ཉག་རོང་རྫོང་གིས་སྨན་བཅོས་ལག་རྩལ་གྱི་ཞན་གསབ་སྣོན་བྱེད་ཤུགས་ཆེ་རུ་བཏང་།
དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-29
ནད་པ་ལུའོ་ཁྲོན་དབྱང་གིས་སྨན་པ་སུང་ལགས། ངས་ད་ལྟ་ལུས་པོར་སླར་ཡང་ནད་བརྟག་བྱས་པ་ཡིན་པས་ནད་ཡག་པོ་དྲག་ཚར་ཟིན་ཟེར། སང་ཉིན་ང་ཨར་ལས་རྒྱག་སར་འགྲོ་ཆོག་འདུག ཁྱོད་ཚོས་ངའི་སྲོག་སྐྱོབ་རོགས་བྱས་ནས་བཀའ་དྲིན་བླ་ན་མེད་པ་ཆེ་ཞེས་སེམས་འགུལ་ཐེབས་པའི་སྐད་ཆ་བཤད་བཞིན་པ་འདི་ནི་སྤྱི་ཟླ6པའི་ཚེས12ཉིན་གྱི་ཕྱི་དྲོར། གསར་འགོད་པས་ཉག་རོང་རྫོང་མི་དམངས་སྨན་ཁང་དུ་མིག་མཐོང་ལག་ཟིན་བྱུང་བའི་དོན་དངོས་ཤིག་རེད།
ད་ལོར་ལོ་ན34ལོན་པའི་ལུའོ་ཁྲོན་དབྱང་ནི་ཉག་རོང་རྫོང་དུ་གླ་རྒྱག་སར་འོངས་པའི་ཧན་ཡོན་གྱི་མི་ཡིན་ཞིང་། སྤྱི་ཟླ5པའི་ཚེས9ཉིན་གྱི་དགོང་མོའི་ཆུ་ཚོད10ཡས་མས། ཁོའི་ཕོ་བར་བཟོད་ཐབས་མེད་པའི་གཟེར་ཆེན་པོ་ཞིག་བརྒྱབ་ཚེར།ཁོའི་བཟའ་ཟླ་དང་ལས་གྲོགས་ཀྱིས་རྒྱང་ཐག་སྤྱི་ལེ50ཡོད་པའི་གཡང་ནུས་ཤང་གི་ཨར་ལས་རྒྱག་ཡུལ་ནས་མྱུར་དུ་སྨན་ཁང་དུ་བསྐྱལ་བ་རེད། ཕྱི་ནད་ཚན་ཁག་གི་ལས་རེས་སྨན་པ་སུང་དབྱང་ཕེང་དང་དེའི་དགེ་རྒན་དབྱི་པིང་གི་བོད་སྐྱོར་སྨན་པ་ཝང་ཝང་ཡུང་གིས་ནད་པའི་དྲན་ཤེས་ཉམས་ཤིང་ཚེ་སྲོག་གི་མཚོན་ཚུལ་ཡང་ཧ་ཅང་ཞན་པའི་ནད་བརྟག་མཇུག་འབྲས་རྙེད། དངོས་གནས་ནད་པ་སྨན་ཁང་དུ་སླེབས་ནས་སྐར་མ་འགའ་ཡང་མ་འགོར་བ་དྲན་མེད་དུ་བརྒྱལ་བ་རེད། དགེ་སློབ་གཉིས་ཀྱིས་དེ་མ་ཐག་མྱུར་སྐྱོབ་བྱས་ནས་གཤགས་བཅོས་བྱེད་སྔོན་གྱི་འབྲེལ་ཡོད་ཞིབ་བཤེར་རབ་རིམ་མང་པོ་བྱས་པ་དང་ཆབས་ཅིག ནད་གཡོག་གཅིག་གཏན་འཁེལ་བྱས་ནས་གོ་རིམ་ཧྲིལ་པོར་ལྟ་དཔྱད་བྱས། ལྷན་འཛོམས་ནད་དཔྱད་བྱས་པར་བརྒྱུད།ནད་པར་རྒྱུ་མ་འགག་པའི་ནད་དང་བྲེལ་མྱུར་རང་བཞིན་དང་རྣག་འབྱམས་ཅན་གྱི་རྒྱུ་ལྷག་ནད་ཡིན་པའི་ནད་བརྟག་ཐག་གཅོད་བྱས་པ་རེད།
དགེ་སློབ་གཉིས་ཀྱིས་ནད་པ་དང་བསམ་འཆར་བརྗེ་རེས་བྱས་རྗེས། ཁོ་བོའི་དཔལ་འབྱོར་གྱི་ཆ་རྐྱེན་ཞན་སྟབས་གཤགས་བཅོས་བྱ་རྒྱུར་དང་ལེན་མི་བྱེད་ནའང་ཁོའི་བཟའ་ཟླས་དེ་མ་ཐག་གཤགས་བཅོས་བྱ་རྒྱུའི་རེ་བ་བཏོན་པ་རེད། དགེ་སློབ་གཉིས་ཀྱིས་ལུའོ་ཁྲོན་དབྱང་གི་བཟའ་ཟླའི་རེ་བ་ལྟར་གཤགས་བཅོས་བྱ་རྒྱུར་དང་ལེན་བྱས། སྐར་མ40འགོར་རྗེས་གཤགས་བཅོས་ལེགས་འགྲུབ་བྱུང་བའི་གཏམ་བཟང་ཐོས་ནས་ནད་པའི་ཁྱིམ་མི་ཚོར་དགའ་སྤྲོ་རབ་ཏུ་སྐྱེས། གཤགས་བཅོས་བྱས་ཏེ་ཆུ་ཚོད24ལ་སླེབས་སྐབས། སྨན་བཅོས་མི་སྣ་དག་གིས་ལྟ་སྐྱོང་ཞིབ་ཕྲ་བྱས་འོག སྤྱི་ཟླ5པའི་ཚེས23ཉིན་ནད་པའི་ནད་དྲག་ནས་དགའ་སྤྲོའི་ངང་སྨན་ཁང་ནས་ཕྱིར་བུད་ཐུབ་པ་རེད།
སྨན་ཁང་འདིའི་ནང་དུ་སེམས་འགུལ་ཐེབས་འོས་པའི་བྱ་བ་འདི་གཅིག་པུར་གང་ན་ཡིན། བཅར་འདྲི་བྱེད་རིང་དུ་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱི་འགན་ཁུར་མི་སྣས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་མུ་མཐུད་ནས་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ་དང་སྦྲགས། ཉག་རོང་རྫོང་གིས་རྫོང་། ཤང་(གྲོང་རྡལ)རིམ་པ་གཉིས་ཀྱི་སྨན་བཅོས་ལས་ཁུངས་ཀྱི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་བ་དང་། སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་མོད། ཡིན་ནའང་སྨན་བཅོས་མི་སྣ་མི་འདང་བ་དང་ཁྱད་པར་དུ་འཇོན་ནུས་ལྡན་པའི་ཤེས་ལྡན་མི་སྣ་མི་འདང་བའི་རྐྱེན་གྱིས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནད་ཡག་པོ་ལྟ་རྒྱུ་རག་པའི་རེ་བ་ཧ་ཅང་ཆེན་པོ་བཅངས་དང་འཆང་བཞིན་ཡོད་པ་རེད། དེར་བརྟེན། རྫོང་དེའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས་ཀྱིས་ཁུལ་མི་དམངས་སྨན་ཁང་དང་དབྱི་པིང་གི་ཁ་གཏད་རོགས་སྐྱོར་སྨན་ཁང་ལ་བརྟེན་ནས། ཕྱི་ཕྱོགས་སུ་སློབ་སྦྱོང་བྱེད་སར་མངགས་པ་དང་། སྨན་བཅོས་མི་སྣ་མཁས་ཅན་གདན་འདྲེན་ཞུ་བ། གཅིག་རོགས་གཅིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྨན་བཅོས་ལག་རྩལ་ཇེ་དྲག་གཏོང་བར་གྲུབ་འབྲས་ཡག་པོ་ཐོབ་པ་རེད།།