༄༅།། གནའ་བོའི་བོད་མིའི་བླ་དད་ཚུལ་ལ་དཔྱད་པ།
པདྨ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-02
པདྨ་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་ཐོག་མར་བླ་དད་ཞེས་པའི་ལས་བླའི་མིང་ལ་དཔྱད་པ་བྱས་ཤིང་། དེ་ནས་གནའ་བོའི་བོད་ཀྱི་སྤྱི་ཚོགས་ནང་བོད་མིའི་བླ་དད་ཚུལ་དེ་ཇི་ལྟར་བྱུང་བ་དང་སྐབས་དེའི་སྤྱི་ཚོགས་ནང་ནུས་པ་ཇི་འདྲ་ཐོན་ཡོད་ཚུལ། དེ་མ་ཟད་བོད་ཀྱི་བླ་དད་རིག་གནས་ཀྱི་ཁྱད་ཆོས་བཅས་ལ་དཔྱད་པ་བྱས་ཡོད།
[གནདའགག་མིང་བརྡ།] གནའ་བོ། བོད་མི། བླ་དད།
དེ་ཡང་བོད་རང་ས་ནས་དར་བའི་བོན་གྱི་རིག་གནས་དང་རྒྱ་གར་ནས་བྱུང་བའི་ཐུབ་པའི་རིག་གནས་གཉིས་གཞི་གཅིག་ཏུ་འདྲེས་ནས་གྲུབ་པའི་བོད་ཀྱི་རིག་གནས་འདིའི་ཁྱབ་ཁོངས་སུ་མིའི་བླ་ནི་ཤིན་ཏུ་གལ་ཆེན་ཏུ་བརྩི་ལ། དེའི་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནུས་པ་མི་དམན་པ་ཐོན་ཡོད་པ་མ་ཟད། ད་ལྟའི་བོད་མིའི་འཚོ་བའི་ཁྲོད་དུ་ཡང་བླ་འགུགས་དང་བླ་བསླུའི་ཆོ་ག་སྤེལ་གྱིན་ཡོད། གཞན་བོད་ཀྱི་རིག་གནས་ཀུན་གྱི་བང་མཛོད་དུ་གྲགས་པའི་《གེ་སར་སྒྲུང་》གི་ནང་དུ་ཡང་བླ་བྱ་དང་། བླ་རི། བླ་མཚོ་སོགས་བླ་དང་འབྲེལ་བའི་བརྡ་དང་ཐ་སྙད་གང་མང་ཞིག་ཡོད་པས་བླར་དད་ཚུལ་གྱི་གདོད་མའི་དད་པ་འདི་བསྐལ་བ་ཡ་ཐོག་ནས་བོད་ལ་དར་ཡོད་པ་གསལ་བོར་ཤེས་ཐུབ། དེཡང་འདིར་ཐོག་མར་བླ་ཞེས་པའི་བརྡདོན་ལ་དཔྱད་པར་བྱ་སྟེ།
དང་པོ། བོད་ཀྱི་བླ་ཞེས་པའི་མིང་གི་གོ་དོན།
བླ་ཞེས་པའི་གོ་དོན་ལ། 《བརྡ་གསར་རྙིང་གི་རྣམ་བཞག་ལི་ཤིའི་གུར་ཁང་》ནང་དུ་བླ་ནི་རུང་ངམ་བཟོད་པ་ཆོག་པའི་དོན་ལ་འཇུག་པར་བཤད་ལ། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་“བླ་ཞེས་པ་ནི་འགྲོ་བ་མིའི་ནང་སེམས་དང་ཤེས་པ་གནས་ས་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན་ཏེ། བླ་ནི་བླ་དབུགས་སྲོག་གསུམ་ཞེས་པ་ལས་གལ་ཆེ་ཤོས་དེ་ཡིན།”①ཞེས་དང་། བོན་གྱི་བསྟན་འབྱུང་《གཟི་བརྗིད》ནང་དུ་“བླ་ནི་བླ་ཡིད་སེམས་ཞེས་པའི་ནང་གསེས་ཅིག་ཡིན་པར་འདོད།”②ཅེས་བརྗོད་ཡོད། བོད་ཀྱི་དམངས་ཁྲོད་དུ་བླ་ཞེས་པ་ནི་མི་རང་ཉིད་དང་འགྲོགས་ནས་ཡོད་ལ་སྐབས་འགར་སྟབས་མ་ལེགས་པར་བླ་དེ་ལུས་དང་བྲལ་ཚེ་བླ་འཁྱམས་ཞེས་བརྗོད། སྐབས་དེར་རང་ཉིད་ལ་ནད་དང་བགེགས་བར་ཆད་ཅི་རིགས་འབྱུང་ལ་ཀུན་སྤྱོད་སོགས་ཀྱང་རྒྱུན་ལྡན་དང་མི་འདྲ་བར་འགྱུར་འགྲོ་བར་བཤད་པ་མ་ཟད། དེ་འགོག་ཐབས་དང་ཕྱིར་ཟློག་ཐབས་སུ་བླ་འགུགས་དང་བླ་བསླུ་སོགས་སྲོག་གླུད་པའི་ཆོ་ག་སྣ་ཚོགས་གཏོང་བཞིན་ཡོད། ཡང་བཤད་ཚུལ་གཞན་ནི་མི་གང་ཞིག་ཚེ་ལས་འདས་རྗེས་བླ་དེ་ཉིད་ལུས་དང་ཁ་བྲལ་ནས་གནས་གཞན་ཞིག་ལ་གཞི་བཅོལ་ནས་ཡུན་རིང་དུ་གནས་ཐུབ་པའི་འདུ་ཤེས་ཡང་ཆགས་ཡོད།《སམ་བོད་ཤན་སྦྱར་བྱེ་བྲག་ཏུ་རྟོགས་པར་བྱེད་པ》ཞེས་པའི་ཚིག་མཛོད་དུ་“ལེགས་སྦྱར་གྱི་ཐ་སྙད་པ་ཏི་ཞེས་པ་རྒྱལ་བོ་དང་། བདག་པོ། དབང་བོའམ་བླ་ལ་འཇུག་ ཅེས་བརྗོད་ཡོད་པས།③ བདག་གིས་གནའ་བོའི་བོད་མིའི་བླ་དད་པ་ལས་བླའི་དོན་ནི་དབང་བོ་དང་བདག་པོའི་དོན་ལ་འཇུག་པར་འདོད། དེ་གཙོ་བོ་རང་རེའི་མེས་པོ་ཚོའི་རང་བྱུང་ཁམས་ཀྱི་སྣང་ཚུལ་དག་ལ་མིག་གིས་བལྟ་ཐུབ་ཀྱང་བློའི་དཔྱད་མ་ཚུགས་པས། འཇིག་རྟེན་གྱི་འགྱུར་ལྡོག་ལ་ངེས་ཤེས་གསལ་པོ་ཞིག་མེད་རྐྱེན་སྲོག་ཆགས་དང་སྐྱེ་དངོས་གང་རུང་རང་གི་བདག་པོར་བཟུང་ནས་བླ་ཞེས་བརྗོད་པ་ཡིན། དེར་མཁས་དབང་མཁར་རྨེའུ་བསམ་གཏན་གྱིས“བོད་ལ་བླ་རྟགས་ཞེས་པའི་ཐ་སྙད་ཅིག་ཡོད་ལ། དེ་ནི་སྲོག་ཆགས་འགའ་ཞིག་གིས་མཚོན་པར་བྱེད་པ་ཡིན་②ཞེས་བརྗོད་ཡོད་པའི་བླ་རྟགས་ནི་འདིར་བརྗོད་བཞིན་པའི་མིའི་བླའམ་བདག་པོ་མཚོན་བྱེད་ཀྱི་སྲོག་ཆགས་ཀྱི་རིས་སམ་གཟུགས་ཡིན་པར་སྙམ། དེའི་རྐྱེན་གྱིས་བོད་མིས་གནའ་དུས་སུ་སྲོག་ཆགས་དང་སྐྱེ་དངོས་གང་རུང་རང་གི་བདག་པོར་བཟུང་ཏེ་བཀུར་ནས་དད་པ་བྱེད་ཚུལ་ནི་གནའ་བོའི་བོད་མིའི་བླ་ལ་དད་པའི་རིག་གནས་སྣང་ཚུལ་ཞིག་ཡིན་ལ། བླ་ནི་གནའ་བོའི་དུས་ཀྱི་འགྲོ་བ་མིའི་སྐྱེ་ཁུངས་བཅོལ་ས་དང་སྲོག་བརྟེན་སའི་ཆགས་དང་སྐྱེ་དངོས་གང་རུང་ལ་བརྗོད།
གཉིས་པ། བོད་མིས་བླ་དད་ཀྱི་བྱུང་འཕེལ།
གཅིག བོད་མིས་བླ་དད་པའི་རིག་གནས་སྣང་ཚུལ།
བླ་དད་ལ་དབྱིན་ཇིའི་སྐད་ཀྱིསtotemདང་རྒྱའི་སྐད་དུ图腾崇拜ཞེས་བརྗོད་གྱིན་ཡོད། མེ་གླིང་བྱང་མའི་ཧིན་ཏིན་མིའི་totemཞེས་པའི་ཐ་སྙད་ཀྱི་ཐོག་མའི་གོ་དོན་ནི་ཁོའི་གདུང་རྒྱུད་དང་ཁོའི་གཉེན་ཉེ་རིགས་ཞེས་དང་། གནའ་བོའི་རྒྱ་མི་རིགས་ས་ཁུལ་ལ་མཚོན་ན་ཡང་བླ་དད་པའི་སྣང་ཚུལ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དཔེར་ན། རྒྱའི་ལོ་རྒྱུས་མཁས་པ་ཀོའོ་མོ་རོས་(郭沫若)སྲོལ་རྒྱུན་གཏམ་རྒྱུད་ནང་ཧོང་ཏི་(皇帝)ལ་དོམ་རིགས་ཀྱི་མིང་ཅན་དང་ཤོན་ཡོན་(轩辕)རིགས་ཀྱི་རྟགས་ཡོད། དེ་ནི་བྱང་ཕྱོགས་ཀྱི་གདུང་རྒྱུད་ཚོ་བ་ཁག་དུ་མས་རང་སོ་སོའི་མེས་པོ་དག་ཧོང་ཏེ་(皇帝)ཁོ་ནར་ངོས་འཛིན་བྱས་པ་མངོན་ལ་ངག་རྒྱུན་གཞན་དུ་ཡང་ཧོང་ཏི(皇帝)དང་ཡན་ཏི(炎帝)སོགས་དམག་འཁྲུག་བྱེད་སྐབས་དོམ་དང་གཟིག་སོགས་གཅན་གཟན་སྦྱོ>་བརྡམབྱས་ཏེ་དམག་འཐབ་ལ་ཞུགས་མྱོཔཡོད་པར་བཤད་ཅིང་། དོན་དངོས་ཐོག་གཅན་གཟན་མིང་བཏགས་པའི་གདུང་རྒྱུད་དག་མཉམ་སྒྲུབ་བྱས་པའི་ཚོ་བ་ཞིག་ཡིན་ལ། ཧོང་ཏི་(皇帝)ནི་དོམ་རིགས་ཡིན་རྐྱེན་ཚོ་བ་དེའི་ནང་གནས་མཐོ་ཤོས་སླེབས་པ་གསལ་བཤད་བྱེད་ཐུབ།”①ཅེས་དང། དེབཞིན་དུ་རང་རྒྱལ་ལྷོ་ཕྱོགས་སུ་བཅའ་སྡོད་བྱེད་པའི་པུ་ལང་རིགས་(布朗族)ལ་མཚོན་ན་ཡང་ཁོ་ཚོའི་བླ་ནི་སྲོག་ཆགས་ཆུང་ཆུང་བྱི་ལ་སྨུག་མདོག་ཅན་དང་སྦལ་རིགས་སོགས་ཡིན་ཞིང་ཁོ་ཚོས་བྱི་ལ་སྨུག་མདོག་ཅན་མེས་པོའི་བླ་ལ་ངོས་འཛིན་བྱས་ཏེ་སྲོག་ཆགས་ཆུང་ཆུང་དེ་ཁུང་ནས་ཕྱིར་ཐོན་ཚེ། མི་མང་པོས་རྒྱང་རིང་ནས་གབ་བསྡད་པ་ལས་མིག་ཟུར་ཙམ་ཡང་བལྟ་མི་ནུས་པ་མ་ཟད་དེར་གནོད་འཚེ་དེ་བས་ཀྱང་གཏོང་མི་ནུས། གལ་ཏེ་གནོད་འཚེ་བཏང་ཚེ་མེས་པོའི་བླ་ལ་ཕོག་ཐུག་བྱུང་སྟེ་རང་དང་གཉེན་ཉེ་ཐམས་ཅད་ལ་བགེགས་བར་ཆད་ཡོང་བར་བཤད། གཞན་ད་དུང་ན་ཞི་རིགས་(纳西族)ཀྱིས་སྟག་དང་སྤྲེལ། སྤྲེའུ། ཕག་སོགས་དང་། མན་རིགས་(满族)ཀྱིས་ཁྭ་ཏ་དང་ཉ། སྤྱང་དང་ཤྭ་སོགས་ཀྱང་གདུང་རྒྱུད་གཅིག་དང་མི་རིགས་གཅིག་གི་བླ་རུ་ངོས་འཛིན་བྱེད་ལ། ཁོ་ཆོས་ཡང་སྲོག་ཆགས་དང་སྐྱེ་དངོས་དེ་དག་རང་གི་སྐྱེ་ཁུངས་དང་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བྱ་ལས་ཐམས་ཅད་དང་འབྲེལ་པ་དམ་པོ་ཡོད་པའི་འདུ་ཤེས་ཟབ་མོ་ཆགས་ཡོད།
རང་རེའི་བོད་ལ་མཚོན་ན་ཡང་བླ་དད་པའི་སྣང་ཚུལ་ནི་གནའ་བོའི་དུས་ནས་དར་ཡོད་དེ། ཡིག་ཚང་དང་རུས་མཛོད་སོགས་ཀྱི་ནང་དུ་སྒ་ནི་ཤིང་ཁམས་ལུག་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། ལྡོང་ནི་ས་ཁམས་ཤ་བར་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། འབྲི་ནི་ཆུ་ཁམས་གཡག་ལ་བླ། ཞེས་པའི་ནང་གི་ལུག་ནི་སྒ་རུས་ཀྱི་བླ་དང་། ར་ནི་སྒོ་ཡི་བླ། ཤ་བ་ནི་ལྡོང་གི་བླ། རྐྱང་ནི་སྤྲའི་བླ་དང་། གཡག་ནི་འབྲིའི་བླ་རུ་འཛིན་པ་དང་། ཏུན་ཧོང་ཡིག་རྙིང་དུ་ཡང་སྤུ་རྒྱལ་བཙན་པོ་གྲི་གུམ་ལ་མཚན་གསོལ་དུས་སུ། རྒྱལ་བུའི་མཚན་ཇི་གསོལ་བར་མ་མ་གྲོ་ཞ་མ་སྐྱི་བརླིང་མར་དྲིས་ནས། མ་མའི་མཆིད་ནས་སྐྱི་བྲག་མར་ནི་རྙིལ་ཏམ་མ་རྙིལ། མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་སྐམས་དང་མ་འབྲི་སྤངས་ནི་མྱེས་ཚིག་གམ་མ་ཚིག་ཅེས་དྲིས་པ་ལ། བྲག་མ་རྙིལ། མཚོམ་སྐམས། སྤངས་ཡང་མྱེས་མ་ཚིག་ཅེས་བཤད་ཡང་། མ་མ་གྲོ་ཞ་མ། རྒས་ནས་རྣ་བའི་ལོག་པར་ཐོས་ནས། བྲག་ཀྱང་རྙིལ། མཚོ་ཡང་སྐམས། སྤངས་ཡང་མྱེས་ཚིག་ཅེས་ཐོས་ནས། ད་ནི་ཆུ་དགུམ་སྲི་དགུམ། མཚན་ལ་དྲི་གུམ་བཙན་པོ་ཐོགས་①ཞེས་བཤད་པའི་སྐབས་ཀྱི་མཚོདང་སྤངས། བྲག་སོགས་ཀྱང་རྒྱལ་བུ་རང་ཉིད་དང་ཚོ་ཁག་གི་དར་རྒུད་དང་འབྲེལ་པ་ཡོད་ལ། མཐར་གཏུགས་ན་མཚོ་དང་སྤངས། བྲག་སོགས་དུས་སྐབས་དེར་བོད་མིས་བླ་རུ་འཛིན་པའི་བྱ་དངོས་དག་ཡིན། དེ་མ་ཟད་སྤུར་རྒྱལ་བཙན་པོའི་དུས་སྐབས་སུ་ཚོ་ཁག་ཕན་ཚུན་གཡུལ་འགྱེད་དུས་ཕ་རོལ་གྱི་དཔའ་རྒོད་ཚར་གཅོད་ཚེ་ཁོའི་བླ་དང་བཅས་པ་རྩ་མེད་དུ་གཏོང་དགོས་པ། དཔེར་ན། སྤུ་དེ་གོང་རྒྱལ་གྱིས་རང་གི་ཕ་བསད་པའི་ཤ་ལེན་དུ་ལོ་ངམ་རྟ་རྫི་བགུམ་རྗེས། ཁོའི་མགུར་བླངས་པའི་ནང་དུ“འ་བ་ཉི་ཉེ་བ་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག ཡོས་རོ་རོ་ན་ལྷམ་གི་གོང་ར་ནིག བརླའ་བརྡུངས། པུར་བཏབ། འོ་དེ་མྱེད་སྤུ་དེ་མྱེད།”② ཅེས་པའི་ནང་གི་བརླའ་བརྡུངས་ཞེས་པ་ནི་“ལོ་ངམ་གྱི་བླ་དང་བཅས་པ་རྩ་མེད་དུ་བཏང་བ་ཡིན”③ལ་ཞེས་བརྗོད་ཡོད། དེ་བས་གནའ་བོའི་བོད་མིའི་བླ་ནི་ཤིན་ཏུ་གལ་ཆེན་དུ་བརྩི་བཞིན་པ་གསལ་པོར་རྟོགས་ཐུབ། གཞན་ད་དུང་“བོད་རྒྱལ་བཙན་པོ་གྲི་གུམ་བཙན་པོས་མྱང་རོ་ཐལ་བ་ཚལ་དུ་གཡུལ་དྲེས་ནས་ལོ་ངམ་དང་འཐབ་དུས་སུ། བཙན་པོ་གྲི་གུམ་ལྡེ་ལྷ་གུང་རྒྱལ་གྱིས་གནམ་དུ་དྲངས་ན། ལོ་ངམ་གྱིས་མཆན་ནས་སྤྲེའུ་བྱུང་བས། ལྡེ་ལྷ་གུང་རྒྱལ་ནི་ཏི་སེ་གངས་རུམ་ལ་འཕང་སྟེ་གཤེགས་སོ་ ④ ཞེས་བརྗོད་པའི་ནང་གི་ལྡེ་ལྷ་གུང་རྒྱལ་ནི་བཙན་པོའི་བླ་ཡིན་ལ་དེ་གུམ་པ་ཉིད་དུ་བཙན་པོའི་དབུགས་ཀྱི་རྒྱུབ་ཡང་དེ་མ་ཉིད་དུ་འགེགས་ནས་བཤེགས་སོ། 《སྲིད་པའི་གཏེར་ཁྱིམ་སྒྲོན་》ལས་མཐུ་བྱེད་ན་ལུས་གསོད་དམ་སེམས་གསོད། ལུས་བརྡོས་པ་ཅན་བེམ་པོ་འདི་བསད་ང་མི་འཆི། སེམས་སྟོང་པ་ལ་གསོད་རྒྱུ་ཅི་ཡོད་ཞེ་ན། ལུས་སེམས་གཉིས་ཀ་མི་གསོད་དེ། བླ་ལུག་རྫི་བོ་མེད་པ་བཞིན་དུ་འཁྱམས་པ་སྟེ་བཀུག་སྟེ་①ཞེས་པའི་ནང་མི་ནི་ལུས་དང་སེམས། བླ་བཅས་གྲུབ་ཆ་གསུམ་གྱིས་གྲུབ་ལ། གལ་ཏེ་མི་དེ་རྩ་མེད་དུ་གཏོང་དགོས་ན་ལུས་དང་སེམས་བསད་པའི་རྩ་མེད་དུ་གཏོང་མི་ཐུབ་ལ། ལུས་སེམས་གཉིས་ལས་བླ་ནི་གལ་ཆེན་དུ་བརྩིས་ཏེ་བླ་འཁྱམས་པོ་དེ་བཀུག་ནས་གསོད་དགོས་པར་བརྗོད་ཡོད། ད་དུང་བླ་ལུག་རྫི་བོ་མེད་པ་བཞིན་དུ་འཁྱུམས་ཞེས་པ་ལས་བླ་ནི་མི་དད་ཁ་བྲལ་ནས་འདུག་ཐུབ་པ་ཡང་གོ་ཐུབ། གནའ་བོའི་བོད་མིའི་བླ་ལ་དད་པ་ནི་གཙོ་བོ་ཁོ་ཆོའི་བློ་ངོས་ནས་སྲོག་ཆགས་དང་བྱ་དངོས་ཅི་རིགས་རང་གི་ཕ་མེས་ཡང་མེས་དང་འབྲེལ་པ་ལྡན་ཞིང་། དེ་ཚོར་མཐུ་ནུས་ཡོད་པར་བློའི་བཏགས་ཏེ་མི་རང་ཉིད་དང་ཚོ་ཁག་ལ་རོགས་བྱེད་པར་དམིགས་ནས་དད་པ་དང་མཆོད་བཀུར་བྱེད་པ་ཡིན། དད་པ་བྱེད་མཁན་གྱི་ཆ་ནས་གནའ་བོའི་ཚོ་ཁག་སྤྱིའི་བཀུར་བའམ་མི་རང་ཉིད་ཀྱིས་དད་པ་བྱེད་སྟངས་སོགས་རྣམ་པ་མི་འདྲ་བ་ཡོད་མོད། འགྲོ་བ་མིའི་ཤེས་རིག་གི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་འགྱུར་བ་བྱུང་དང་བརྟེན་ནས་འགྱུར་བ་བྱུང་སྲིད།
གཉིས། བོད་ཀྱི་བླ་དད་བྱུང་འཕེལ་གྱི་སྤྱི་ཚོགས་རྒྱབ་ལྗོངས། གདོད་མའི་དུས་སྐབས་སུ་མཚོ་བོད་མཐོ་སྒང་གི་ས་བབ་ནི་མཚོ་ངོས་ལས་ཆེས་མཐོ་བའི་མཐོ་ཚད་ནི་སྨི་བཞི་སྟོང་ནས་ལྔ་སྟོང་ཙམ་དང་། ཡུལ་དེར་ཆུ་ཀླུང་དང་གཙང་མོད་ལ། ཉི་མའི་འོད་ཕོག་བཟང་ཞིང་སྙོམས། ཆར་ཆུ་འབབ་ཚུལ་ཡང་ཧོ་ཧྲི་ལྔ་སྟོང་ནས་བདུན་སྟོང་ཙམ་ཡིན་པས་ཚ་ཁུལ་གྱིས་གནམ་གཤིས་ལ་གཏོགས་པས་གདོད་མའི་མི་འཚོ་སྡོད་བྱ་སའི་གནས་མཆོག་ཡིན་ལ། མོར་ཀུན་(摩尔根)གྱིས“ཚ་ཁུལ་ནི་གདོད་མའི་དུས་ཀྱི་མི་རྣམས་འཚོ་སྡོད་བྱ་སའི་གནས་ཐོག་མ་ཡིན་”②ཞེས་བརྗོད་ཡོད། འགྲོ་བ་མིའི་ཤེས་རིག་དར་བ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བྱུང་ནས་མི་རྣམས་གདོད་མའི་ཚ་ཁུལ་དང་ཆུ་བོའི་འགྲམ་ནས་ཡུལ་ཕྱོགས་གཞན་ལ་ཁྱབ་ཅིང་། འཚོ་བའི་རྒྱབ་རྟེན་ཡང་རི་སྐྱེས་སྲོག་ཆགས་འབྲོང་རྒོད་རྐྱང་གསུམ་སོགས་སྒོ་ཕྱུགས་སུ་བཏུལ་ནས་ཕྱུགས་ལས་དར་བ་དང་། སྔོན་གྱི་མ་རྨོས་ལོ་ཏོག་ཟ་བ་ལས་རང་གི་ནུས་ཤུགས་ལ་བསྟེན་ཏེ་བཟའ་ཆས་སྣ་མང་བྱུང་། མདོར་ན་འགྲོ་བ་མིའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་དབང་གིས་ཐོག་མའི་བཟའ་ཆས་རང་བྱུང་ལ་བརྟེན་པ་ནས་མིའི་བློ་གྲོས་དང་ནུས་ཤུགས་ཀྱིས་བཟའ་ཆས་འཚོལ་བའི་གོ་རིམ་ཞིག་བརྒྱུད་ཡོད། དེའི་གོ་རིམ་ནང་འགྲོ་བ་མིའི་ཤེས་རིག་གི་ཆུ་ཚད་ནི་གདོད་མའི་ཀླ་ཀློ་ནས་དམུ་རྒོད་དང་། དམུ་རྒོད་ནས་ཤེས་རིག་ཅན་གྱི་སྤྱི་ཚོགས་སུ་འཕེལ་རྒྱས་ཕྱིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེའི་ཁྲོད་འགྲོ་བ་མིའི་རང་བྱུང་ཁམས་ཀྱི་སྣང་ཚུལ་མང་པོ་ཞིག་ལ་འགྲེལ་རྒྱག་མ་ཐུབ་པར་མཚར་སྣང་སྐྱེས་ནས། མཐར་རང་ཉིད་ཀྱི་བློའི་འབ་ཉོབ་ཙམ་ལས་ཆོས་ཉིད་དངོས་དང་མཐུན་པར་འགྲེལ་རྒྱག་མ་ཐུབ་རྐྱེན་མི་རང་ཉིད་ཀྱི་སྐྱེ་ཁུངས་ལ་ཡང་འགྲེལ་གསལ་པོ་དང་ཡང་དག་གི་ལྟ་ཚུལ་ཞིག་བྱུང་མེད དེ་བས་རང་ཉིད་ཀྱི་སྐྱེ་ཁུངས་སམ་བདག་པོ་ནི་སྲོག་ཆགས་གང་རུང་ལ་བཅོལ་ནས་དེ་མགོན་དང་བླ་རུ་བཀུར་ཞིང་། རང་ཉིད་ལ་གནོད་འཚེ་གང་རུང་ཐེབས་པ་ཡང་མཐར་གཏུགས་ན་མིའི་བླ་ལ་གནོད་གང་རུང་བྱུང་བ་ཡིན་པར་བསམ་གྱིན་ཡོད།
བོད་མིའི་བླ་དད་པའི་གདོད་མའི་དད་པ་ནི་རུས་རྒྱུད་ཚོ་ཁག་གི་དུས་སྐབས་ནང་གཙོ་བོར་གྱུར་བའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ལ། སྤྱི་ཆོགས་འཕེལ་རྒྱས་དང་རུས་རྒྱུད་ཚོ་ཁག་གི་སྒྲིག་གཞི་ལ་འགྱུར་བ་བྱུང་བ་དང་མཉམ་དུ་བླ་དད་ཚུལ་ལ་ཡང་འགྱུར་པ་བྱུང་ནས་ཡུལ་ལྷ་གཞི་བདག་དང་དགྲ་ལྷ་སྲུང་མར་མཆོད་བཀུར་བྱེད་པའི་རྣམ་པར་གྱུར་བ་ཡིན། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་དངོས་ཐོག་བོད་ཀྱི་གཏམ་རྒྱུད་ནང་ཡུལ་ལྷ་གཞི་བདག་མང་པོ་ཞིག་གི་འབྱུང་ཁུངས་ནི་སྲོག་ཆགས་ཡིན་ཚུལ་བརྗོད་སྲོལ་ཡོད། གེ་ཁོད་ཅེས་པའི་བོན་གྱི་ལྷ་དེ་ཐོག་མར་མི་ཡུལ་དུ་བྱོན་སྐབས་སྲོག་ཆགས་ཀྱི་རིགས་ལས་གཡག་རྒོད་དཀར་པོའི་གཟུགས་བརྙན་ཅན་ཞིག་ཡིན་པའི་ཐོག་ནས་གངས་ཏི་སེའི་དབྱིངས་སུ་ཐིམས་པར་གྲགས། དེ་བཞིན་གཉན་ཆེན་ཐང་ལྷ་ཞེས་པའི་ལྷ་དེ་ཡང་དང་པོ་གཟུགས་ཤིན་ཏུ་ཆེ་ཞིང་གཏུམ་གྲགས་ཅན་གྱི་བྱ་རྒོད་པོ་ཞིག་ཡིན” ① ཞེས་བརྗོད་ཡོད། དེའི་རྐྱེན་གྱིས་ད་ལྟ་བོད་ཡུལ་སྤྱི་ལ་ཁྱབ་པའི་ཡུལ་ལྷ་གཞི་བདག་དང་དགྲ་ལྷ་སྲུང་མར་དད་པ་བཅས་ཀྱི་རྨང་ནི་གནའ་བོའི་བོད་མིས་བླ་དད་པ་ལས་བྱུང་བའི་ཤུལ་རྫས་ཡིན་པར་སེམས།
གསུམ་པ། བོད་ཀྱི་བླ་དད་རིག་གནས་ཀྱི་ཁྱད་ཆོས།
བོད་མིའི་བླ་དད་ཚུལ་ནི་བོད་ཀྱི་གནའ་བོའི་རིག་གནས་ཀྱི་ཁོངས་སུ་འདུ་ལ། དེ་ལས་གནའ་བོའི་བོད་མིའི་བསམ་བློའི་ཆུ་ཚད་དང་ཤེས་རིག་གི་འཕེལ་རྒྱས། ཟས་གོས་གནས་མལ་སོགས་འཚོ་བའི་གྲུ་ག་རེ་རེ་ལ་བརྟག་དཔྱད་བྱ་ཐུབ་པས་གནའ་བོའི་རིག་གནས་ཀྱི་ཁྱད་ཆོས་དེ་ཡང་མཚོན་ཐུབ། དེ་བས་འདིར་བོད་མིས་བླ་དད་ཚུལ་རང་སྟེང་ན་ཡོད་པའི་ཁྱད་ཆོས་ལ་དཔྱད་ན།
གཅིག གདོད་མའི་ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་པ།
གདོད་མའི་ཆོས་ལུགས་ནི་འགྲོ་བ་མིའི་ཤེས་རིག་གི་ཆུ་ཚད་དམའ་ལ་ཐོན་སྐྱེད་ནུས་ཤུགས་ཞན་པས་རང་ཉིད་ཀྱི་བཟའ་ཆས་དང་སྐྱེ་ཁུངས་སོགས་རང་བྱུང་ཁམས་ལ་བཅོལ་བ་དང་། རང་བྱུང་ཁམས་ཀྱི་འགྱུར་ལྡོག་ལ་གོ་བ་ཟབ་མོ་ཞིག་ཆགས་མེད་པས་དེ་དག་ལ་འཇིགས་ནས་སྐྱབས་སུ་རེ་བ་དང་། ལྷག་པར་དུ་མཚན་མོའི་རྨི་ལམ་ནང་རང་བྱུང་གི་སྐྱེ་དངོས་དང་སྲོག་ཆགས་སོགས་ཀྱིས་ལ་ལས་རང་ལ་གྲོགས་དཔལ་ལས་གནོད་བྱེད་པ་རྨིས་ཚེ། སེམས་ལ་དགའ་བ་དང་འཇིགས་སྐྲག་སྣ་མང་སྐྱེས་ནས་མི་རྣམས་ལ་རང་བྱུང་གི་སྐྱེ་དངོས་ཐམས་ཅད་ལ་སྲོག་ཡོད་པའི་འདུ་ཤེས་སྐྱེས། དེ་ལྟ་བུའི་འདུ་ཤེས་གནའ་བོའི་མིའི་རྒྱུད་ལ་ཆགས་པ་ནས་བཟུང་རང་བྱུང་གི་ཉི་ཟླ་སྐར་གསུམ་དང་ཚར་གློག་ཐོག་གསུམ། མེ་རླུང་ཆུ་གསུམ་དང་རི་སྐྱེས་སྲོག་ཆགས། རྩྭ་རྩི་ཤིང་མཐའ་དག་ལ་དད་པ་དང་སྐྱབས་བཅོལ་ཡིད་རྟོན་བྱེད་པའི་བློ་སྐྱེས་ནས་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་དེ་རིམ་གྱིས་བྱུང་།
དུས་སྐབས་དེར་གནའ་བོའི་མིའི་རང་གི་སྐྱེ་ཁུངས་མ་ཤེས་པ་དང་སྐྱེས་པ་ཚོའི་མཚན་མའི་ནུས་པ་ལ་ངེས་ཤེས་མེད་པར། བུད་མེད་དག་ལ་བྱིས་པ་སྐྱེས་ཚེ་ནུས་པ་དེ་བུད་མེད་ཀྱི་རྨི་ལམ་དུ་སྐྱེ་དངོས་དང་སྲོག་ཆགས་གང་རུང་རྨིས་ན་དེའི་ནུས་པ་ཡིན་པར་བསམ་ནས་དེ་བླ་རུ་འཛིན་གྱིན་ཡོད། དཔེར་ན། བོད་ཀྱི་ཆོས་འབྱུང་ནང་དུ་སྤུ་རྒྱལ་བཙན་པོའི་དུས་སྐབས་སུ་བྱུང་བའི་མཛངས་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ཀྱི་གཏམ་རྒྱུད་འདི་ལྟར་བཀོད་ཡོད་དེ། “ལོ་ངམ་གྱིས་ལྷ་གཅིག་ཆུང་མར་བཟུང་། །ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། ། རྟ་འཆོར་ཕྱིན་ཏེ་གཉིད་ལས་རྨི་ལམ་དུ། །མི་དཀར་མཛེས་པ་ཅིག་དང་བཤོས་པ་རྨིས།། སད་ཚེ་གཡག་དཀར་ཞིག་ནི་སོང་བ་མཐོང།།ཟླ་བ་ཚང་ནས་ཁྲག་རླངས་འགུལ་པ་བཙས། །འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བྲན། །”①ཞེས་བརྗོད་པའི་ནང་གི་གཡག་དཀར་པོ་ནི་སྲིད་པ་ཆགས་པའི་ལྷ་དགུའི་ནང་གི་ཡར་ལྷ་ཤམ་པོའི་སྤྲུལ་བ་ཡིན་པར་བཤད་ལ་དེ་རུ་ལས་སྐྱེས་ཀྱི་བླ་ཡིན་པར་བརྗོད་ཡོད། མདོར་ན་གནའ་བོའི་སྤྱི་ཚོགས་ནང་དུ་མི་རང་གི་ཚེ་ཀྱི་དར་རྒུད་པང་ལས་བྱ་གཞག་འགྲུབ་མིན་སོགས་རང་གི་བླའི་དར་རྒུདེ་ལ་རག་ལས་རྐྱེན། མི་རྣམས་ཀྱིས་རྒྱུན་དུ་རང་ཉིད་ཀྱི་བླ་ལ་མཆོད་བཀུར་བྱེད་པའི་གདོད་མའི་ཆོས་ལུགས་ཀྱི་བྱེད་སྒོ་དང་ཆོ་ག་སྣ་ཚོགས་སྤེལ། ད་ལྟ་ད་དུང་སྐྱེས་བུའི་རླུང་རྟ་དར་བ་དང་ཚེ་འཕེལ་བ་སོགས་ཀྱི་ཆེད་དུ་བླ་འགུགས་སོགས་ཀྱི་ཆོ་ག་མང་པོ་སྤེལ་གྱིན་ཡོད་པ་རྒྱུན་ལྡན་འཚོ་བའི་ཁྲོད་ནས་མིག་མཐོང་ལག་ཟིན་དུ་གྱུར་ཡོད་དོ། །
གཉིས། སྒྱུ་རྩལ་ཁྱད་ཆོས་ལྡན་པ།
བོད་ཀྱི་བླ་དད་རིག་གནས་ནི་བོད་ཀྱི་ཐོག་མའི་སྒྱུ་རྩལ་རི་མོའི་མགོ་ཁུངས་དང་ཕུགས་འདེད་ས་ཡིན་ལ། གནའ་དུས་སུ་མི་རྣམས་ཀྱིས་རང་གི་དགའ་སྐྱོ་ཆགས་སྡང་སོགས་འཚོ་བ་དངོས་ཁྲོད་ནས་ཐབས་དང་བྱ་འགུལ་སྣ་ཆོགས་སྤྱད་ནས་མཚོན་པར་བྱེད་ཅིང་། བླའི་རི་མོའི་སྒྱུ་རྩལ་ནི་འགྲོ་བ་མིའི་དགའ་སྐྱོ་ཆགས་སྡང་མཚོན་ཐབས་ཆེས་སྔ་བའི་མཚར་སྣང་གི་སྒྱུ་རྩལ་བྱེ་བྲག་ཅིག་ཡིན་ལ། དེར་རོ་མ་ནི་ཡའི་མཁས་པ་ཡ་ཐད་ན་ཞིས་(亚泰纳谢)ཀྱིས་བླ་དད་པ་ཡིས་གདོད་མའི་སྒྱུ་རྩལ་ལ་སྔོན་འགྲོ་བཏང་ཞིང་། ལྷག་པར་ཏུ་མིས་བླ་དད་བྱའི་སྐྱེ་དངོས་དང་སྲོག་ཆགས་སྣ་ཆོགས་ཀྱི་གཟུགས་བརྙན་བཞེངས་སྐྲུན་བྱས་པས་རི་མོའི་སྒྱུ་རྩལ་ཕུན་སུམ་ཚོགས་པར་བཏང་ཞེས་བརྗོད་ཡོད། བླའི་རི་མོ་དང་མཚོན་རྟགས། འབག་སྐུ་སོགས་ཡོད་པ་ལ་ཞིབ་ཏུ་བསམ་ན་གདོད་མའི་སྒྱུ་རྩལ་ནི་སྒྱུ་རྩལ་གྱི་ཆེད་དུ་མ་ཡིན་པར། མི་རང་ཉིད་ཀྱི་བསམ་པའི་འདུ་ཤེས་གཞི་བཅོལ་ས་དང་ལྟོ་རྒྱབ་སོགས་རང་ཉིད་ཀྱི་དགོས་མཁོ་གང་རུང་གི་ཆེད་དུ་བྱུང་བ་ཡིན། དེ་མ་ཟད་དེང་དུས་གནའ་རྫས་རྟོག་དཔྱོད་པས་གསར་རྙེད་བྱུང་བའི་རྫ་ཆས་དང་རྡོ་ཆས་སོགས་ཀྱི་སྟེང་དུ་སྲོག་ཆགས་ཀྱི་གཟུགས་རིས་སྣ་ཆོགས་ཡོད་པ་དང་། མིའི་ལུས་སྟེང་དང་ཚོ་ཁག་གི་དར་ཆ། ཐམ་ག་སོགས་ཀྱི་སྟེང་དུ་སྲོག་ཆགས་ཀྱི་གཟུགས་བྲིས་ཡོད་པ་ཡང་གནའ་བོའི་བོད་མིས་བླ་དད་པའི་སྣང་ཚུལ་དང་འབྲེལ་བ་ཡོད་པར་སྣང་བས་བླ་དད་པའི་གདོད་མའི་དད་པར་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་པ་མངོན་པར་མཐོང་ཐུབ།
གསུམ། སྒྲིག་ཁྲིམས་ཀྱི་ཁྱད་ཆོས་ལྡན་པ།
དེང་དུས་མི་རིགས་གང་ཡིན་རུང་རང་གི་རྟགས་མཚོན་པའི་དར་ཆ་དང་རྒྱལ་ཁབ་རང་མཚོན་བྱེད་ཀྱི་རྒྱལ་དར་དང་དར་ཆ་རེ་ཡོད་པ་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་མོད། དེའི་ལོ་རྒྱུས་ཀྱི་འཕེལ་རིམ་ཅི་འདྲ་ཡིན་པ་ད་ལྟའི་བར་དུ་བཏང་སྙོམས་སུ་བཞག་ནས་མཐོང་ཆེན་བྱེད་ཀྱི་མེད་ཞིབ་ཏུ་བསམ་ན་རིག་གནས་སྣང་ཚུལ་དེའི་གཞི་རྩ་ནི་གནའ་བོའི་མིའི་དད་བྱར་གྱུར་བའི་སྲོག་ཆགས་དང་སྐྱེ་དངོས་གང་རུང་བཀུར་བའི་ཆེད་དུ་དར་བཟོས་ནས་དེའི་སྟེང་དུ་གཟུགས་རིས་བྲིས་ཏེ་རང་ཚོ་ཁག་མཚོན་པར་བྱེད་པའི་རྟགས་དེ་ལས་བྱུང་བའི་ཤུལ་རྫས་ཡིན་པར་འདོད། འགྲོ་བ་མིའི་བླ་དད་པ་ནས་བཟུང་སྤྱི་ཚོགས་སྒྲིག་གཞི་ཡང་ཚོ་ཁག་གི་རྣམ་པ་ཐོག་མར་བྱུང་ཞིང་། བླ་མཚོན་བྱེད་ཀྱི་རྟགས་ཏེ་ཚོ་ཁག་ནང་མི་ཕན་ཚུན་གྱི་བསམ་པའི་འདུ་ཤེས་གཅིག་ཏུ་སྦྲེལ་པ་དང་མཐུན་སྒྲིལ་ཡོང་བ། ཕྱིའི་དགྲ་ལ་འཐབ་ན་རྒྱལ་བའི་ཆོད་སེམས་བརྟན་པ། རང་ཚོ་ཁག་ལ་སྲུང་སྐྱོང་བྱེད་པ་སོགས་དམག་འཐབ་དང་སྲིད་ཕྱོགས་ལ་ཕན་ཆེན་པོ་ཐོགས་ཡོད་ལ་དེ་རིམ་གྱིས་ད་ལྟའི་རྒྱལ་དར་དུ་གྱུར་ཞིང་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་ཕྱོགས་ལ་ཡང་ཕན་ཆེན་པོ་ཞིག་ཐོགས་ཡོད། གཞན་བླ་དད་རིག་གནས་དར་བ་ནས་འགྲོ་བ་མིའི་རིགས་ལ་མིང་འདོགས་པའི་སྲོལ་ཡང་ཐོག་མར་དར་བར་འདོད་དེ། ད་ལྟའི་བོད་ཀྱི་རིག་གནས་ནི་བན་བོན་གཉིས་ཀའི་རིག་གནས་ཕུང་བོ་གཅིག་འདྲེས་ནས་གྲུབ་ཡོད་པས། བོད་ཡུལ་གྱི་མི་མིང་ས་མིང་མཚོ་མིང་སོགས་ལས་མངོན་པའི་རིག་གནས་ཀྱང་རིག་གནས་དེ་དང་འབྲེལ་བ་དམ་པོ་ཡོད་མོད། ང་ཚོས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་མགོ་ཁུངས་དེད་ན་མིང་འདོགས་སྲོལ་གྱི་ཁུངས་དེ་ཡང་བླ་དད་ཚུལ་དང་འབྲེལ་བ་ཅུང་ཙམ་ཡོད་པར་རིགས་ཏེ། གནའ་བོའི་མིས་བླ་དད་པའི་སྣང་ཚུལ་དེ་རུས་རྒྱུད་ཚོ་ཁག་གི་རྣམ་པ་ཆགས་དུས་སུ་བྱུང་ལ། སྐབས་དེ་ནས་བཟུང་ཚོ་ཁག་ལ་བཀོད་འདེམས་བྱེད་པའི་མགོ་གཙོ་དང་དབང་གོ་གནས་ཀྱི་ཁྱད་པར་བྱུང་རྐྱེན་མིང་འདོགས་དུས་སུ་མི་རང་ཉིད་དང་ཚོ་ཁག་སྤྱིའི་བཀུར་བྱ་དང་སྐྱབས་བཅོལ་བྱའི་བླ་དེ་མིང་དང་རུས་སུ་བཏགས་ཡོད་པར་སྙམ། ད་ལྟ་ཐུབ་པའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་ན་ཕལ་ཆེ་ཤས་ཀྱིས་ཐུབ་པའི་ཆོས་ལུགས་ལ་དད་ནས་མིང་འདོགས་དུས་སུ་ཡང་དེ་དང་འབྲེལ་བའི་ཆོས་རྣམས་མིང་དུ་འདོགས་པ། དཔེར་ན། སངས་རྒྱས་ཚེ་རིང་དང་བསོད་ནམས་ཚེ་རིང་། ཆོས་འཚོ་སྐྱིད། ཡེ་ཤེས་སྒྲོལ་མ་སོགས་དང་། ཡང་གཡུང་དྲུང་བོན་ཆོའི་མིང་འདོགས་དུས་སུ་བོན་པའི་ཆོས་ལུགས་དང་འབྲེལ་པའི་ཆོས་རྣམས་མིང་དུ་འདོགས་པ། དཔེར་ན། གཡུང་དྲུང་འབུམ་དང་གཡུང་དྲུང་ཚེ་རིང་། གཡུང་དྲུང་སྐྱིད་སོགས་ཁོ་ཆོས་བཀུར་གྱིན་པའི་ལྷ་དག་མིང་དུ་འདོགས། གཞན་མདོ་དབུས་ཁམས་གསུམ་དུ་ཡང་རང་རང་གི་སྐྱབས་བཅོལ་བྱའི་ཡུལ་མི་འདྲ་བས་བུན་ཁྲང་ཚེ་རིང་དང་བུན་ཁྲང་ཐར། ཡུལ་ལྷ་དོན་འགྲུབ། འཕགས་མོ་རྡོ་རྗེ། འཕགས་མོ་འཚོ་ཞེས་བཏགས་ཡོད། གང་ལྟར་ཐམས་ཅད་མིའི་བསོད་ནམས་དང་ཚེ། འཕྲིན་ལས་སོགས་བཀུར་བྱའི་ལྷ་ལ་སྐྱབས་བཅོལ་བ་ཡིན། གནའ་བོའི་དུས་སུ་དད་བྱར་གྱུར་བའི་བླའི་མིང་དག་ཡང་མི་མིང་རི་མིང་ཆུ་མིང་སོགས་ལ་ཐོགས་ཡོད་པ་བསྙོན་དུ་མེད་པར་འདོད། བོད་ཀྱི་རུས་ལ་གནའ་དུས་སུ་རུས་ཆེན་བཞི་དང་རུས་ཆུང་བཅོ་བརྒྱད་སོགས་ཡོད་པར་བཤད་ཅིང་། ད་ལྟ་བོད་མིའི་རུས་ཉམས་ཤིང་དེ་དག་གི་དོན་ཅི་ཡིན་པ་ཡང་ཤིན་ཏུ་བཤད་ཁག་པོ་ཡིན་པ་ཀུན་གྱིས་མཁྱེན་ཆོས་སུ་གྱུར་བ་ལགས། གལ་ཏེ་རུས་དང་མིང་དེ་དག་གི་གཞི་རྩ་དེད་ནས་གོ་དོན་དང་བཅས་པ་གསལ་པོར་ཤེས་དགོས་ཚེ་ང་ཆོའི་གནའ་བོའི་བོད་མིའི་བླ་དད་པའི་རིག་གནས་འདི་ལ་དཔྱད་པ་བྱེད་དགོས་པར་བསམ།
མདོར་ན་བོད་མིའི་བླ་དད་པའི་སྣང་ཚུལ་ནི་གདོད་མའི་དད་པའི་ཁོངས་སུ་འདུ་ལ། དེ་ལས་བོད་ཀྱི་རིག་གནས་མང་པོ་ཞིག་གི་ཁུངས་ཀྱང་རྙེད་ཐུབ་པ་མ་ཟད། གནའ་བོའི་བོད་མིའི་བསམ་སྤྱོད་གཙོ་བྱས་པའི་དཀྱིལ་སྙིང་རིག་གནས་ཀྱང་བླ་དད་རིག་གནས་དང་འབྲེལ་པ་དམ་པོ་ཡོད། རྗེས་ཀྱི་གླུད་དང་མདོས་ཆོ་ག་གཏོང་བ། ཡུལ་ལྷ་གཞི་བདག་དང་སྲུང་མར་བཀུར་བ་སོགས་ད་ལྟའི་ཡུལ་སྲོལ་མང་པོ་ཡང་བླ་དད་པའི་རིག་གནས་ལས་བྱུང་ཞིང་དུས་ཀྱི་འགྱུར་པ་དང་བསྟུན་ནས་རིམ་གྱིས་འཕེལ་རྒྱས་དང་འགྱུར་པ་བྱུང་བ་ཡིན།
རྩོམ་པ་པོ་ངོ་སྤྲོད། པདྨ་རྒྱལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2009ལོའི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན།
①མཁར་རྨེའུ་བསམ་གཏན་རྒྱལ་མཚན། (མདའ་དང་འཕང།) སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་པེ་ཅིན་ནས་པར་དུ་བསྐྲུན། ཤོག་ངོས་130ན་གསལ།
②མཁར་རྨེའུ་བསམ་གཏན་རྒྱལ་མཚན། (མདའ་དང་འཕང།) སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་པེ་ཅིན་ནས་པར་དུ་བསྐྲུན། ཤོག་ངོས་130ན་གསལ།
③མཁར་རྨེའུ་བསམ་གཏན་རྒྱལ་མཚན། (མདའ་དང་འཕང།) སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་པེ་ཅིན་ནས་པར་དུ་བསྐྲུན། ཤོག་ངོས་137ན་གསལ།
①ཀོའོ་མོ་རོ་ཡིས་རྩོམ་སྒྲིག་འགན་བཞེས་པའི་《ཀྲུང་གོའི་ལོ་རྒྱུས་མདོར་བསྡུས།》 དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་གིས་1985ལོར་པེ་ཅིན་ནས་པར་དུ་བསྐྲུན། ཤོག་ངོས་118ན་གསལ།
①གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་གདམས་བསྒྲིགས་རྣམས་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་2001ལོར་པར་དུབསྐྲུན། ཤོག་ངོས་14ན་གསལ།
②གཉའ་གོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་གདམས་བསྒྲིགས་རྣམས་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་2001ལོར་པར་དུབསྐྲུན། ཤོག་ངོས་18ན་གསལ།
③ ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། 《བོད་ཀྱི་ཡིག་རྙིང་ཞིབ་འཇུག》 མི་རིགས་དཔེ་སྐྲུན་ཁང་གིས་2003ལོར་པར་དུ་བསྐྲུན། ཤོག་ངོས323ན་གསལ།
④གཉའ་་དང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་གདམས་བསྒྲིགས་རྣམས་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་2001ལོར་པར་དུ་བསྐྲུན། ཤོག་ངོས་5ན་གསལ།
①མཁར་རྨེའུ་བསམ་གཏན་རྒྱལ་མཚན། 《མདའ་དང་འཕང་།》 སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན། ཤོག་ངོས་l39ན་གསལ།
② 摩尔根著,杨东莼等译: 《古代社会》 , 商务出版社, l992年, P10.
①མཁར་རྨེའུ་བསམ་གཏན་རྒྱལ་མཚན། 《མདའ་དང་འཕང་།》 སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་པར་དུ་བསྐྲུན། ཤོག་ངོས་l39ན་གསལ།
①དཔའ་བོ་གཙུག་ལག་ཕྲེང་བ།《ཆོས་འབྱུང་མཁས་པའི་དགའ་སྟོན》 སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར་དུ་བསྐྲུན། ཤོག་ངོས་163ན་གསལ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1