ཚོགས་ཧྲིལ་བོ་དེ་འདྲ་གཅིག་གྱུར་ཆགས་མ་ཐུབ་པར་ཚོབའམ་ཤོག་པ་སོ་སོ་གཅིག་ཁོངས་གཅིག་ལ་མི་གཏོགས་པར་ཕན་ཚུན་འགྲོ་འོང་སོགས་ཉག་ཕྲ་ཕྱིར། བླ་མ་རེ་ལ་ཆོས་ལུགས་རེ། ། ལུང་བ་རེ་ལ་སྐད་ལུགས་རེ། ། ཟེར་བ་ལྟར་ཡུལ་སྐད་ལུང་སྐད་ཤིན་ཏུ་མང་བོར་འཕེལ། དེ་བས་རྒྱལ་མོ་ཚ་བ་རོང་བའི་ཡུལ་སྐད་ཀྱང་དེ་ལས་མ་འདས་ཏེ། རྒྱུ་མཚན་ནི་རྒྱལ་རོང་ཡུལ་སྐད་གྲུབ་པའི་མཐུན་རྐྱེན་གཙོ་བོ་ནི་ས་བབ་ཆགས་སྟངས་ཡིན་ལ། དེའང་གྲོག་རོང་ཧ་ཅང་མཐོ་ལ་དོག་ཅིང་། ལུང་མཐིལ་དུ་སོ་མང་ཆུ་བོས་དར་ཁ་འཐེན་བཞིན། རོང་ཁུལ་དུ་ནགས་ཚལ་སྟུག་ཅིང་ཚབ་ཆེ་བ། དེ་བས་སྔོན་དམག་འཁྲུག་དང་གཡུལ་འགྱེད་བྱུང་སྐབས་ས་ཆ་གཞན་པའི་མི་ལ་ས་དེར་ཆ་རྒྱུས་མེད་པས་ཕམ་ཁ་མི་ཉུང་བ་ཁུར་མྱོང་ཞེས་བཤད་རྒྱུན་ཡོད།
གང་ལྟར་དུས་ཡུན་རིང་བོ་ཞིག་ཏུ་རི་མཐོ་ཞིང་ས་དོག་པའི་ཡུལ་གྲོང་ལུང་གསེབ་ཏུ་བཀས་བཀོད་རྒྱུད་འཛིན་གྱིས་ས་གནས་བཅད་བཟུང་གི་ལམ་ལུགས་ལ་བརྟེན་ནས་དཔལ་འབྱོར་གྱི་རྨང་གཞི་སྒེར་ཚུགས་སུ་སྤེལ་ཞིང་། ཕྱིའི་བོད་ཁམས་གཞན་དག་ལ་འབྲེལ་འདྲིས་ཀྱི་རྒྱུན་ཆད་སྟབས། རྒྱལ་རོང་བའི་སྐད་ཉིད་ལའང་བོད་སྐད་ཀྱི་བརྡ་རྙིང་མའི་གཞི་གདངས་དག་པ་ཉིད་ལ་གཞན་སྐད་ཀྱིས་ཤན་ཞུགས་པ་ཉུང་བས་ཡུལ་སྐད་ཡན་གར་དུ་གྲུབ་པ་བཞིན་ནོ། དེ་བས་སྐད་ཆའི་སྒྲ་གདངས་མི་འདྲ་བར་བརྟེན་ནས་དབྱངས་དང་གསལ་བྱེད་ཀྱི་སྒྲ་ཚན་མང་ཉུང་ཡང་ཡུལ་སྐད་གཞན་དང་མི་མཐུན་པ་སྨྲས་མི་དགོས་སྙམ། གཅིག དབྱངས་དང་གསལ་བྱེད་ཀྱི་སྒྲ་ཚན་གྱི་ཁྱད་ཆོས།
སྤྱིར་སྒྲ་གདངས་ནི་ཡུལ་དུས་ཀྱི་དབང་དུ་གྱུར་པས་བོད་སྐད་ཀྱི་གདངས་འདི་ཉིད་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་དབྱངས་དང་གསལ་བྱེད་ཀྱི་སྒྲའི་སྐྱེ་གནས་དང་འབྱིན་སྟངས་དག་ལ་འགྱུར་བ་ཅུང་བྱུང་འདུག་ལ། དེའང་རྒྱལ་རོང་ཡུལ་སྐད་ཀྱི་དབྱངས་དང་གསལ་བྱེད་ཀྱི་ཁྱད་ཆོས་བརྗོད་པ་ལ་སྒྲ་ཚན་གྱི་སྟེང་ནས་དབྱེ་བར་སྤྲོ་བས། འདིར་རེའུ་མིག་ལ་བཀོད་པ་གཤམ་ལྟར།
གསལ་བྱེད་རྐྱང་བའི་རེའུ་མིག
དབྱངས་རྐྱང་བའི་རེའུ་མིག
གོང་དུ་བཀོད་པ་ལྟར་ན་རྒྱལ་རོང་སྐད་ལ་གསལ་བྱེད་རྐྱང་བ་རང་སྒྲ་ཐོན་པ37ཡོད་ལ། དབྱངས་ཨི iཡི་སྒྲ་གདངས]ལྟར་ཀློག་སྟེ། དཔེར་ན། རི་བོ་ལ r]poཉི་མ་ལ89maཞེས་ཟེར་ཞིང་། དུ་བ་ལ du baདང་རུ་མ་ལ ru maཞེས་ཀློག གེ་སར་ལ ge sharདང་ལེ་ལོ་ལ le lo ཞེས་ཀློག ད་དུང་རོ་ལ roདང་གྲོ་ལ gro ཞེས་དབྱངས་རེ་རེར་གསལ་བོར་ཐོན་པར་མ་ཟད་དེ་རེ་རེའི་མཚོན་དོན་ཐ་དད་པ་ཡིན་པ་ཤེས་པར་བྱའོ། འོན་ཀྱང་བརྡ་སྤྲོད་མཁས་པ་རྣམས་ཀྱིས་ཚད་མར་འཛིན་པའི་གི་གུའི་སྒྲ iཞེས་པ་ཡང་རྒྱལ་རོལ་ཡུལ་སྐད་ལ་གཏན་ནས་མེད་པ་མིན་ལ། མིང་གཞི་ལ་རྗེས་འཇུག་ས་སྦྱོར་བའི་སྐབས་སུ iསྒྲ་ཐོན་ཏེ། དཔེར་ན། ནས་ལnisདང་རས་ལnsཞེས་ཀློག
དེ་ཡང་རྒྱལ་རོང་ཡུལ་སྐད་ཀྱི་ཁྱད་ཆོས་མངོན་པའི་ཆ་ཤས་ཤིག་ཏུ་གྲུབ་ཡོད་ལ། རྒྱུ་མཚན་ནི་ཡུལ་སྐད་དང་ལུང་སྐད་སོ་སོའི་ཁྱད་ཆོས་མི་འདྲ་བར་མ་ཟད། དེའི་ཁྱད་ཆོས་མངོན་ཚུལ་ཀྱང་མི་འདྲ་བ་ལྷང་རེད། དེ་བས་རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ལ་མཚོན་ན་ཁྱད་ཆོས་མངོན་གསལ་ཡིན་པའི་ཆ་ཧ་ཅང་མང་ལ། དབྱངས་གསལ་གཉིས་ཀྱི་སྒྲ་ཚན་གྱི་ཁྱད་ཆོས་ཀྱང་མི་གླེང་ཐབས་མེད་རེད་སྙམ། །
གཉིས། སྔོན་འཇུག་དང་རྗེས་འཇུག་གི་སྒྲ་འབྱིན་ཚུལ་གྱི་ཁྱད་ཆོས།
སྒྲ་གདངས་ཀྱི་ཁྱད་ཆོས་ནི་སྔོན་འཇུག་དང་རྗེས་འཇུག་གི་སྒྲ་གདངས་ཟུར་དུ་ལེགས་པར་ཐོན་ཅིང་། སྒྲ་ལྡན་དང་སྒྲ་མེད། སྲོག་ཆེན་དང་སྲོག་ཆུང་གི་ཁྱད་པར་གསལ་བར་མངོན། རྒྱལ་རོང་བ་ཚེ་རིང་རྒྱལ་གྱིས་གསུངས་པ་ལྟར། རྒྱལ་རོང་དུ་དབྱངས་གསལ་འདི་དག་དང་འཕུལ་བརྩེགས་སོགས་འདོན་ཚུལ་ཐ་དད་རྣམས་ད་དུང་ཡང་མ་ཉམས་པར་མངོན་སུམ་དུ་མཐོང་བས་གྲུབ་ཅིང་གཞན་དུ་དེ་ལྟར་མེད་པའི་ཕྱིར། འདི་དག་རྣམས་ལེགས་པར་ཤེས་ན། དག་ཡིག་ལ་མི་རྨོངས་བའི་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན་ཏེ། དཔེར་ན། དག་ཡིག་འགའ་ཞིག་ལས། སངས་རྒྱས་སྐུ་ནི་ས་སྐུ་ཡིན། ། རྐུན་མའི་རྐུན་ནི་ར་རྐུན་ཡིན། ། ཞེས་པར་མཚོན་ན། སྒྲ་གདངས་ཐ་དད་དུ་ཡོད་པས་དག་ཡིག་ལ་སྦྱང་བ་སྔོན་དུ་མ་སོང་ཡང་ཡི་གེར་འབྲི་བ་ན་ཚེགས་མེད་དུ་འབྱེད་ཐུབ་པ་མངོན་སུམ་དུ་གྲུབ་པ་ཡིན་པ་དང་། འདས་མ་འོངས་ཀྱི་བྱ་ཚིག་དང་སྐུལ་ཚིག་བཅས་ལ་མཚོན་ན། བསྒྲིགས། སྒྲིག བསྒྲིག སྒྲིགས་ཞེས་པར་སྒྲ་གདངས་ཐ་དད་པར་ཐོན་པ་ཡིན་ནོ། ། ①ཞེས་བརྫོད་པ་ལྟར། སྔོན་འཇུག་དང་རྗེས་འཇུག་གི་སྒྲ་གདངས་ཟུར་དུ་ལེགས་པར་ཐོན་པ་གཤམ་གྱི་རེའུ་མིག་ཏུ་གསལ་ལོ། །
སྔོན་འཇུག་གི་སྒྲ་གདངས་ཟུར་དུ་ཐོན་ཚུལ་ལ་དཔེར་ན།
རྗེས་འཇུག་གི་སྒྲ་གདངས་ཟུར་དུ་ཐོན་ཚུལ་ལ་དཔེར་ན།
ད་ལྟ་ཨ་མདོའི་འབྲོག་སྐད་དུ་རྗེས་འཇུག་གི་སྒྲ་གདངས་ལེགས་པར་ཐོན་པ་ཡོད་ཀྱང་། སྔོན་འཇུག་གི་སྒྲ་གདངས་ཀྱི་ཟུར་ལེགས་པར་ཐོན་པ་ཧ་ཅང་ཉུང་ལ། དེ་བས་རྒྱལ་རོང་ཡུལ་སྐད་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་ཞེས་པའང་འཕུལ་བརྩེགས་ཀྱི་སྟེང་ནས་གླེང་བ་ཡིན་པར་སྙམ། །
གསུམ། མགོ་ཅན་དང་འདོགས་ཅན་གྱི་སྒྲ་འབྱིན་ཚུལ་གྱི་ཁྱད་ཆོས།
དེ་ཡང་སི་ཏུ་པཎ་ཆེན་གྱི་ཞལ་ནས། ཁམས་ཕྱོགས་ཀྱི་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱིས་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་། དེ་དག་གི་ཡུལ་སྐད་ལས་མགོ་འདོགས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་སྒོས་གྲུབ་པ་སོགས་ཀྱིས་མཚོན་ནུས་སོ། དེ་བས་རྒྱལ་མོ་ཚ་བ་རོང་བའི་ཡུལ་སྐད་ལ་འཕུལ་རྟེན་མགོ་འདོགས་སོགས་ཀྱི་སྒྲ་གདངས་གི་ཟུར་དག་པར་ཐོན་པ། དཔེར་ན། ཕྲེང་བ་ལprebaདང་དཔྱད་པ་ལhpJatpaཟླ་བ་ལ s།abaཞེས་པ་ལྟར་ཀློག་གོ།
སྤྱིར་བོད་ཁམས་ཀྱི་བརྡ་སྦྲོད་མཁས་པ་རྣམས་ཀྱིས་རྒྱལ་མོ་ཚ་བ་རོང་བའི་སྐད་ནི་བོད་ཀྱི་ཡུལ་སྐད་དག་ལས་ཐུན་མིན་གྱི་ཁྱད་ཆོས་མང་བོ་ལྡན་པའི་གྲས་སུ་འཁོད་ཡོད་ལ། དེའི་རྒྱུ་མཚན་ནི་རྒྱལ་རོང་གི་བོད་མི་རྣམས་ཀྱིས་བོད་ཀྱི་ཡི་གེ་ཀློག་སྐབས་སྒྲ་གདངས་སོ་སོའི་ཐད་ནས་ནང་དོན་ཐ་དད་པ་མཚོན་ཐུབ་ལ། དེ་ནི་ད་ལྟ་བོད་སྐད་སྤྱིའི་འབད་ཕྱོགས་སུའང་འགྱུར་བཞིན་ཡོད། དེ་བས་རྒྱལ་རོང་བ་ཚེ་རིང་རྒྱལ་གྱིས་རྒྱལ་རོང་གི་ཡུལ་སྐད་ཀྱི་ཁྱད་ཆོས་མངོན་པར་གསལ་བ་ར་སྤྲོད་པའི་ཆེད་དུ། སྦྱོར་ཀློག་གི་སྐབས་སུའང་འཕུལ་རྟེན་དང་མགོ་འདོགས་ཀྱི་ཡི་གེ་རྣམས་སོ་སོའི་སྒྲ་ཐོན་དགོས་པ་ནི། ས་སྐྱ་བསོད་ནམས་རྩེ་མོས། གང་དང་གང་ལ་གང་བཏགས་པས། ། གོ་རིམ་བཞིན་དུ་གནས་ནས་འབྱུང་། ། དེ་ལ་ར་མགོ་ལྕེ་རྩེ་འདར། ། ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། ། ས་མགོ་སོ་ཡི་བར་ནས་དབྱུང་། ། ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། ། གལ་ཏེ་མ་ཕྱིན་གྱུར་པ་ནི། ། ཡི་གེ་ཕྲལ་བཞིན་བརྗོད་པར་བྱ།། དཔེར་ན་གྲ་ལ་ག་ར་འམ། ། སྒྲ་ལ་སྒ་ར་ཇི་བཞིན་དུ། ། དེ་ནས་འཕུལ་བ་བསླབ་པར་བྱ།། གས་འཕུལ་ཐོག་མ་རྐན་ནས་དབྱུང་། ། དས་འཕུལ་ལྕེ་རྩེ་ཀློད་པ་ལས། ། བ་མས་འཕུལ་བ་ཐོག་མར་ནི། ། མཆུ་བཙུམ་པ་ལས་ཁྱད་པར་སྣང་། ། འས་འཕུལ་གྲེ་བའི་ཕུགས་ནས་དབྱུང་། ། འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང་། ། གོ་རིམ་བཞིན་དབྱུང་མ་བྱས་ན། ། འདི་ཡང་ཕྲལ་ཞིང་བཀླགས་པ་སྟེ། ། མཁྲ་ལ་མཁའ་ར་ཇི་བཞིན་ནོ། ། ①ཞེས་སོགས་རྒྱ་ཆེར་འབྱུང་བའི་སྒྲ་གདངས་འདི་དག་གི་ཁྱད་པར་རྣམས་དེང་དུས་སུ་ཤར་རྒྱལ་མོ་རོང་བའི་ཡུལ་སྐད་དུ་སྔར་བཞིན་གསལ་ལ། དེ་མ་གཏོགས་ཕལ་ཆེར་བོད་ཁམས་བྱིངས་ན་ཉམས་ཟིན་པ་འདྲ། དེས་ན་རྒྱལ་རོང་བ་རྣམས་ཀྱིས་བོད་ཡིག་སྦྱངས་སྐབས་ཀློག་ཚུལ་ང་ཚོ་དང་མི་འདྲ་བ་ཧ་ཅང་མང་ལ། དེ་ནི་ཁོང་ཚོའི་ཀློག་ཚུལ་གྱི་ང་རོ་དག་པ་དེ་ཙམ་གྱིས་ཡུལ་སྐད་གཞན་དང་མི་མཐུན་པའི་ཁྱད་ཆོས་མངོན་གྱིན་ཡོད། ད་དུང་རྒྱལ་རོང་བ་རྣམས་ཀྱིས་བཤད་རྒྱུར་ཁོང་ཚོ་ཆུང་དུས་བོད་ཡིག་སྦྱང་སྐབས་སུ་ཚང་མས་དག་ཡིག་སྦྱང་མི་དགོས་ལ། དེ་འདྲའི་བསླབ་དེབ་ཀྱང་ཡེ་ནས་ཡོད་མ་རེད་ཟེར། དོན་དངོས་སུ་ཁོང་ཚོའི་ཀློག་སྟངས་ལྟར་བོད་ཁམས་ཡོངས་ཀྱིས་དེ་ལྟར་བཀླག་ན་དག་ཡིག་ཅེས་ཟུར་ཏུ་ཁྲིད་མི་དགོས་པར་གནང་ངོ་། དེ་བས་འདིར་རྒྱལ་རོང་ཡུལ་སྐད་ཀྱི་མགོ་ཅན་དང་འདོགས་ཅན་གྱི་སྒྲའི་འབྱིན་ཚུལ་མི་འདྲ་བའི་ཁྱད་ཆོས་ལ་གཟིགས་པར་འཚལ།
མགོ་ཅན་གྱི་སྒྲ་ཟུར་དུ་ཐོན་པ་དཔེར་ན།
འདོགས་ཅན་གྱི་སྒྲ་ཟུར་དུ་ཐོན་པར་དཔེར་ན།
དེ་བཞིན་དུ་ད་ལྟ་རྒྱལ་ནང་གི་ཡུལ་སྐད་མང་ཤོས་ལ་དེ་འདྲའི་ཁྱད་ཆོས་མངོན་གསལ་ལྡན་པ་མེད་ལ། ལྷག་པར་ཏུ་གོང་གི་རེའུ་མིག་ཏུ་བཀོད་པའི་མགོ་ཅན་དང་འདོགས་ཅན་གྱི་སྒྲ་ཟུར་ཏུ་ཐོན་པ་དེ་བས་ཀྱང་ཉུང་། དེའི་རྒྱུ་མཚན་ནི་ཤར་རྒྱལ་མོ་ཚ་བ་རོང་དང་བསྡུར་ན་ཡུལ་སྐད་གཞན་དག་གི་ཁྱད་ཆོས་ལ་མི་རིགས་གཞན་དང་འབྲེལ་འདྲིས་ཆེ་བ་དང་གཅིགས་བབ་ཀྱི་ཆ་རྐྱེན་ལེགས་ཅིང་འགྲིམ་འགྲུལ་སྟབས་བདེ་བ་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་རྒྱལ་རོང་ཡུལ་སྐད་དང་མི་མཐུན་པའི་ཆ་མང་ཤེས་བྱུང་།
གསུམ་པ། རྒྱལ་རོང་ཡུལ་སྐད་དུ་བརྡ་རྙིང་བཀོལ་སྤྱོད་བྱེད་པའི་གནས་བབ།
དེ་ཡང་སྤྱིར་རྒྱལ་མོ་ཚ་བ་རོང་ནི་གོང་ནས་བཤད་པ་བཞིན་དུས་རབས་བདུན་པའི་སྐབས་ཀྱི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་བོད་ཀྱི་མཐའ་མཚམས་སྲུང་ཆེད་མི་རིགས་གཞན་གྱི་ཐུབ་ཚོད་དང་དགྲ་བོའི་བཙན་འཛུལ་ལ་མི་འཇིགས་པར་རི་གྲོང་ལུང་སྟོང་ཞིག་ཏུ་ཆགས་པའི་མི་རིགས་ཀྱི་དཔའ་བོ་དག་ལ་ཟེར། དེའི་རྐྱེན་གྱིས་རང་མི་རིགས་དང་ཁ་ཐག་རིང་སར་མཆིས་ཤིང་མི་རིགས་གཞན་དང་འབྲེལ་འདྲིས་ཧ་ཅང་ཕྲ་ཕྱིར། བརྡ་སྤྲོད་ཞིབ་འཇུག་པ་ཁ་ཤས་ཀྱིས་ཤར་རྒྱལ་མོ་ཚ་བ་རོང་ནི་དང་ཐོག་བོད་ལྗོངས་ཉིང་ཁྲི་ནས་ཡོང་ཞེས་བརྗོད་ལ། རྒྱུ་མཚན་ནི་ཁོང་ཚོའི་གྱོན་པའི་ཆ་ལུགས་དང་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ལ་འདྲ་ས་མང་བོ་འདུག་ཅེས་ཟེར་ལ། ཡང་ཁ་ཤས་ཀྱིས་སྟོད་མངའ་རིས་ནས་མཆེད་པ་ཡིན་ཞེས་གྲགས། དེའང་རྒྱུ་མཚན་མི་ཉུང་བ་ཞིག་ཡོད་ལ། དཔེར་ན། སྐད་ཆ་དང་གོམས་གཤིས་ཀྱི་ཐད་སོགས་ནས་གླེང་རྒྱུ་ཡོད་དོ། གང་ལྟར། རྗེ་དམུ་དགེ་བསམ་གཏན་གྱིས་གསུངས་པ་ལྟར་ན་མདོ་སྨད་ཆོས་འབྱུང་ལས། མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་། ①ཞེས་གསུངས་ཤིང་། རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་འདི་ལ་བོད་ཀྱི་བརྡ་རྙིང་མ་འགྱུར་བ་ཤས་ཆེ་བ་ཡིན་ཏེ། བོད་ཡུལ་རྒྱལ་མོ་རོང་གི་ས་ཁུལ་རེ་ཟུང་དང་། དེ་མིན་ཁམས་ཕྱོགས་ཀྱི་ས་ཁུལ་རེ་ཟུང་ཙམ་གྱི་ཡུལ་སྐད་བཤད་མཁན་གྱིས་བོད་ཀྱི་སྤྱི་སྐད་ཤོད་མཁན་བར་གོ་བརྡ་མི་འཕྲོད་པ་ཡོད་ཀྱང་། ཚིག་སྦྱོར་གྱི་འགྲོས་ནི་བོད་སྐད་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་ཡིན། རྒྱལ་མོ་ཚ་བ་རོང་གི་བོད་མི་ཚོས་ལོ་ངོ་བརྒྱ་སྟོང་གི་རིང་སྤྱད་པའི་ཡི་གེ་ནི་བོད་ཡིག་ཡིན་པར་མ་ཟད། རྒྱལ་མོ་ཚ་བ་རོང་གི་བོད་མིས་བོད་ཡིག་ཀློག་སྐབས་སྔོན་འཇུག་དང་རྗེས་འཇུག ཡང་འཇུག་མགོ་གསུམ། འདོགས་བཞི་སོགས་ཀྱི་སྒྲ་དག་པར་ཀློག་པའི་ཚད་དེ་བོད་མི་གཞན་གྱིས་ཡོང་དཀའ་བ་ཞིག་ཡིན་པས། བརྡ་སྤྲོད་ཆེད་མཁས་པ་དང་སྐད་བརྡ་ཞིབ་འཇུག་པ་མི་ཉུང་བས་རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ལ་ཞིབ་འཇུག་དང་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་མཆིས། དེས་ན་རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ཀྱི་ནང་དུ་བརྡ་རྙིང་ཆེས་མང་བ་དང་། ཡང་རྗེ་དམུ་དགེ་བསམ་གཏན་གྱིས་གསུང་པར། སྒྲ་དྲག་ཆེ་བའི་དབང་གིས་འགྱུར་བ་དང་། འགྱུར་ཆེ་བ་དང་། ཉམས་ཆེ་དྲག་པའི་དབང་གིས་འགྱུར་བ་དང་། འགྱུར་ཆེ་བ་སོགས་ཀྱི་དབང་གིས་མི་འདྲ་བ་ལྟ་བུར་གྱུར་པའང་ཡོད་ལ་དབུས་གཙང་སྐད་ཀྱང་རིམ་གྱིས་འགྱུར་བའི་སྟབས་ཀྱིས་མི་འདྲ་བ་ལྟ་བུར་གྱུར་མོད། མ་གཞི་རྒྱལ་རོང་གི་སྐད་འདི་བོད་སྐད་རང་ཡིན་པ་ངེད་ཅག་བོད་རང་མཚན་པ་དང་། བོད་ཡིག་ཤེས་པ་དག་གིས་བལྟས་ན་ཤིན་ཏུ་གསལ། བོད་སྐད་དང་བོད་ཡིག་མི་ཤེས་ཤིང་། རྒྱལ་རོང་གི་སྐད་ཀྱང་མི་ཤེས་པ་འགའ་ཞིག་གིས་བྱུང་རྒྱལ་དུ་སྨྲས་བས། དངོས་དོན་ལྕགས་ལྟ་བུ་དག་བསྒྱུར་ག་ལ་ནུས②ཞེས་གསུངས་མྱོང་ངོ་།
ཤར་རྒྱལ་མོ་ཚ་བ་རོང་བའི་ཡུལ་སྐད་དུ་ད་ལྟའང་སྔར་བཞིན་མ་ཉམས་པར་བཀོལ་བཞིན་པའི་བརྡ་རྙིང་ཅུང་མང་ལ། དེ་བས་བདག་གིས་རྒྱལ་རོང་ཡུལ་སྐད་ཀྱི་ཁྱད་ཆོས་བརྗོད་སྐབས་ཀྱང་མི་བརྗོད་ཐབས་མེད་ཡིན། རྒྱུ་མཚན་ནི་སྤྱིར་ཨ་མདོའི་འབྲོག་སྐད་ཁ་ཤས་ལ་བརྡ་རྙིང་གི་ཤན་ཞུགས་ཀྱང་། རྒྱལ་རོང་ཡུལ་སྐད་དང་བསྡུར་ན་དེ་ནི་གངས་ལ་ཁ་བ་བྱིན་པ་ལྟར་ལས་མེད་པ་འདྲའོ། ད་རུང་རྒྱལ་རོང་ཡུལ་སྐད་དུ་བོད་ཀྱི་བརྡ་རྙིང་མང་བོ་བཀོལ་བཞིན་པ་ར་སྤྲོད་ཆེད། བོད་རྒྱ་ཤན་སྦྱར་གྱི་རྒྱལ་རོང་ཁ་སྐད་ཚིག་མཛོད་ཆེན་མོ་ཞེས་པ་ལས་བརྡ་རྙིང་དག་བསྡུ་སྒྲིག་བྱས་པ་ལ།
དེ་བཞིན་དུ་རྒྱལ་རོང་ཡུལ་སྐད་ཀྱི་ཁྲོད་ན་བོད་ཀྱི་བརྡ་རྙིང་མང་བོ་བཀོལ་བཞིན་པ་ཧ་ཅང་གསལ་བོར་མངོན་ལ། དེའང་སི་ཏུ་པཎ་ཆེན་གྱིས་ཀྱང་ཡིག་ཀློག་གི་སྒྲ་དག་པའི་ཚད་ལ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་བཞུགས་སྐབས་འབྲི་གུང་བ་དང་། ཡུལ་རྒྱལ་མོ་ཚ་བ་རོང་བ་བཞག་པར་མ་ཟད། རྒྱལ་མོ་རོང་གི་ཡུལ་སྐད་ཀྱང་ཆེས་སྔ་དུས་ཀྱི་བོད་ཀྱི་བརྡ་རྙིང་ཤིན་ཏུ་མང་བོ་ཡོད་པ་གཟུར་གནས་མཁས་པ་དག་གིས་བརྟགས་ན་རྟོགས་བདེ་བ་ཞིག་ཡིན་ལ། བཤད་ན་གོ་བདེ་བ་ཞིག་ཡིན་ནོ། །
སྤྱིར་སྐད་རིགས་སམ་ཡུལ་སྐད་ཅིག་གི་ཁྲོད་ན་བརྡ་རྙིང་ཡོད་མེད་ལ་ཞིབ་འཇུག་བྱེད་དགོས་ན་ངེས་པར་དུ་མི་རིགས་སམ་ལུང་ཡུལ་དེའི་མི་རྣམས་ལ་རྒྱུས་ལོན་ཆེན་པོ་བྱེད་དགོས་པར་མ་ཟད། དེའི་འབྱུང་ཁུངས་དང་མཆེད་ཚུལ། ད་དུང་གཙོ་བོ་སྐད་ཁུངས་ལ་སོམ་ཉི་སྤུ་ཙམ་ཡང་མེད་པར་བྱེད་དགོས། རྒྱུ་མཚན་ནི་སྐད་རིགས་སམ་ཡུལ་སྐད་དེའི་འབྱུང་ཁུངས་གསལ་ཚེ་ད་གཟོད་དེའི་ཁྲོད་དུ་བཀོལ་སྤྱོད་བྱེད་པའི་ཐ་སྙད་ཀྱི་ཁྱད་ཆོས་ལ་འཇུག་ཐུབ་བོ།
གང་ལྟར། རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ཀྱི་ཁྱད་ཆོས་ལ་མཚོན་ན་སྐད་གདངས་གི་ཐད་ནས་སྔོན་འཇུག་དང་རྗེས་འཇུག ཡང་འཇུག མགོ་ཅན་དང་འདོགས་ཅན་སོགས་ལས་མངོན་ཡོད་པར་མ་ཟད། ད་དུང་ཕྱོགས་གཞན་པ་སྟེ་ཐ་སྙད་ཀྱི་ཐད་ནས་ཀྱང་ཡུལ་སྐད་གཞན་པ་དང་བསྡུར་ན་བརྡ་རྙིང་བཀོལ་བ་ཅུང་མང་ལ། དེ་བས་ཕྲན་གྱིས་བཙན་ལྷ་ངག་དབང་སོགས་ཀྱིས་བསྡུ་སྒྲིག་བྱས་པའི་བོད་རྒྱ་ཤན་སྦྱར་གྱི་རྒྱལ་རོང་ཁ་སྐད་ཚིག་མཛོད་ཆེན་མོ་ལས་དྲངས་ཡོད་ལ། ཡང་འདིར་ཡིག་ཚོགས་སྐྱུང་ཕྱིར་བསྐྱར་བཟློས་མི་བྱའོ།
སྡོམ་བྱང་།
འདིར་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཀྱི་ཁྱད་པར་ཇེ་ཆེ་ནས་ཇེ་ཟབ་ཏུ་འགྲོ་དགོས་དོན་ནི་ཆོལ་གསུམ་ནང་ཕན་ཚུན་འཕུལ་རྟེན་གྱི་སྒྲ་གདངས་དག་མ་དག་ལ་རག་ལས་ཤིང་། ང་ཚོ་བོད་སྤྱིའི་སྐད་གདངས་རིམ་གྱིས་ཡང་མོར་འགྱུར་ཏེ་གནའ་བོའི་སྒྲ་ལྕི་བའི་ཀློག་ཚུལ་དག་ད་སྐབས་རྒྱལ་རོང་ཡུལ་སྐད་ལས་གཞན་དུ་ཐོས་དཀའ། དེར་ད་དུང་སྒྲའི་ང་རོ་དག་མིན་ཐད་ལ་རྩོམ་པ་པོ་གངས་ཆབས་ཀྱིས་དཔྱད་པ་གཏོང་སྟངས་གསར་བ་ཞིག་ལ། བོད་སྐད་དེ་དག་མི་རིགས་གཞན་པའི་སྐད་ལ་སྒྲ་ཐད་སྒྱུར་བྱས་པ་ལས་ཡུལ་སྐད་གང་གིས་སྒྲ་དག་པར་ཀློག་ནུས་པ་ཤེས་ཐུབ་པ་དང་། མི་རིགས་གཞན་པ་ཚོས་ང་ཚོའི་སྒྲ་ལྟར་བྲིས་ཚེ་རྒྱལ་རོང་བོད་མིས་ཀློག་པ་དག་འཕུལ་རྟེན་མགོ་འདོགས་ཀྱི་སྒྲ་སོ་སོར་གཏོར་ནས་བསྒྱུར་ཡོད་དེ། དཔེར་ན། རང་གིས་དངོས་སུ་མཐོང་བ་ལ་ཆུ་ཆེན་རྫོང་ཁྲོ་སྐྱབས་ཐུགས་ཆེན་ལུང་མདོའི་སྒོ་བྱང་ཞིག་ཏུ། ཁྲོ་སྐྱབས་མི་རིགས་རིག་གནས་ཚད་ཡོད་འགན་ཁུར་ཀུང་སི་ལ绰斯甲民族文化有限公司དང་སྨད་དོ་ཞབས་ཞུ་ཁུལ་ལ斯玛都服务区སྤྲུལ་སྐུ་ལ斯卜日了斯古ཞེས་པ་དང་། ཡུལ་སྐད་གཞན་པ་ཕལ་ཆེ་བར་མིང་གཞི་དང་རྗེས་མཇུག་གི་སྒྲ་ཙམ་ལས་མི་བསྒྱུར་ལ། དཔེར་ན། ཁྲོ་སྐྱབས་ལ绰甲དང་སྨད་དོ་ལ玛都སྤྲུལ་སྐུ་ལ主了古ཞེས་བསྒྱུར་བ་རེད། ཡང་སི་ཏུ་པན་ཆེན་གྱིས་གཞན་ཡང་བོད་ཡིག་སྡེབ་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་འབྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་པས་སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་ཞིག་གིས་རྟོགས་པར་ནུས། ①ཞེས་གསུངས་པའི་དོན་ལ་ད་ལྟ་རང་རེས་བརྟགས་ཀྱང་རྟོགས་ཐུབ་པ་ཞིག་ཡིན་ཏེ། དཔེར་ན། ས་སྐྱ་བས་བོད་ལ་དབང་སྒྱུར་བའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཚན་རྒྱ་སྐད་དུ་བསྒྱུར་བར帕思巴ཞེས་པ་བོད་སྐད་ཀྱི་འཕགས་པ་ཞེས་པའི་ཚེག་ཁྱིམ་གཉིས་ལྡན་གྱི་མིང་སྒྲ་སྒྱུར་བྱས་པར་རྒྱ་ཡིག་ཏུ་ཡིག་འབྲུ་གསུམ་དུ་འགྱུར་བའི་རྒྱུ་མཚན་ནི་སྐབས་དེར་བོད་སྐད་ཀྱི་སྒྲ་ལ་སྔོན་འཇུག་དང་རྗེས་འཇུག་མགོ་ཅན་དང་འདོགས་ཅན་སོགས་ཀྱི་སྒྲ་གསལ་པོ་ཡོད་པར་མ་ཟད་ཡང་འཇུག་གི་སྒྲའང་གསལ་བོར་ཐོན་པ་མངོན་སུམ་གྱིས་གྲུབ་པ་ཡིན། གལ་ཏེ་དེ་ལྟ་མིན་ན་དེང་སྐབས་འཕགས་པ་ཞེས་པའི་མིང་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱེད་སྐབས 帕 巴ཞེས་ཡིག་འབྲུ་གཉིས་ལས་མི་འབྱུང་བའི་རྒྱུ་མཚན་ཅི་ཞིག་ཡོད། །
(རྩོམ་པ་པོ་ངོ་སྤྲོད། ཚེ་རིང་སྐྱིད། ཕ་ཡུལ། སི་ཁྲོན་རྔ་བ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2014ལོའི་ཤེས་རམས་པ། )
(མཛུབ་སྟོན་དགེ་རྒན། ཀྲོའུ་རོན་ཉན། )
①གཙོ་སྒྲིག་པ་དགྲ་འདུལ། ཀྲུང་གོའི་བོད་རིག་པ། ཀྲུང་གོའི་བོད་རིག་པ་ཞིབ་མཇུག་ལྟེ་གནས། 2008ལོར་པར། ཤོག་ངོས་40
①དམུ་དགེ་བསམ་གཏན། རྔ་བ་ཁུལ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ལོ་རྒྱུས་དཔྱད་ཡིག རྔ་བའི་སྲིད་གྲོས་ཁང་གིས་དཔར་ཏུ་བཏབ། 1987ལོར་པར། ཤོག་ངོས་274
①གཙོ་སྒྲིག་པ་བསྟན་འཛིན། ཀྲུང་གོའི་བོད་རིག་པ། ཀྲུང་གོའི་བོད་རིག་པ་ཞིབ་མཇུག་ལྟེ་གནས། 2008ལོར་པར། ཤོག་ངོས་66
①བཙན་ལྷ་ངག་དབང་ཚུལ་ཁྲིམས། རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003ལོར་པར། ཤོག་ངོས་1
①རྒྱལ་རོང་པ་ཚེ་རིང་རྒྱལ། ཚུལ་ཁྲིམས་འཆལ་བ་རྣམས་ཀྱི་འགྱོད་པ་བསལ་བ་སོགས་བཞུགས་སོ། ། གཟིགས་སྤྲོ་དགོན་གྱི་གཞུང་ལས་དོ་དམ་ཁང་ནས། 2013ལོར་པར། ཤོག་ངོས་67
①དམུ་དགེ་བསམ་གཏན། རྔ་བ་ཁུལ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ལོ་རྒྱུས་དཔྱད་ཡིག རྔ་བའི་སྲིད་གྲོས་ཁང་གིས་དཔར་དུ་བཏབ། 1987ལོར་པར། ཤོག་ངོས་278
②དམུ་དགེ་བསམ་གཏན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་བདམས་བསྒྲིགས། རྔ་བའི་སྲིད་གྲོས་ཁང་གིས་དཔར་ཏུ་བཏབ། 1987ལོར་པར། ཤོག་ངོས་279
①བཙན་ལྷ་ངག་དབང་ཚུལ་ཁྲིམས། རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003ལོར་པར། ཤོག་ངོས་l74