༄༅།། མི་སྤྲོ་སྣང་ཅན་གྱི་ཚེ་ཐག་རིང་།
ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-01
རྒྱུན་དུ་སེམས་མི་སྐྱིད་པའི་མིས་འཚོ་བའི་ཁྲོད་ཀྱི་སྤྲོ་སྣང་ལ་དོ་སྣང་བྱ་དགོས། རྒྱུ་མཚན་ནི་ཨ་མེ་རི་ཁའི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན། མི་སྤྲོ་སྣང་ཅན་རྣམས་ནད་རིགས་ཀྱི་འཇིགས་སྐུལ་དང་འཕྲད་པའི་སྐབས་སུ་གསོན་པའི་ཚད་ཧ་ཅང་མཐོ།
ཨ་མེ་རི་ཁའི་ཏུའུ་ཁེ་སློབ་ཆེན་དང་ཁོ་ལོམ་པི་ཡ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་དལ་གཤིས་སྙིང་གཟེར་ནད་བྱུང་ཡོད་པའི་མི་2400ལ་རྗེས་འདེད་ཞིབ་འཇུག་བྱས། སྙིང་གཟེར་ནད་ནི་སྙིང་ལ་དབྱངས་དབུགས་མི་འདང་བའི་སྐབས་སུ་བྲང་ཁར་ན་ཟུག་ལངས་པ་ལ་གོ་ཞིང་། སྤྱིར་བཏང་སྙིང་གི་འཕར་རྩ་འགོག་གཅོད་ཀྱི་གསོ་བཅོས་བྱེད་ཐབས་ཤིག་སྤྱོད་དགོས། དེའི་མིང་ལ་ཁྲག་རྩ་སླར་འཛུགས་བྱེད་ཐབས་ཀྱང་ཟེར། ནད་འཕར་བའི་སྐབས་སུ་ཧ་ཅང་ཚབས་ཆེན་ཡིན་པས་མྱུར་སྐྱོབ་ཁང་དུ་བསྐྱལ་ཏེ་གསོ་བཅོས་བྱ་དགོས། ཞིབ་འཇུག་མི་སྣས་ཐོག་མར་ཚོད་ལྟ་དང་ལེན་བྱེད་མཁན་གྱི་ནད་པའི་སྤྲོ་སྣང་གི་ཚད་ལ་ཚད་འཇལ་བྱས་ཤིང་། ཁོ་ཚོའི་ཁྲོད་དུ་ཧ་ཅང་སྤྲོ་སྣང་ཅན་གྱིས1/4ཟིན་པ་དང་། ཅུང་སྤྲོ་སྣང་ཅན་གྱིས2/5ཟིན་ལ། སྤྲོ་སྣང་གང་ཡང་མེད་མཁན་གྱིས1/10ཟིན་ཡོད། དེ་ནས་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་ན། ནད་པའི་སྤྲོ་སྣང་གི་ཚད་ཇི་ལྟར་མཐོ་ན། ནད་ཕོག་པའི་བརྒྱུད་རིམ་ཁྲོད་སྨན་ཁང་དུ་སྐྱེལ་ཚད་དེ་ལྟར་ཇེ་ཉུང་དུ་འགྲོ་བ་རེད། ཉེ་བའི་ལོ་གཉིས་ལྷག་གི་རིང་རྗེས་འདེད་བཅར་འདྲི་བྱས་པའི་ཁྲོད། སྤྲོ་སྣང་ཆེན་པོ་ལྡན་པའི་ནད་པ་སྙིང་གཟེར་གྱི་དབང་གིས་སྨན་ཁང་དུ་སྐྱེལ་བའི་ཚད་ནི་སྤྲོ་སྣང་གང་ཡང་མེད་པའི་ནད་པ་ལས་40%ཡིས་དམའ་ཞིང་།
ཞིབ་འཇུག་བྱེད་མཁན་གཙོ་བོ་སྟེ་ཏུའུ་ཁེ་སློབ་ཆེན་གསོ་རིག་ལྟེ་གནས་ཀྱི་སྙིང་ནད་རིག་པའི་འབུམ་རམས་ཞིབ་འཇུག་པ་ཡ་ལི་ཧྲན་ཏ·ཧྥ་ན་ལོ་ཧྥིས་བསྟན་དོན། ཞིབ་འཇུག་ལས་ལྡོག་མེད་ཀྱི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་ལས་རྙེད་མེད་མོད། འོན་ཀྱང་ནད་པའི་སྤྲོ་སྣང་ལྡན་པའི་སེམས་ཁམས་ཀྱིས་ནད་གཞིའི་མགོ་གནོན་ཐུབ་པ་མཚོན་ཡོད། ཞིབ་འཇུག་དེའི་གྲུབ་འབྲས་ལས་སྨན་པའི་ངོས་འཛིན་དང་མ་འོངས་པའི་ནད་གཞིའི་འཕར་ཚད་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ནད་པར་སྐྱོ་སྣང་སྐྱེས་པ་དང་རེ་ཐག་ཆད་སྐབས། ཆེས་གལ་ཆེ་བ་ནི་ཁོ་ཚོ་སེམས་ཁམས་མི་ལེགས་པ་དེ་ལས་ཐར་དུ་འཇུག་པ་དང་། མ་འོངས་པའི་སྨན་བཅོས་ལ་རེ་བ་ཡོད་པར་བྱ་རྒྱུ་དེ་རེད། ནད་པར་སྤྲོ་སྣང་ལྡན་པའི་སེམས་ཁམས་ལེགས་པོ་བྱུང་ན་ནད་རིགས་ཀྱི་འཕར་ཚུལ་ཐད་བསམ་ཡུལ་ལས་འདས་པའི་ཕན་ནུས་ལེགས་པོ་ཐོན་ཐུབ་བོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1