༄༅།།འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཛད་རྣམ་མདོར་བསྡུས་གླེང་བ།

ཚེ་རིང་བྱམས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-02


ཚེ་རིང་བྱམས།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གཙོ་བོར་བྱས། ཁུངས་ལྡན་ཡིག་ཆ་གཞན་ནས་ཅུང་ཟད་ཁ་བསྐངས་ཏེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཛད་རྣམ་དེ་སྐུ་ཚེ་སྟོད་སྨད་གཉིས་ཀྱི་ཆ་རུ་བགོས་ནས་བྲིས་ཡོད་དེ།  སྐུ་ཚེ་སྟོད་དུ་བསླབ་པ་སློབ་གཉེར་གྱི་སྐོར་དང་། གྲུབ་མཐའ་རིས་མེད་ཀྱི་གདམས་པ་བླངས་བ་གཉིས་དང་། སྐུ་ཚེ་སྨད་དུ་གསུང་རྩོམ་མཛད་པ་དང་། བུ་སློབ་བསྐྱངས་བ།  སྐུ་གསུང་ཐུགས་རྟེན་བཞེངས་བ།  བཀའ་བབ་བདུན་ལྡན་གཏེར་ནས་བཏོན་པ་བཅས་གཙོ་བོར་བྱས་ནས་བྲིས་ཡོད། 
བརྡ་ཆད་གཙོ་བོ།  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཛད་རྣམ།                      
གླེང་སློང་བ། 
            འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་བོད་ཀྱི་མཁས་དབང་རིམ་བྱོན་གྱི་ཁྲོད་དུ་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་འཛིན་པའི་སྐྱེས་བུ་དམ་པ་ཞིག་རེད། ཁོང་ནི་ཟབ་ཉེ་བརྒྱུད་ཀྱི་མངའ་བདག་སྟེ་གྲུབ་མཐའ་སོ་སོ་འི་གདམས་པ་ཡང་དག་ཐོབ་ལ། བོད་ཀྱི་སྒྲུབ་བརྒྱུད་མང་པོ་འཛོམས་པའི་སྡེ་དགེ་ས་ཆ་ནས་སློབ་གཉེར་མཛད་རྗེས་དབུས་གཙང་སོགས་ཡུལ་ཕྱོགས་མང་པོ་འགྲིམས་མཐར་གྲུབ་མཐའ་རིས་མེད་བསམ་བློའི་དགོས་པ་རྟོགས་པ་དང་བསམ་བློ་དེ་རྒྱ་ཆེར་སྤེལ་ནས། བོད་ཀྱི་གྲུབ་མཐའ་ཚང་མ་ལ་རིས་མེད་ཀྱི་བསམ་བློ་འཛིན་པའི་སློབ་བུ་མང་པོ་གསོ་སྐྱོང་བྱས་ལ། གྲུབ་མཐའི་ཆགས་སྡང་ལ་རྐྱེན་བྱས་ཏེ་འཇིགས་ལ་ཉེ་བའི་གསུང་འབུམ་རྩ་ཆེན་མང་པོ་བསྡུ་སྒྲིག་དང་འཆད་ཉན་སྤེལ་ཏེ། བོད་ཀྱི་རིག་གནས་གོང་དུ་སྤེལ་བར་བྱས་རྗེས་ཆེན་པོ་བཞག  འོན་ཀྱང་དུས་ད་ལྟའི་བར་དུ་དམ་པ་ཁོང་ལ་ཞིབ་འཇུག་དང་ཁོང་གི་རིས་མེད་ཀྱི་བསམ་བློ་སྐོར་ནས་རྣམ་ཐར་མ་གཏོགས་མེད་པས་འདི་ལ་ཞིབ་འཇུག་བྱེད་པའི་དགོས་པ་ཆེ་སྙམ། དེར་བརྟེན་དཔྱད་རྩོམ་འདིའི་ནང་དུ་ཁུངས་ལྡན་ཡིག་ཆ་དག་གཞིར་བཟུང་ནས་ཁོང་གི་རིས་མེད་བསམ་བློ་དང་འབྲེལ་བའི་མཛད་པ་རྣམས་གླེང་ཡོད་དོ།        
དང་པོ།  འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སྐུ་ཚེ་སྟོད་ཀྱི་ཆ། 
            འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སྐུ་ཚེ་སྟོད་ཀྱི་ཆ་ནི་བོད་ཀྱི་མཁས་དབང་གཞན་དག་དང་འདྲ་བར་གཙོ་བོ་བསླབ་པ་སློབ་གཉེར་གྱི་སྐོར་རེད། འོན་ཀྱང་ཁོང་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། གྲུབ་མཐའ་གང་ལ་ཡང་ཕྱོགས་སུ་མི་ལྷུང་བར་འཇུག་པ་དང་། ཟབ་མོ་ཉེ་བརྒྱུད་ཀྱི་མངའ་བདག་སྟེ་བོད་ཀྱི་གྲུབ་མཐའ་སོ་སོའི་གདམས་པ་ཡང་དག་ཐོབ་པ་དེ་རེད།  
གཅིག བསླབ་པ་སློབ་གཉེར་གྱི་སྐོར།  
            འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཆོག་ནི་ཡབ་གཉོས་ཀྱི་རིགས་ལས་དཔལ་འབྲི་གུང་བྱང་ཆུབ་གླིང་པའི་དབོན་རྒྱུད་སྡེ་དགེའི་དྲུང་ཆེན་རིན་ཆེན་རྣམ་རྒྱལ་དང་། ཡུམ་སོག་ཟ་དགེ་རབ་གཉེར་ཆེན་མགོན་ཚེའི་བུ་མོ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ་1820ལོའི་ཧོར་ཟླ་དྲུག་པའི་ཚེས་ལྔ་ལ་མདོ་ཁམས་སྡེ་དགེ་གཏེར་ཀླུང་དིལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་སྐུ་འཁྲུངས།  
            འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་སྐུ་ན་ཆུང་ངུའི་དུས་ནས་རབ་ཏུ་བྱུང་བར་ཐུགས་ཤིན་ཏུ་འདུན། དགུང་ལོ་བཞི་ལྔ་ཙམ་ནས་ཡི་གེ་ལྗགས་ཀློག་གསན། མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན། དགུང་ལོ་དགུ་ནས་རྫོང་སར་དགོན་དུ་ཚོགས་སྒྲིགས་ལ་ཞུགས་ཏེ་ཡབ་མེས་ཀྱི་གྲྭ་ཤག་ཏུ་བཞུགས། དགུང་ལོ་བཅུ་གཉིས་ཐོག་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་ཨེ་ལྦམ་ཐར་པ་རྩེའི་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་དུ་ངོས་བཟུང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་བཟང་པོ་ཞེས་པའི་མཚན་གསོལ། དེ་ནས་བཟུང་ཐར་རྩེ་སྤྲུལ་སྐུའམ་ཞབས་དྲུང་ཞེས་པའི་མཚན་ཆགས། ཁོང་ཉིད་ཐུགས་རྗེ་ཡས་སྤྲུལ་དུ་ངེས་པས། རྒྱ་གར་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། པཎ་ཆེན་བི་མ་མི་ཏྲ།  རྡོ་རྗེ་དྲིལ་བུ་པ། པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སོགས་པ་དང་། བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གུ་རུ་ཆོས་དབང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། མངའ་རིས་པཎ་ཆེན། རས་ཆུང་རྡོར་གྲགས། མཉམ་མེད་དྭགས་པོ་ལྷ་རྗེ། རྗེ་བཙུན་གྲགས་པ་རྒྱལ་མཚན། གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཀུན་མཁྱེན་ཀློང་ཆེན་པ། རྒྱལ་མཆོག་ལྔ་པ་ཆེན་པོ། རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱི་སྐྱེས་རབས་མང་པོ་རྗེས་སུ་དྲན་པ་དང་། གཏེར་ལུང་ལས་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་འབྱིན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་འབྱོན་པའི་གསུངས་པའི་ཐོག་མ་སངས་རྒྱས་བླ་མ་ནས་བཅུ་གཉིས་པ་ཆོས་རྗེ་གླིང་པའི་བར་བྱོན་ཟིན་ནས་བཅུ་གསུམ་པ་རྗེ་འདི་ཉིད་ཡིན་པས་རྒྱལ་པོ་ལྔ་པ་མདོ་སྔགས་གླིང་པ་ནི་རྗེ་འདི་ཉིད་ཡིན་པར་གསུངས། དགུང་ལོ་བཅུ་དྲུག་པར་བྲག་སྐྱིབས་ཤིག་ཏུ་ཅུང་ཟད་མནལ་བ་ན། ངྷཱི་ཞེས་པའི་སྒྲ་ཆེན་པོ་ཞིག་གྲགས་པས་ཅུང་ཟད་བརྒྱལ་བ་ལྟ་བུར་གྱུར་ཀྱང་། དེ་ལས་སད་མ་ཐག་རྗེ་བཙུན་འཇམ་དཔལ་གཞོན་ནུ་དང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་དབྱེར་མེད་དུ་དངོས་སུ་མཇལ་ཏེ་བྱིན་གྱིས་བརླབས། དེ་ནས་བཟུང་སྟེ་ཕྱག་དཔེ་གང་ཡིན་རུང་ཚན་རེ་གསན་པའམ་གཟིགས་པ་ཙམ་གྱིས་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་པར་ནུས་པའི་མཁྱེན་རབ་ཀྱི་ཀློང་བརྡོལ། དགུང་ལོ་ཉི་ཤུ་བར་སྟོད་ཕྱོགས་སུ་རིམ་པར་ཕེབས་ཏེ་ངོར་ཐར་རྩེ་བླ་བྲང་དུ་ཞབས་པད་བཀོད། དགུང་ལོ་ཉེར་གཅིག་པར་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁན་ཆེན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། ས་སྐྱ་པ་རྡོ་རྗེ་རིན་ཆེན་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་ཐུགས་བསྐྱེད་བཞེས། ཐར་རྩེ་མཁན་རིན་པོ་ཆེ་ལས་བདེ་དགྱེས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་ལས་ཡང་དག་སོ་ལུགས། རིག་འཛིན་ཐུགས་ཐིག  ཞི་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བཅས་གསན་པས་སྔགས་ཀྱི་སྡོམ་པའི་རྩ་བ་ཚུགས། དགུང་ལོ་ཉེར་བཞི་ནས་ཐོག་མར་ངོར་ལུགས་ཀྱི་ཀྱེ་རྡོ་གཞི་བསྙེན། བྱ་རྒྱུད་རིགས་གསུམ་སྤྱི་སྤྱོད་རྣམ་སྣང་མངོན་བྱང་། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་ཆ་མཐུན་རྒྱུད་ཀུན་རིགས་སོགས་ཀྱིས་མཚོན་རྒྱུད་སྡེ་ཤིན་ཏུ་མང་པོ། རྙིང་མའི་ཕྱོགས་སུ་གཏེར་ཁ་གསར་རྙིང་གི་གུ་རུའི་ཐུགས་སྒྲུབ་ཞིབ་དྲག་ཆེ་ཕྲ། ཐུགས་རྗེ་ཆེན་པོའི་རིགས། ཚོགས་ཆེན་འདུས་པ་དང་སྒྱུ་འཕྲུལ་ཞི་ཁྲོ།  བཀའ་བརྒྱུད་ལུགས་སྲོལ་བཅུ་དགུ་ཙམ་གྱིས་མཚོན། སྔ་ཕྱི་མི་ལོ་བཅུ་གསུམ་ཙམ་དུ་རྒྱུད་སྡེ་གསར་རྙིང་གི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་བཅད་རྒྱ་ཤིན་ཏུ་དམ་པོ་དང་། གཞན་ཡང་དབུས་གཙང་ཁམས་གསུམ་གྱི་སྒྲུབ་གནས་རྣམས་སུ་བསྙེན་སྒྲུབ་ཚོགས་མཆོད་བསྐྱེད་རྫོགས་གང་མཚམས་གནང་བ་དང་། དགུང་གྲངས་བཞི་བཅུའི་སྐོར་ནས་ཕལ་ཆེར་ཐེམ་སྤངས་ཀྱིས་གདན་སར་ཞབས་པད་འཁོད་ཞོར་བསྙེན་སྒྲུབ་ཀྱི་ཉམས་བཞེས་དཔག་ཏུ་མེད་པ་མཛད། མཁའ་སྤྱོད་མའི་རྫོགས་རིམ་གྱི་དམིགས་རྐང་སོགས་ཉིན་རེ་བཞིན་མ་ཆག་པ་དང་། ལོ་གསུམ་བཅད་རྒྱའི་ཁོངས་སུ་རྗེ་བཙུན་གྲོལ་མཆོག་གི་ཁྲིད་བརྒྱད་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་རེ་རེ་བཞིན་ཉམས་བཞེས་མཛད། རྙིང་མའི་ཕྱོགས་སུ་སེམས་སྡེ་ལུགས་གསུམ། ཀློང་སྡེ་རྣ་བརྒྱུད་རྡོ་རྗེ་ཟམ་པ། བི་མ་དང་མཁའ་འགྲོ་སྙིང་ཐིག  གཏེར་མའི་ཕྱོགས་ནས་ཀློང་ཆེན་སྙིང་ཐིག་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་ཐུགས་དམ་གྱི་མཐིལ་མཛད། མདོར་ན་ཁྲིད་ཚུལ་གསན་ཚད་ཤར་སྒོམ་རེ་ཙམ་མ་མཛད་པ་གང་ཡང་མེད་པས་ཉམས་དང་རྟོགས་པའི་ཡོན་ཏན་ཉིན་རེ་བཞིན་གོང་འཕེལ་དུ་གྱུར།  
            འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དབུས་གཙང་དུ་ཕལ་ཆེར་ཞབས་རྐྱང་ཁོ་ནར་ཐེངས་གཉིས་ཕེབས། འབད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་བཤེས་གཉེན། རིག་པའི་གནས་ལྔ་ལ་མཁས་པ་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་བཟོ་གསོ་སྒྲ་ཚད་ཡན་ལག་རིག་པའི་གནས་བཅུར་གྲགས་པ་རྣམས་དང་། འདུལ་མཛོད་དབུ་ཕར་གྱིས་མཚོན་མཚན་ཉིད་ཕྱོགས་གཞུང་བཤད་གསན་སྦྱངས་མཐར་ཕྱིན་པར་མཛད། རྙིང་མ་བཀའ་གཏེར། བཀའ་གདམས་གསར་རྙིང་། ས་ངོར་ཚར་གསུམ། བཀའ་བརྒྱུད་ཀཾ་ཚང་། འབྲི་སྟག་འབྲུག་པ། ཇོ་ཞལ་བོ་དོང་སོགས་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་ཐམས་ཅད་ཀྱི་སྨིན་གྲོལ་ཡོངས་རྫོགས། སྒྱུ་འཕྲུལ་གསང་བ་སྙིང་པོ། དུས་ཀྱི་འཁོར་ལོ། བདེ་དགྱེས་གསང་གསུམ་སོགས་རྒྱུད་དང་བསྟན་བཅོས་ཀྱི་བཤད་སྲོལ་གང་ཡོད་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། རྙིང་མ་རྒྱུད་འབུམ། བསྟན་འགྱུར་ལས་རྒྱུན་གང་བཞུགས་ཀྱི་གཙོས་བོད་ཡུལ་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཡོངས་རྫོགས་བསྡོམས་པས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླག་ལུང་གསན་པ་སོགས་མདོར་ན་མི་ལོ་བཅུ་གསུམ་ཙམ་དུ་ཐོས་པ་ཁོ་ན་བཙལ་ཞིང་། བཤད་རྒྱུན་འདེགས་པའི་བཀའ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་གསན་ནོ། །  
            གོང་གསལ་ལྟར། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་ཁམས་སྡེ་དགེ་ཡུལ་དུ་སྐུ་སྐྱེ་བཞེས་པ་དང་། སྐུ་ན་ཆུང་དུས་ནས་ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་དུ་ངོས་འཛིན་བྱས། དགུང་ལོ་ཉི་ཤུ་ཐོག་རིམ་པར་སྟོད་ཕྱོགས་སུ་ཕེབས་པ་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཞབས་རྐྱང་ཁོ་ནར་བརྟེན་ནས་དབུས་གཙང་དུ་ཕེབས། ཁོང་ནི་བོད་ཀྱི་མཁས་པ་ལ་ཤས་ལྟར་རང་ལུགས་མཆོག་འཛིན་མི་བྱེད་པར། བོད་ཀྱི་གྲུབ་མཐའ་སོ་སོའི་ལུགས་སྲོལ་གང་ཡོད་དང་བསྟན་བཅོས་དག་ལ་སྦྱངས་པ་མཛད་ནས་མཁས་པར་གྱུར་བའི་སྐྱེས་བུ་ཞིག་རེད། 
གཉིས། གྲུབ་མཐའ་རིས་མེད་ཀྱི་གདམས་པ་བླངས་པ།  
            འཇམ་དབྱངས་མཁྱེན་བརྩེའི་དབང་བོ་ཁོང་ལ་བོད་ཀྱི་མཁས་པ་གཞན་དག་དང་བསྡུར་ན་ཐུན་མིན་གྱི་ཁྱས་ཆོས་ཤིག་ཡོད་པ་ནི། གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ། “རྗེ་འདིས་ནི་གླེགས་བམ་གཟིགས་པ་ཙམ་གྱིས་དོན་མཐིལ་ཕྱིན་པ་མཁྱེན་ཅིང་ནམ་ཡང་མི་བསྙེལ་བའི་གཟུངས་མངའ་ཡང་ཆོས་ལ་གལ་ཆུང་མི་མཛད་པའི་རྣམ་ཐར་སྟོན་སླད་གསན་པ་ཙམ་དུ་མ་བཞག་པར་སྦྱང་གོམས་མཐར་ཕྱིན་པས་གྲུབ་མཐའ་སོ་སོ་འི་ལྟ་སྤྱོད་དང་ཁས་ལེན་གྱི་གནད། སོ་སོའི་སྲོལ་དང་དེའི་རིང་ལུགས་འཆུགས་མེད་ཡིན་མིན་སོགས་ཞིབ་ལ་མ་འདྲེས་པར་མཁྱེན་པའི་ཆོས་སྤྱན་རྡུལ་མེད་པར་མངའ་བ་འདི་ཙམ་ཡང་ད་ལྟའི་གང་ཟག་མཆོག་དམན་སུས་ཀྱང་བསྒྲུན་དུ་མི་སྣང་ངོ། ”①ཞེས་པ་ལྟར། བོད་ཀྱི་བསྟན་འཛིན་ཕལ་མོ་ཆེ་རང་རང་གི་གྲུབ་མཐའི་ལུགས་ལ་མཁས་ཤིང་བསྟན་འགྲོ་བསྐྱངས་ནས་སྐྱེ་འགྲོ་ཀུན་གྱི་དད་ཅིང་གུས་པར་བྱ་བའི་ཡུལ་ཁོ་ན་ཡིན་མོད། མདོ་སྔགས་ཀྱི་བསྟན་པ་ཡོངས་ལ་ཐོས་བསམ་སྒོམ་སྒྲུབ་མཛད་ཅིང་རིས་སུ་མ་ཆད་པར་བསྟན་པ་སྤེལ་ཞིང་གདུལ་བ་སྐྱོང་བ་ནི་རྗེ་འདི་ཉིད་ཀྱི་ཁྱད་ཆོས་ཡིན། ཁོང་གིས་བོད་ཀྱི་གྲུབ་མཐའ་ཁག་ལ་རིས་སུ་མ་ཆད་པར་སོ་སོའི་གདམས་པ་བླངས་ཡོད་དེ། འཇམ་དབྱངས་མཁྱེན་བརྩེ་སྐུ་ཕྲེང་གོང་འོག་གི་རྣམ་ཐར་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཐུན་མིན་གསང་བའི་རྣམ་ཐར་ནང་། “དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་དགུ་པའི་དྲུང་དུ་ཕེབས། རྩག་འོག་མ་ནས་རིམ་པ་སྟེང་དུ་ཕེབས་པ་ན། བརྒྱད་པའི་ནང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉན་པཎྜི་ཏའི་ཚུལ་ཅན་སྐུའི་གཡས་གཡོན་གླེགས་བམ་མང་པོ་བརྩིགས་པ་ཞིག་མཇལ་བ་ལས་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་གླེགས་བམ་ཞིག་བླངས་ནས་བསྟན་པ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་སྣང་། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་གསུངས། ལུང་བསྟན་འགའ་ཞིག་ཀྱང་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་ལས་སད་ནས་ཕྱིར་ཕེབས་པའི་ཚེ་སྒོ་དྲུང་དུ་མེ་ཆེན་པོ་འབར་ཞིང་འདུག་པའི་ནང་དུ་དབང་མེད་དུ་ཞུགས་པས་རགས་པའི་ལུས་ཕུང་དངོས་མེད་བསྲེགས་ནས་བི་མ་མི་ཏྲ་ཡིན་སྙམ་པའི་འོད་ཀྱི་སྐུར་ལམ་མེར་གྱུར་པ་བྱུང་ཞེས་པས་མཚོན། མཁས་གྲུབ་ཟུར་པ་ཡབ་སྲས་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་ཉེ་བརྒྱུད་དུ་གསན། སོ་ཡེ་ཤེས་དབང་ཕྱུག་ལས་འདུས་པ་མདོ་ཡི་སྨིན་གྲོལ་ཉེ་བརྒྱུད་དུ་གསན། ཨོ་རྒྱན་ཡབ་ཡུམ་དངོས་ལས་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་རྫོགས་པར་གསན། ཀུན་མཁྱེན་ཀློང་ཆེན་པ་ལས་མཁའ་འགྲོ་སྙིང་ཐིག་སོགས་རྫོགས་ཆེན་མན་ངག་སྡེའི་ཉེ་བརྒྱུད་གསན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡབ་སྲས་ལས་ཇོ་བོ་བཀའ་གདམས་པའི་གཞུང་གདམས་ཡོངས་རྫོགས་ཀྱི་ཉེ་བརྒྱུད་གསན། བླ་ཆེན་འབྲོག་མི་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་རྣམ་ལས་ཀྱེ་རྡོར་བརྟག་གཉིས་དང་གུར་སམ་གྱི་རྒྱུད་བཤད་ཉེ་བརྒྱུད་དུ་གསན། ས་ཆེན་ཀུན་དགའ་སྙིང་པོ་ལས་ཡང་ཕུར། ཕུར་པ་རྩ་དུམ་གྱི་ལྗགས་བཤད་བཅས་ཉེ་བརྒྱུད་དུ་གསན། ལྷོ་བྲག་མར་པ་ལོ་ཙཱ་དང་། རྔོག་ཆོས་སྐུ་རྡོ་རྗེ་ལས་ཀྱེ་རྡོར་རྩ་རྒྱུད་མར་ལུགས་ཀྱི་བཤད་སྲོལ་ཉེ་བརྒྱུད་བརྙེས། གྲུབ་ཆེན་ཐང་རྒྱལ་ལས་འོག་ཏུ་འབྱུང་བའི་གྲུབ་ཐོབ་ཐུགས་ཏིག་དང་སྒོམ་པ་ཕྱག་ཆེན་གཱའུ་མ། བོག་འདོན་ནི་གུ་ཆོས་དྲུག་བཅས་ཉེ་བརྒྱུད་དུ་གསན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལས་ཤངས་ཆོས་སྐོར་ཉེ་བརྒྱུད་དུ་གསན། གྲུབ་ཆེན་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར་དང་སྙན་བརྒྱུད་སྐོར་དམ་པའི་བླ་སྒྲུབ་སྐོར་བཅས་ཉེ་བརྒྱུད་མནོས། མ་གཅིག་ལབ་སྒྲོན་ལས་གཅོད་ཡུལ་གྱི་བཀའ་བབས་ཉེ་བརྒྱུད་དུ་གསན། ཆོས་རྒྱལ་རིགས་ལྡན་བརྒྱུད་པར་དང་བཅས་པ་ལས་དུས་འཁོར་དྲུག་གི་ཆོས་སྐོར་ཉེ་བརྒྱུད་དུ་གསན། རྗེ་རང་བྱུང་རྡོ་རྗེ་དང་གྲུབ་ཐོབ་ཨོ་རྒྱན་པ་ལས་བསྙེན་སྒྲུབ་ཀྱི་བཀའ་བབས་ཉེ་བརྒྱུད་དུ་གསན། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་ལམ་རིམ་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་ལས་དབུ་མ་བདེན་གཉིས། སློབ་དཔོན་ཀ་མ་ཤཱི་ལ་ལས་དབུ་མ་རྒྱན་རྩ་འགྲེལ། འཕགས་པ་ཐོགས་མེད་ལས་བྱམས་ཆོས་སྡེ་ལྔའི་ལྗགས་བཤད་བཅས་ཉེ་བརྒྱུད་དུ་གསན། གྲུབ་ཆེན་ལཱ་ཧཱི་པ་ལས་དཔལ་འཁོར་ལོ་བདེ་མཆོག་གི་ཆོས་བཀའ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་བཞེས། ”①ཞེས་པ་ལྟར་རོ།།  
            བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཐོག་ཏུ་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་འཛིན་པའི་སྐྱེས་བུ་མང་པོ་ཞིག་ཡོད། མཁས་པ་ལ་ཤས་ཀྱིས་རིས་མེད་ཀྱི་ལྟ་བ་འདིའི་གཞི་ཚུགས་ས་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་གྲུབ་མཐའ་ཕན་ཚུན་བར་དུ་འགལ་བ་མང་བོ་བྱུང་བའི་ཉེས་དམིགས་ཅི་རིགས་མཐོང་བ་དང་། ཉེས་དམིགས་དེ་དག་གིས་བོད་ཀྱི་གྲུབ་མཐའ་ཁག་འཆམ་མཐུན་སྒོས་གནས་པ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བར་གེགས་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་སེམས་པས་གྲུབ་མཐའ་ཁག་རྣམས་འཆམ་མཐུན་གནས་དགོས་པའི་རིས་མེད་ཀྱི་ལྟ་བ་བཏོན་པ་ཞིག་རེད་སྙམ་པ་དང་། འདི་ནི་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ངེས་ཅན་ཞིག་གི་འོག་ནས་བྱུང་བའི་ཕྱིའི་རྣམ་པ་ཙམ་ཞིག་གི་རིས་མེད་ཀྱི་ལྟ་བ་ཙམ་ཞིག་ཡིན་པར་འདོད། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་བཏོན་པ་ནི་ཕྱིའི་རྣམ་པ་དེ་ཙམ་མ་ཡིན་ཏེ། ཁོང་གིས་བོད་ཀྱི་གྲུབ་མཐའ་ཁག་གི་གདམས་པ་བླངས་པ་མ་ཟད་བློ་དང་རིགས་པས་ཞིབ་ཏུ་འཇུག་ཅིང་། དེ་དག་ཉམས་སུ་བླངས་པ་དང་ཕན་ཚུན་གཤིབ་བསྡུར་ཟབ་མོ་བྱས་པའི་རྗེས་སུ། གྲུབ་མཐའ་ཕན་ཚུན་གྱི་ཐ་སྙད་འདོགས་སྟངས་མ་གཅིག་པ་མ་གཏོགས། ཚང་མ་སངས་རྒྱས་བསྟན་པའི་དགོངས་པ་ཡིན་པ་རྟོགས་ནས་རིས་མེད་ཀྱི་བསམ་བློ་བཏོན་པ་ཞིག་རེད། འདི་ནི་གྲུབ་མཐའ་ཁག་གི་ལྟ་བ་རྟོགས་པའི་རྗེས་སུ་བཏོན་པའི་རིས་མེད་ཀྱི་བསམ་བློ་ཡིན་པས། ཕྱིའི་རྣམ་པ་ཙམ་གྱི་གྲུབ་མཐའ་ཕན་ཚུན་ཁག་ལ་བརྩི་བཀུར་དང་འདྲ་མཉམ་ཡིན་པའི་འདོད་ཚུལ་དེ་ལས་འགོངས་ཡོད་པ་རེད།       
གཉིས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སྐུ་ཚེའི་སྨད་ཀྱི་ཆ།
            འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སྐུ་ཚེ་སྨད་དུ་གཙོ་བོ་བསྟན་འགྲོ་བསྐྱངས་ཡོད་དེ། བོད་ཀྱི་སངས་རྒྱས་བསྟན་པ་རྒྱུན་འཛིན་དང་དར་སྤེལ་དང་། བོད་ཀྱི་རིག་གནས་དར་སྤེལ་གཏོང་བའི་ཆེད་དུ་དགོན་སྡེ་འཛུགས་སྐྲུན་དང་། མི་སྣ་གསོ་སྐྱོང་། ལྗགས་རྩོམ་མཛད་པ། གཏེར་བཏོན་པ་བཅས་ཀྱི་ཕྱོགས་ནས་བྱས་རྗེས་ཆེན་པོ་བཞག་ཡོད། 
གཅིག   བུ་སློབ་མང་བོ་གསོ་སྐྱོང་བྱས་པ།  
            འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྐུ་ཚེ་སྨད་དུ་བུ་སློབ་མང་པོ་གསོ་སྐྱོང་བྱས་ཡོད་པ་དང་། བུ་སློབ་དེ་དག་ཀྱང་བོད་ཀྱི་གྲུབ་མཐའ་མི་འདྲ་བ་སོ་སོ་ནས་ཐོན་པ་ནི། “སློབ་མའི་ཚོགས་ཀྱང་། སྤྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་པ་ཐོབ་པ་དང་། སྒོས་གྲུབ་མཐའ་གང་ལའང་དག་སྣང་དང་མོས་གུས་ཀྱི་རྩལ་རྒྱས་པ་མ་གཏོགས་ཕྱོགས་རིས་དང་ལོག་རྟོག་གཏན་ནས་མི་མངའ་བའི་དོན་གྱིས་ཞལ་སློབ་གཙོ་གྲས་དཔལ་ས་སྐྱ་བའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན་སོགས་དེ་སྐབས་ཀྱི་ཞལ་ངོ་ཐམས་ཅད། ངོར་ཨེ་ཝཾ་པའི་མཁན་ཞབས་ཕལ་ཆེར།  ཞྭ་ལུ་མཆོག་སྤྲུལ། ནཱ་ལེནའྡྲི་གཟིམ་འོག   ཡར་ཀླུང་དབོན་རིན་པོ་ཆེ། ས་སྐྱ་དགའ་ལྡན་སློབ་དཔོན། དཔོན་སློབ་ངག་དབང་ལེགས་གྲུབ། ལྷུན་གྲུབ་སྟེང་ཤར་ནུབ་བླ་མ་སོགས་ས་ངོར་ཚར་གསུམ་གྱི་ཕྱོགས་དང་། དཔལ་ཀརྨ་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། སི་ཏུ་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ། འཇམ་མགོན་བློ་གྲོས་མཐའ་ཡས། སྟག་ལུང་མ་རིན་པོ་ཆེ། རི་བོ་ཆེའི་རྗེ་ཕྱག་དྲུང་གསུམ་སོགས་བཀའ་བརྒྱུད་ཕྱོགས། སྦྱོར་ར་ཐམས་ཅད་མཁྱེན་པ། བསམ་སྡིངས་རྡོ་རྗེ་ཕག་མོ་སོགས་བོ་དོང་། ལྕགས་ཟམ་ཉི་མ་ཆོས་འཕེལ་སོགས་ཇོ་ནང་བ། དཀོན་མཆོག་བསྟན་པ་རབ་རྒྱས། ལྷ་བཙུན་དོན་གྲུབ་རྒྱལ་མཚན། བྲག་ཡབ་ནོ་མི་ཧན་ཆེན་པོ། ལི་ཐང་མཁན་ཆེན་བྱམས་པ་ཕུན་ཚོགས། ཧོར་ཁང་སར་རྒྱལ་བ་སོགས་དགེ་ལུགས་ཕྱོགས། རྡོར་སྨིན་དཔལ་རི་ལྕགས་ཐམ་ཀ༔ དཔལ་ཞེ་རྫོགས་སོགས་དེ་སྐབས་བཞུགས་པ་ཕལ་མོ་ཆེ། གཏེར་ཆེན་མཆོག་གླིང་། འཇུ་མི་ཕམ། རྡོ་གྲུབ་བསྟན་པའི་ཉི་མ་སོགས་སྔ་འགྱུར་རྙིང་མའི་ཕྱོགས་ཀྱིས་མཚོན་བསྟན་འཛིན་སྐྱེས་མཆོག་ཡོངས་སུ་གྲགས་པ་རྣམས་དང་། དགེ་བའི་བཤེས་གཉེན། རི་ཁྲོད་སྒྲུབ་པ་པོ་ཆོས་པ་ཉམས་ཆུང་། གཡུང་དྲུང་བོན་ལུགས་འཛིན་པ་ཚུན་གྱི་རིས་སུ་མ་ཆད་པའི་སློབ་མ་མང་བོ་ཡོད། ”①ཞེས་པ་ལྟར་གཡུང་དྲུང་བོན་ལུགས་ཚུན་གྱི་གྲུབ་མཐའ་མི་འདྲ་བའི་བུ་སློབ་མང་པོ་བསྐྱངས་ཡོད། བུ་སློབ་འདི་དག་ནི་དུས་རབས་བཅུ་དགུ་བའི་བོད་གངས་ཅན་གྱི་མཁས་དབང་སྐོར་ཅིག་ཡིན་ལ། དཔོན་སློབ་ཀུན་གྱིས་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་རྒྱུན་འཛིན་དང་ཁྱབ་སྤེལ་བྱས་ཡོད། དེ་ལས་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལྟ་བུར་མཚོན་ན། དུས་ཕྱིས་ཀྱི་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་འཛིན་པའི་ཚབ་མཚོན་ཞིག་ཏུ་གྱུར་ཡོད་པ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསུང་བསྐུལ་ལྟར་མཛད་ཆེན་ལྔ་ཡི་བསྡུ་བ་མཛད་པ་དང་། ཀོང་སྤྲུལ་རིས་མེད་ཆོས་འབྱུང་སོགས་མང་པོ་མཛད་ནས་བོད་ཀྱི་རིག་གནས་ཀྱི་ཕྱོགས་ངེས་ཅན་ཞིག་ནས་འཕེལ་ཕྱོགས་གསར་བ་ཞིག་ཏུ་བསྒྱུར་ཡོད། 
གཉིས། སྐུ་གསུང་ཐུགས་རྟེན་མང་བོ་བཞེངས་པ།  
            འཇམ་དབྱངས་མཁྱེན་བརྩིའི་དབང་པོས་བོད་ཀྱི་བསྟན་པ་འདི་ཡུན་དུ་གནས་པ་དང་མི་ཉམས་གོང་འཕེལ་འགྲོ་བའི་ཆེད་དུ། སྐུ་གསུང་ཐུགས་རྟེན་མང་བོ་བཞེངས་ཡོད་དེ། “སྐུ་ཆུང་ངུའི་དུས་ནས་གདུལ་བ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་ལོག་འཚོའི་དཀོར་སྡུད་གཏན་ནས་མ་མཛད་ཀྱང་འབར་བ་གསུམ་དང་འདུ་བ་གསུམ་གྱི་ཡོན་ཏན་ཕྱིར་ཤར་བས་ཟང་ཟིང་གི་དངོས་པོ་འབད་མེད་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་ཕྲ་མོ་ཙམ་ཡང་མི་བཏང་བར། སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང་། གསུང་རྟེན་གླེགས་བམ་པསྟི་བཞི་བཅུ་ལ་ཉེ་བའི་སྤར། བྲིས་མ་དང་སྤར་མ་བསྡོམས་པའི་པསྟི་ཀ་སྟོང་ཕྲག་གཉིས་ཙམ། ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོའི་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས། གནས་གཞི་གསར་བཞེངས་རིགས་དུས་དབང་གིས་ཚུལ་ལྡན་འབྱུང་དཀའ་བས་སྤྲོས་པ་མ་མཛད་ཀྱང་ཕྱིས་ཚོད་དུས་ཟིང་དབང་གིས་སྟོད་སྨད་འཁྲུགས་ལོང་སྐབས་དགོན་གནས་ཉམས་གུད་ཆེར་གྱུར་པ་རྣམས་ལ་རྗེ་ཉིད་ནས་ཀྱང་དགོན་པ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་དང་། རྒྱ་བོད་ཀྱི་མི་དཔོན། ཆོས་རྒྱལ་སྡེ་དགེ་རྒྱལ་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་གསོས་གསར་བཞེངས་དང་། མཆོད་ཐེབས་ཀྱི་ཞབས་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་རྣམས་ཀྱི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་སྩལ། ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་དུ་གཟུང་སྔགས་བསྔོ་བའི་རྟེན་ཡོན་སྦྱོར་གནང་བ་སྔ་རྗེས་དངོས་བཞི་སྟོང་གི་རྩ་བ་ཕུལ།”①ཞེས་པ་ལྟར། རང་ནུས་ཅི་ལྕོགས་ཀྱིས་སྐུ་གསུང་ཐུགས་རྟེན་མང་པོ་གསར་བཞེངས་དང་ཞིག་གསོ་མཛད་ནས་ནང་བ་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རིག་གནས་ཡུན་ནས་ཡུན་དུ་འཕེལ་བར་བྱས་རྗེས་ཆེན་པོ་བཞག། 
གསུམ་པ། གསུང་རྩོམ་མང་པོ་མཛད་པ། 
            འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྐུ་ན་ཆུང་ངུའི་དུས་ནས་བཟུང་དགུང་གྲངས་དོན་གསུམ་བཞེས་པའི་བར་དུ་ལྗགས་རྩོམ་གནང་ནས་པར་འཁོད་པ་གླེགས་བམ་བཅུ་གསུམ་ཙམ་ཡོད་ཀྱང་། པར་ཤིང་བརླག་པར་བརྟེན་ཟི་ཁྲོན་མི་རིགས་ཞིབ་འཇུག་ཁང་གིས་འཕྲུལ་པར་བརྒྱབ་པའི་གསུང་འབུམ་པོད་ཀ་ནས་ཡའི་བར་ཉི་ཤུ་རྩ་བཞི་བཞུགས་པ་ནི་《བོད་གངས་ཅན་གྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་བརྒྱ་དང་བརྒྱད་བཅུ་ལྷག་གི་གསུང་འབུམ་སོ་སོའི་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཤེས་བའི་གཏེར་མཛོད། 》ནང་གསལ། དེ་དག་གི་ཁྲོད་དུ་《བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ》དང་། 《གཏམ་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་། 》ནང་དོན་རིག་པ་《ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། 》《མདོ་སྔགས་ཀྱི་དོན་གསལ་བར་སྟོན་པ་ལེགས་བཤད་ཉི་ཟླའི་དཀྱིལ་འཁོར། 》《ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ཆོག་ཁྲིགས་རྡོ་རྗེ་སེམས་དཔའི་དཔལ་འཛིན། 》རིག་གནས་ཆེ་ཆུང་གི་གསལ་བྱེད་《དབྱངས་ཅན་དགྱེས་པའི་རོལ་མཚོ》ལོ་རྒྱུས་རྣམ་ཐར་《གདན་རབས་ངོ་མཚར་ཀུན་དགའི་སྐྱེད་ཚལ། 》《ཉེར་མཁོ་སྣ་ཚོགས་འདོད་འབྱུང་བསམ་འཕེལ་དབང་རྒྱལ། 》ཟབ་དོན་རྡོ་རྗེའི་གླུའི་སྐོར་《རབ་བྱུང་འོད་གསལ་རྡོ་རྗེའི་གསང་མཛོད་》བཅས་སྡེ་ཚན་དགུར་དྲིལ་ཏེ་བསྒྲིགས་པ་གསུང་རབ་རིན་པོ་ཆེའི་དཀར་ཆག་ལེགས་བཤད་མཛོད་ཀྱི་ལྡེ་མིག་ཏུ་གསལ། དེར་མ་ཟད་རྗེ་རང་ཉིད་ཀྱི་སྒྲུབ་ཐབས་ཀུན་བཏུས་སོགས་བཀའ་བསྡུ་མཛད་པ་དང་། ཁོང་གི་གསུང་བསྐུལ་ལ་བརྟེན་ནས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་《མཛོད་ཆེན་རྣམ་ལྔ》དང་། དཔོན་སློབ་བློ་གཏེར་དབང་པོའི་《རྒྱུད་སྡེ་ཀུན་བཏུས》། དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་གྱིས་《སྔ་འགྱུར་བཀའ་མའི་དཀྱིལ་འཁོར་ཉེར་བདུན་གྱི་ཆོས་བཀལ》རྣམས་ལེགས་པར་བསྡུས་ཤིང་བསྒྲིགས་ཏེ་རྗེས་འཇུག་སྐལ་ལྡན་རྣམས་ལ་ཡོངས་རྫོགས་བསྟན་པ་སྤེལ་བའི་ཕྲིན་ལས་ཀྱི་རྒྱུན་བཞག་ཡོད་དོ། 
བཞི་བ། བཀའ་བབས་བདུན་ལྡན་གྱི་གཏེར་བཏོན་པ།  
            འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མཚན་གཞན་ལ་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་བ་ཞེས་པ་ལྟར། ཁོ་རང་གཏེར་སྟོན་པ་ཞིག་ཡིན་པའི་ཆ་ནས་བཀའ་བབ་བདུན་ལྡན་གྱི་གཏེར་བཏོན་ཡོད་དེ། “དབུས་གཙང་དུ་འབད་པ་ལྷུར་ལེན་བྱས་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པ་མ་ཟད། སྒོམ་སྒྲུབ་ཚད་དུ་འཁྱོལ་བས་ཉམས་རྟོགས་ཀྱི་ཡོན་ཏན་བླ་མ་མེད་པ་འཕེལ་ཏེ། གུ་རུ་མཚོ་སྐྱེས་རྡོ་རྗེའི་དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་དབུགས་དབྱུང་གིས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་འཆད་སྤེལ་གྱི་བཀའ་བབ་དང་། གནས་བྲག་དམར་མགྲིན་བཟང་དང་། འདམ་ཤོད་སྙིང་དྲུང་། གཏེར་ཀླུང་པད་མ་ཤེལ་རི་སོགས་ནས་གཏེར་སྒྲོམ་སྤྱན་དྲངས་པ་བཅས་གཏེར་གྱི་བཀའ་བབ་དང་། བརྡ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་ཀློང་དུ་གསལ་བ་གཏན་ལ་ཕབ་ཅིང་། གུ་རུ་རིན་པོ་ཆེའི་གཏེར་སྟོན་སོ་སོའི་སྐུའི་རྣམ་པས་དབང་ཁྲིད་ཆིག་རྫོགས་སུ་བསྩལ་བས་ཡང་གཏེར་ཉེ་བརྒྱུད་ཀྱི་བཀའ་བབ་དང་། རིགས་བདག་ཡི་དམ་སོ་སོའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་མཐུ་ལས་རྒྱུད་དང་དབྱེར་མེད་པའི་། རྡོ་རྗེའི་ཚིག་ཐོས་བྱུང་དུ་བབ་པ་ཟབ་མོ་དགོངས་པའི་གཏེར་གྱི་བཀའ་བབ་དང་། སྔོན་གྱི་གནས་དུས་རྗེས་སུ་དྲན་པ་ལ་བརྟེན་ནས་ཆོས་སྐོར་གཏན་ལ་ཕབ་པ་རྗེས་དྲན་ཆོས་བཀའི་བཀའ་བབ་དང་། གཞན་ཡང་དག་སྣང་གི་བཀའ་བབ་དང་། སྙན་བརྒྱུད་ཀྱི་བཀའ་བབ་བཅས་ཁྱད་པར་གྱི་བཀའ་བབ་ཆེན་པོ་དེ་དག་དང་ལྡན”ཞེས་པ་ལྟར་བཀའ་བབས་བདུན་ལྡན་གཏེར་ནས་བཏོན་ཏེ་རྙིང་མའི་གྲུབ་མཐའ་ལ་མཛད་རྗེས་ཆེན་པོ་བཞག་པ་དང་། རྙིང་མའི་གྲུབ་མཐའི་ཕྱོགས་ནས་ཀྱང་རྗེ་ཁོང་ཉིད་བླ་མར་ངོས་འཛིན་བྱེད་པ་རེད།                       
སྡོམ་བྱང་།
            འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡང་བོད་ཀྱི་མཁས་པ་གཞན་དང་འདྲ་བར་མི་ཚེའི་སློབ་གཉེར་གྱི་གོ་རིམ་ཁྲོད་དུ། ཐོག་མར་ཐོས་པས་རྒྱ་བཅད། བར་དུ་བསམ་པས་གཏན་ལ་ཕབ། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་ཤེས་བའི་རྒྱ་མཚོའི་ཕ་མཐར་བགྲོད་པའི་མཁས་པའི་དབང་བོ་ཞིག་རེད་མོད། གཞན་ལས་ཁྱད་དུ་འཕགས་པ་ཞིག་ནི་སྐུ་ཚེ་སྟོད་དུ་དག་པའི་སྣང་བར་ཞུགས་ནས་ཟབ་མོ་ཉེ་བརྒྱུད་ཀྱི་གདམས་པ་ཐོབ་ནས་གྲུབ་མཐའ་སོ་སོའི་གདམས་པ་ཡང་དག་བླངས་བ་དང་། བར་དུ་རང་གི་བསམ་བློའི་རྒྱུན་སྐྱོང་མཁན་ལ་སྒྲུབ་བརྒྱུད་བརྒྱད་ཀྱི་འཆིང་རྒྱ་ལས་གྲོལ་ཏེ་གྲུབ་མཐའ་སོ་སོ་ནས་ཐོན་པའི་བུ་སློབ་མང་པོ་གསོ་བསྐྱངས་བས། ཐ་མར་བཀའ་བབ་བདུན་ལྡན་གྱི་མངའ་བདག་ཁོང་གིས་གྲུབ་མཐའ་སོ་སོའི་བཀའ་བསྡུ་མང་བོ་མཛད་པ་དང་བུ་སློབ་ཁག་ཅིག་ལ་གསུང་བསྐུལ་ནན་མོ་གནང་ནས་བཀའ་བསྡུ་མཛད་དུ་བཅུག་ཁར། ཁོང་གིས་ཀྱང་ལྗགས་རྩོམ་མང་བོ་གནང་ནས་རིས་མེད་ཀྱི་བསམ་བློའི་རྒྱུན་བཟུང་བ་དང་ཁྱབ་སྤེལ་བཏང་ནས་བོད་ཀྱི་རིག་གནས་ཀྱི་འཕེལ་ཕྱོགས་གསར་བ་ཞིག་དང་། བོད་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་བར་རྨང་ལེགས་པོ་བཏིང་བ་རེད། ཁོང་གི་བསམ་བློ་རིན་ཐང་ཅན་འདི་འདྲ་ཞིག་གི་ཤུགས་རྐྱེན་འོག་ཏུ། ད་ལྟའང་བོད་ཀྱི་དགོན་པ་ལ་ལས་སྒྲུབ་བརྒྱུད་གཞན་ལ་དམའ་འབེབས་སོགས་སྤྱོད་ངན་ལྟ་ཞོག སྒྲུབ་བརྒྱུད་གཞན་པའི་གདམས་པའི་སྙིང་བོའམ་གསུང་རྩ་ཆེན་ལ་སློབ་གཉེར་བྱེད་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཡང་གྲུབ་མཐའ་མི་འདྲ་བ་ཕན་ཚུན་བར་དུ་འགལ་མེད་ཞི་མཐུན་ངང་གནས་ཡོད་པ་འདི་ནི་དམ་པ་ཁོང་གི་མཛད་པའི་གྲུབ་འབྲས་ཡིན་པར་འདོད་དོ། །
            (རྩོམ་པ་པ་ངོ་སྤྲོད། ཚེ་རིང་བྱམས། ཕ་ཡུལ། རེབ་གོང་། ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་༢༠༡༣ལོའི་ཤེས་རམས་པ། ) (མཛུབ་སྟོན་དགེ་རྒན། འབྲུག་ལྷ། ) 
            ①ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། 《ཟབ་མོའི་གཏིར་དང་གཏིར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། 》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོའི་ཟླ་1པར་པར། ཤོག་ངོས་2l4
            ①བློ་གྲོས་ཕུན་ཚོགས་ཀྱིས་བསྒྲིགས། 《འཇམ་དབྱངས་མཁྱེན་བརྩེ་སྐུ་ཕྲེང་གོང་འོག་གི་རྣམ་ཐར་བཞུགས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ10པའི་པར་ཐེངས་དང་པོ། ཤོག་ངོས་18-21
            ①བློ་གྲོས་ཕུན་ཚོགས་ཀྱིས་བསྒྲིགས། 《འཇམ་དབྱངས་མཁྱེན་བརྩེ་སྐུ་ཕྲེང་གོང་འོག་གི་རྣམ་ཐར་བཞུགས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ10པའི་པར་ཐེངས་དང་པོ། ཤོག་ངོས་10-11
            ①ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ 《ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། 》་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2007ལོའི་ཟླ12པའི་པར་ཐེངས་དང་པོ།  ཤོག་ངོས་214-215


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1