སྡེ་དགེ་རྫོང་གི་གྲོང་སྡེ་ཚང་མར་ཁྲིམས་སྒྲིག་ལམ་ཡོད་པའི་གོམས་སྲོལ་བཟང་པོ་ཆགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-26


        སྤྱི་ཟླ6པའི་ཚེས17ཉིན་སྡེ་དགེ་རྫོང་དཔེ་ཡག་ཤང་ཉིན་འགྲུབ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་རྡོས་སྒྲིག་ལམ་དང་འགལ་བའི་གྲོང་མི་ཞིག་ལ《དམངས་སྲོལ་ཆིངས་ཡིག》ནང་གྲོང་སྡེའི་རྣམ་པ་དང་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པོ་ཡོང་བ་དང་།སྒོ་ཁར་གསུམ་འགན་ལེན་བྱ་རྒྱུ། སྡོད་ཁང་སྔ་ཕྱིར་གད་སྙིགས་དང་སྦགས་བཙོག་དངོས་པོ་མེད་པ་བྱ་རྒྱུ་ནི་ཚང་མའི་འོས་འགན་ཡིན་པས་ཐམས་ཅད་ལ་རང་རྟོགས་ཀྱི་བསམ་པ་ཡོད་དགོས། ཁྱོད་རང་གིས་དེ་ལྟར་གད་སྙིགས་གང་བྱུང་དུ་དབྱུག་ན་འགྲིག་མི་འདུག་ཅེས་སློབ་གསོ་རྒྱག་བཞིན་པ་རེད།
         དཔེ་ཡག་ཤང་ཉིན་འགྲུབ་གྲོང་སྡེ་ནི་མི་ཚོས་ཐར་ཐོར་དུ་འཚོ་གནས་བྱས་ཤིང་དཔལ་འབྱོར་གྱི་རྨང་གཞི་ཞན་པའི་རྒྱང་རིང་ལུང་ཁུག་ཏུ་ཆགས་ཡོད་པ་རེད། རྫོང་དེས་བསམ་གཞིགས་གཅིག་གྱུར་བྱས་རྗེས་གྲོང་སྡེ་ཡོངས་རྫོགས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་ནས། ན་ལོའི་སྤྱི་ཟླ12པར་དུད་ཚང་ཐམས་ཅད་སྡོད་ཁང་གསར་པའི་ནང་སྤོས་ཡོད་པ་རེད།
        བསོད་རྡོས་སྡོད་ཁང་གསར་པའི་ནང་སྤོས་རྗེས།གལ་སྲིད་གྲོང་སྡེ་འདིར་མི་ཚང་མས་གཅེས་སྤྲས་མ་བྱས་ན། མགྱོགས་མྱུར་དུ་སྡོད་ཁང་རྙིལ་ཧྲིལ་དུ་འགྱུར་འགྲོ་ངེས་རེད། 《དམངས་སྲོལ་ཆིངས་ཡིག》ནང་བྱ་བ་ཅི་ཞིག་སྒྲུབ་རུང་བ་དང་གང་དག་སྒྲུབ་མི་རུང་བ་གྲོང་མི་ཐམས་ཅད་ལ་གསལ་པོ་བཤད་ཡོད་ལེ་རེད། སྒྲིག་ལམ་འདི་དག་ཚང་མས་ལག་པ་བཀྱགས་ནས་གྲོས་ཐག་བཅད་པ་ཡིན་པས་ཚང་མས་དེར་བརྩི་སྲུང་བྱ་དགོས། ཚང་མས་དེར་བརྩི་སྲུང་ཡག་པོ་བྱས་ན་གྲོང་སྡེ་འདི་ཇེ་ཡག་དང་ཇེ་མཛེས་སུ་བསྐྲུན་ཐུབ་ངེས་རེད་ཅེས་བཤད།
        ན་ལོའི་སྤྱི་ཟླ6པར་སྡེ་དགེ་རྫོང་གིས་རྫོང་དེའི་ཤང་དང་གྲོང་སྡེ་འགའ་ལ་དམངས་སྲོལ་ཆིངས་ཡིག་མེད་པ་དང་ཡང་ན་དམངས་སྲོལ་ཆིངས་ཡིག་ཡོད་རུང་དམངས་གཙོ་མེད་པ་དང་ཐ་ན་བཙན་ཤེད་ཀྱི་དོན་ཚན་འགོད་པ། ཁྲིམས་དང་སྒྲིག་ལམ་ལས་འགལ་བའི་དོན་ཚན་ཡོད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོས་དམངས་སྲོལ་ཆིངས་ཡིག་བཟོ་འགོད་བྱས་པ་རེད།
        རྫོང་ཁྲིམས་འཛིན་ཅུས་ཀྱིས་དམངས་སྲོལ་ཆིངས་ཡིག་བཟོ་བཅོས་བྱེད་འགན་ཁུར་ནས་དམངས་སྲོལ་ཆིངས་ཡིག་གཏན་འཁེལ་བྱེད་སྐབས།ང་ཚོས་ཤང་ཏང་ཨུའི་སྲིད་གཞུང་དང་མཉམ་དུ་གྲོང་སྡེ་སོ་སོའི་དོན་དངོས་ཀྱི་གནས་ཚུལ་ལ་དམིགས་ཏེ།གྲོང་མིའི་བསམ་འཆར་བསྡུ་ལེན་བྱས་ནས་ཐོག་མའི་མ་ཡིག་གཏན་འཁེལ་བྱས་པ་ཡིན། དེ་ནས་གྲོང་མིའི་ཚོགས་ཆེན་འཚོགས་ནས་རེས་གསར་པའི་བསམ་འཆར་བསྡུ་ལེན་བྱས་ཤིང་། ལུགས་མཐུན་གྱི་བསམ་འཆར་ལ་གཞིགས་ཏེ་བཟོ་བཅོས་བྱས་ནས་མཐར་གཏུག་གྲོང་མིས་གྲོང་མིའི་ཚོགས་ཆེན་ཐོག་ལག་པ་བཀྱགས་ནས་《དམངས་སྲོལ་ཆིངས་ཡིག》དངོས་སུ་བརྡས་ཐག་བཅད་པ་རེད། ཁྲིམས་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།བཅའ་ཁྲིམས་ལྟར་གྲོང་སྡེ་བཅོས་སྐྱོང་བྱེད་པ།དམངས་ གཙོའི་ཐོག་ནས་གྲོང་སྡེ་དོ་དམ་བྱེད་པ་ཡིས་བརྗོད་བྱ་གཙོ་བོར་བྱས་པའི《དམངས་སྲོལ་ཆིངས་ཡིག》གཏན་འབེབས་བྱས་པ་དང་།ནང་དོན་ནི་སྤྱི་ཚོགས་བདེ་འཇགས་དང་།མེ་གསོད་ཉེན་མེད། གྲོང་སྡེའི་ཡུལ་སྲོལ་གོམས་འདྲིས། ཁྱིམ་མཚེས་བར་གྱི་འབྲེལ་བ།གཉེན་སྒྲིག་དང་ཁྱིམ་ཚང་སོགས་དང་གྲོང་མིའི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་པའི་ནང་དོན་བཅས་འདུས་ཡོད། 《དམངས་སྲོལ་ཆིངས་ཡིག》ནང་མེས་རྒྱལ་ལ་དགའ་ཞེན་དང་། ཏང་གི་དྲིན་གཟོ། ཁྲིམས་ལུགས་བརྩི་སྲུང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་པའི་ཐུན་མོང་རང་བཞིན་གྱི་དོན་ཚན་ཡོད་ལ། གྲོང་སྡེ་སོ་སོའི་དངོས་ཡོད་གནས་ཚུལ་དང་ཁ་གཏད་འཇལ་བའི་བྱེད་ཐབས་ཀྱང་ཡོད་པ་རེད། ཨོ་སྒོང་ཤང་ཆུ་གཤིས་གྲོང་སྡེ་དང་ཉ་འགུག་ཤང་ཐང་འགོ་གྲོང་སྡེ་ལྟར་ཡིན་ན་གཅིག་ནི་འབྲོག་སྡེ་ཡིན་པ་དང་།གཅིག་ནི་ཞིང་སྡེ་ཡིན་ཞིང་། འབྲོག་སྡེའི་ནང་ནགས་ཚལ་མེ་འགོག་དང་ཤིང་ནགས་གང་བྱུང་དུ་གཅོད་མི་རུང་བའི་སྐོར་ནན་བཤད་བྱེད་པ་དང་། ཞིང་སྡེའི་ནང་གང་བྱུང་དུ་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱ་མི་རུང་བའི་སྐོར་ནན་བཤད་བྱེད་པ་རེད་ཅེས་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་འགྱུར་མེད་དབང་མོས་དེ་ལྟར་ངོ་སྤྲོད་བྱས།
        ན་ལོར་སྡེ་དགེ་རྫོང་གིས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་གྲོང་སྡེ10ཡི《དམངས་སྲོལ་ཆིངས་ཡིག》པར་སྐྲུན་ཚོད་ལྟ་བྱས་ནས་གདེང་འཇོག་ཡག་པོ་ཐོབ་ཡོད། ད་ལོར་སླར་ཡང་ཤུལ་དུ་ལྷག་པའི་གྲོང་སྡེ161ལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད།
        གྲོང་མི་ཚང་མར་སྒྲིག་སྲོལ་ཡོད་པ་དང་མི་ཚང་མས་ཁྲིམས་སྐྱོང་ལ་དོ་སྣང་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱིས《དམངས་སྲོལ་ཆིངས་ཡིག》ལ་བརྩི་སྲུང་བྱེད་པ་དེ་རང་རྟོགས་སུ་ཆགས་པ་རེད། དགོན་ཆེན་གྲོང་རྡལ་རྣ་མདའ་གྲོང་སྡེའི་དྲིལ་བསྒྲགས་པ་ཟླ་བཟང་ནི《དམངས་སྲོལ་ཆིངས་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་དྲིལ་བསྒྲགས་བྱེད་མཁན་ཡིན་ལ། 《དམངས་སྲོལ་ཆིངས་ཡིག》གི་གྲུབ་འབྲས་བདེན་དཔང་བྱེད་མཁན་ཡང་ཡིན་པ་རེད། ཁོས་སྔོན་མར་ཚང་མས་གད་སྙིགས་གང་སར་དབྱུག་ནས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་ཡོད་པ་རེད།《དམངས་སྲོལ་ཆིངས་ཡིག》དྲིལ་བསྒྲགས་བྱས་པར་བརྒྱུད། ཚང་མས་འཕྲོད་བསྟེན་ལ་དང་དོད་བྱེད་པའི་གོམས་སྲོལ་བཟང་པོ་རིམ་བཞིན་ཆགས་ནས།རང་རྟོགས་ཀྱིས་གྲོང་སྡེའི་ཁོར་ཡུག་གི་རྣམ་པར་སྲུང་སྐྱོང་བྱས་ཏེ་ཁོར་ཡུག་ཇེ་མཛེས་དང་ཇེ་ཡག་ཏུ་གྱུར་དང་འགྱུར་བཞིན་པ་རེད་ཅེས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1