༄༅།། ལོ་ཙཱ་བའི་རྨང་གཞིའི་ཆ་རྐྱེན་སྐོར་མདོ་ཙམ་གླེང་བ།
འཕྲིན་ལས་ཆོས་གྲགས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-04
འཕྲིན་ལས་ཆོས་གྲགས།
ལོ་ཙཱ་བ་ནི་རང་ཚན་རིག་པ་བྱེ་བྲག་པ་གསུམ་སྟེ། ལོ་ཙཱའི་ལག་ལེན་བྱ་བའི་འཇུག་ངོགས་དང་། (实践翻译学)ལོ་ཙཱ་བའི་རིག་ལམ་དཔྱོད་ལུགས།(理论翻译学)ལོ་ཙཱ་བའི་རྨང་གཞིའི་ཆ་རྐྱེན་(基础翻译学)བཅས་ལས་གྲུབ་དགོས་པ་ཕྱི་ནང་ལོ་ཆེན་མཁས་དབང་རྣམ་པའི་བཞེད་ཚུལ་གཅིག་མཐུན་ཡིན། གོང་གསལ་རིག་པ་བྱེ་བྲག་པ་གསུམ་དེའི་ནང་ནས་ལོ་ཙཱའི་ལག་ལེན་བྱ་བའི་འཇུག་ངོགས་དང་ལོ་ཙཱའི་རིག་ལམ་དཔྱོད་ལུགས་གཉིས་པོ་ནི་ལོ་ཙཱའི་རིག་པ་གྲུབ་པའི་ཕྱི་ཡུལ་(客体)གྱི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་པ་སྨོས་མི་དགོས། ལོ་ཙཱ་བྱ་བའི་རྨང་གཞིར་གྱུར་བའི་ཡུལ་ཅན་(主体)གྱི་ཆ་རྐྱེན་ཏེ། ལོ་ཙཱ་བའི་ཤེས་པའི་སྟོབས་ནུས་དེས་ལོ་ཙཱ་བྱ་བའི་འཇུག་སྒོར་གཙོ་ཁྲིད་ཀྱི་ནུས་པ་ཐོན་པས་ན་དེ་ནི་མཁར་གྱི་རྨང་དང་བརྟེན་བྱའི་གཞི་ལྟ་བུར་བཟུང་བ་ཡིན། གལ་ཏེ་ལོ་ཙཱ་བ་གང་ཞིག་གི་རང་རྒྱུད་དུ་སྐད་གཉིས་ཀྱི་བྱང་ཚད་མི་ལོན་པ་དང་། ལེགས་ཉེས་རྣམ་པར་རྟོག་པའི་རིགས་པའི་ཤེས་པ་དམན་ཞིང་། ལོ་ཙཱའི་ལག་ལེན་ནང་དུ་འཕྲད་པའི་འགལ་འདུ་སྣ་ཚོགས་ལ་དབྱེ་ཞིབ་ཀྱིས་དཀའ་གནད་སེལ་འགྲོལ་ཐུབ་པའི་རྣམ་དཔྱོད་མི་ལྡན་ན། རིག་པ་གྲུབ་པའི་ཕྱི་ཡུལ་གྱི་རྐྱེན་ཇི་ལྟར་ལེགས་ཀྱང་དོན་ལ་ཕན་འདྲོང་ཆེ་བ་མི་ཡོང་།
ལོ་ཙཱ་ནི་སྐད་གཉིས་བརྗེ་སྒྱུར་གྱི་ལམ་ནས་ཆ་འཕྲིན་གཏོང་ལེན་གྱི་བྱེད་སྒོ་ཞིག་ཡིན་ཞིང་། བྱ་བའི་རྐང་འཛིན་མཁན་ནི་ལོ་ཙཱ་བ་ཡིན། ལོ་ཙཱ་བ་ནི་རྩོམ་པ་པོ་དང་ཀློག་པ་པོའི་དབར་སྨྱན་ཁ་སྦྱོར་མཁན་ལྟ་བུ་ཞིག་ཡིན་ཏེ། ལོ་ཙཱ་བའི་བྱེད་ལས་ལ་བརྟེན་ནས་ཕྱོགས་གཉིས་པོའི་དབར་བསམ་དོན་བརྡ་སྤྲོད་ཐུབ་པ་ཡོང་གི་ཡོད། སྐད་གཉིས་ཕབ་སྒྱུར་ལེགས་ཉེས་ཅི་བྱུང་གི་འགག་རྩ་ནི་ལོ་ཙཱ་བར་ཐུག་པ་ཡིན་མོད་ཀྱང་། ད་ཕན་ལོ་ཙཱ་བྱ་བའི་རྨང་གཞིར་གྱུར་བའི་ལོ་ཙཱ་བའི་རིག་སྟོབས་ཀྱི་ཆ་རྐྱེན་སྐོར་ལ་ཞིབ་འཇུག་བྱེད་པ་ཉུང་བ་དང་། ལོ་ཙཱའི་ངོ་བོ་དང་ཁྱད་ཆོས་བགྲོ་གླེང་བྱེད་སྐབས་ལོ་ཙཱ་བའི་རིག་སྟོབས་ཀྱི་ནུས་པ་གཙིགས་ཆེར་བཟུང་ནས་དཔྱད་བརྗོད་བྱེད་པ་ཉུང་བར་བརྟེན། འདིར་ལོ་ཙཱ་བྱ་བའི་ཡུལ་ཅན་གྱི་ཆ་རྐྱེན་སྐོར་ཆེ་ལོང་ཙམ་དྲན་རྟོག་གང་འཆར་དུ་གླེང་བར་བྱ།
ལོ་ཙཱ་བའི་རྨང་གཞིའི་ཆ་རྐྱེནབཤད་པའི་རིག་པ་བྱེ་བྲག་པ་དེར་གཙོ་བོའི་ནང་དོན་གང་དང་ཅི་ཡོད་ཅེ་ན། དེ་ལ་ལོ་ཙཱ་བའི་སྐད་རིགས་གཉིས་ཀྱི་བྱང་ཚད་གཙོ་བོར་བྱས་པའི་རིག་ཚན་སྣ་ཚོགས་ཀྱི་ཤེས་བྱ་དང་། ལོ་ཙཱའི་བྱ་བར་གཟབ་གཟེངས་ཁུར་ལེན་གྱི་རྣམ་འགྱུར། རྣམ་པར་རྟོག་བྱེད་ཀྱི་རིགས་པའི་ཤེས་པ་བཅས་དེ་གསུམ་འདུས་ཡོད། རྨང་གཞིའི་རིག་པ་དེའི་བྱེད་རྐྱེན་ལས་རིག་པ་བྱེ་བྲག་པ་གཞན་གཉིས་པོའི་ཁྱད་ནུས་མངོན་པར་ཐོན་ཐུབ། ལོ་ཙཱ་རིག་པ་ནི་ཕྱི་ཡུལ་དང་རང་སྣང་ཡུལ་ཅན་གཉིས་ཀྱི་ཆོས་ལས་གྲུབ་པ་ཡིན་ཙ་ན། རང་ཡུལ་ཅི་རིགས་དང་ལྡན་པའི་དངོས་པོ་སྟེ་ལོ་ཙཱ་བ་ཉིད་ཀྱི་རིག་སྟོབས་དང་རྣམ་དཔྱོད་ཀྱི་རྩལ་དེ་ལྷག་པར་དུ་གལ་ཚེབ་ཡིན། དེའི་སྐོར་ནང་ཚན་གསུམ་དུ་ཕྱེ་ནས་རེ་རེ་བཞིན་བཀྲོལ་བར་བྱ་སྟེ།
དང་པོ། སྐད་གཉིས་ཤེས་བྱའི་བསླབས་སྦྱངས་བཤད་པ།
ལོ་ཆེན་གྲགས་ཅན་ཧྥུ་ལེ་ཧན་ནོ་ཧྥོས(普列汉诺夫)གསུངས་པར། “ཁྱེད་ལོ་ཙཱ་བྱེད་པར་འདོད་ན་དེ་ནི་མཆོག་ཏུ་གྱུར་བའི་ལས་རིགས་ཤིག་ཡིན། ལོ་ཙཱ་བྱེད་པར་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་བྱང་གོམས་ཆེན་པོ་དགོས་པ་དང་། དེ་ནས་བསྒྱུར་བྱའི་མ་ཡིག་དང་འབྲེལ་བའི་དངོས་དོན་རྒྱུས་མངའ་ཞིབ་ཚགས་དགོས། གལ་ཏེ་ཆ་རྐྱེན་དེ་དག་མ་འཛོམས་ན་ལོ་ཙཱ་གནད་འཕྲོད་ཡོང་མི་ཐུབ་པ་དང་། ཀློག་པ་པོ་མུན་སྤྲུལ་དུ་བསྲེས་པའི་ལམ་དུ་འཁྲིད་ཉེན་ཡོད་པས་ན་དེ་ལས་ལོ་ཙཱ་བ་བྱས་ན་དགའ”①ཞེས་གསུངས། རང་རྒྱལ་གྱི་མཁས་དབང་མེའོ་ཏུན(茅盾)གྱིས་རྒྱལ་ཡོངས་རྩོམ་རིག་ལོ་ཙཱའི་གྲོས་ཚོགས་ཐོག་གཏམ་བཤད་གནང་བར། “སྐད་རིགས་གཉིས་ལ་བྱང་གོམས་ཆེན་པོ་དགོས་པ་ནི་ལོ་ཙཱའི་ལས་ལ་འཇུག་པའི་དམའ་མཐའི་ཆ་རྐྱེན་ཡིན། རྩོམ་རིག་བརྩམས་ཆོས་སྒྱུར་མཁན་ཞིག་གི་ངོས་ནས་བཤད་ན། སྐད་གཉིས་ལ་སྦྱངས་པ་མཐར་སོན་པ་དགོས་རྒྱུ་སྨོས་མེད་ཐོག་ད་དུང་རྩོམ་རིག་གི་ཤེས་བྱ་གང་ཟབ་རྟོགས་པ་དང་། འཚོ་བའི་མྱོང་འདྲིས་ཆེན་པོ་བྱུང་ཕྱིན་སྒྱུ་རྩལ་གསར་གཏོད་ལྡན་པའི་བསྒྱུར་ཆོས་ཤིག་སྒྲུབ་ཐུབ”②ཅེས་གསུངས། གོང་གསལ་མཁས་པའི་གསུང་གི་གོ་དོན་སྙིང་པོ་ནི་ལོ་ཙཱའི་ལས་སྒོར་འཇུག་པའི་ཐོག་མར་སྐད་གཉིས་བསླབས་སྦྱངས་མཐར་ཕྱིན་པ་དགོས་རྒྱུ་ནན་བཤད་གནང་ཡོད། སྐད་རིགས་གཉིས་ཀྱི་སྦྱངས་པ་མཐར་སོན་པ་དགོས་པའི་གནད་དོན་ཐད་ལ་ཉམས་མྱོང་གིས་ཕྱུག་པའི་ལོ་ཆེན་ཕུང་སྒྲོ་ཨུས(彭卓吾)རང་གི་དགོངས་ཚུལ་གསུངས་པར། “ལོ་ཙཱ་བའི་སྐད་རིགས་གཉིས་ཀའི་བྱང་ཚད་མཐོན་པོ་ཆ་མཚུངས་པ་བྱུང་ན་རབ་ཡིན་མོད་ཀྱང་མངོན་སུམ་དོན་ལ་འཁྱོལ་བར་ལས་སླ་མོ་ཡིན། ཁོ་བོའི་གོམས་བྱང་གི་རྒྱུས་མངའི་ཐོག་ནས་བཤད་ན། སྤྱིར་བཏང་བསྒྱུར་བའི་སྐད་རིགས་ཀྱི་བྱང་ཚད་ལས་སྒྱུར་བྱེད་སྐད་རིགས་ཡི་བྱང་ཚད་ངེས་པར་དུ་མཐོ་བ་ཡོད་དགོས། ཅིའི་ཕྱིར་ཞེ་ན། ཡིག་སྒྱུར་བྱ་བའི་བརྒྱུད་རིམ་དུ་སྔོན་ལ་མ་ཡིག་གི་བསྟན་དོན་གསལ་རྟོགས་བྱེད་དགོས་པ་དང་དེ་ནས་བསྟན་དོན་ཇི་བཞིན་སྐད་རིགས་གཞན་ཞིག་ཏུ་ཕབ་སྒྱུར་བྱེད་དགོས་པ་ཡིན་ཙ་ན། ལོ་ཙཱ་བས་མ་ཡིག་གི་བསྟན་དོན་གསལ་རྟོགས་བྱེད་པའི་རིང་དུ་སྔོན་ལ་རང་གི་བསམ་བྱུང་གི་རྟོགས་པས་དོན་གྱི་གོ་བ་རྙེད་ཐབས་བྱེད་དགོས་པ་གླེང་མེད་དང་། དེ་ནས་བརྗོད་དོན་གོ་དཀའ་བ་རྣམས་ཚིག་མཛོད་ལ་སོགས་པའི་དཔྱད་ཡིག་ཁག་ལ་བརྟེན་པ་དང་། མཁས་པ་རྣམས་ལ་བཀའ་འདྲི་ཞུ་བ་སོགས་ཐབས་ཤེས་སྣ་ཚོགས་སྤྱད་ནས་གོ་དོན་གསལ་རྟོགས་ཐུབ་པ་བྱ་རྒྱུ་ཡིན། ཇི་བཞིན་ཕབ་བསྒྱུར་བྱེད་པའི་ཚེན་ལོ་ཙཱ་བ་རང་གི་ཁུངས་བསྒྲིགས་དག་བྱང་བྱེད་དགོས་པ་ལས་གཞན་ལ་སྙེས་ཐབས་མེད་པ་དང་། གཞན་གྱིས་ཚབ་བྱེད་པས་ནི་དེ་བས་འོས་འགབ་མེད། དེ་ལྟའི་མཚམས་སུ་ལོ་ཙཱ་བ་རང་གི་སྐད་ཡིག་ཤེས་ཚད་རྣམ་དཔྱོད་ཀྱི་རྩལ་ལ་རག་ལུས་པ་ཡིན”③ཞེས་སོ། ། སྒྱུར་བྱེད་སྐད་ཡིག་བྱང་གོམས་ཆེན་པོ་ཡོད་ན་བརྗོད་པའི་གཞིར་གྱུར་བའི་མིང་དང་ཚིག་དང་ཐ་སྙད་བཅས་པར་ཐོགས་པ་མེད་པ་དང་། ཚིག་སྦྱོར་ངག་གི་ཕྲེང་བ་བསྟར་དུ་བརྒྱུས་པའི་བརྗོད་པ་གོ་བདེ་ཞིང་མཉན་སྤྲོ་བ་ཡོང་རྒྱུ་གདོན་མི་ཟ། གལ་ཏེ་སྒྱུར་བྱེད་སྐད་ཡིག་གི་ཤེས་ཚད་དམན་ན་བསམ་པ་དོན་ལ་མི་འཁྱོལ་བ་སྟེ། མ་ཡིག་གི་གོ་དོན་བརྡ་འགྱུར་གནད་འཕྲོད་མི་ཐུབ། འུ་ཐུག་ཐབས་ཟད་ཀྱི་མཚམས་སུ་ཤན་སྦྱར་ཚིག་མཛོད་དུ་གསལ་བའི་བསྒྱུར་ཚིག་ཐད་ཀ་ཐོད་གཏུག་ཏུ་སྦྱར་ནས་བསྒྲིགས་པ་དཔེར་ན། རྒྱ་སྐད་ཀྱི“科学发展观”ཞེས་པ་བོད་ཡིག་ཏུ“ཚན་རིག་འཕེལ་རྒྱས་ལྟ་བ”ཞེས་སུ་བསྒྱུར་པས་བརྗོད་པ་ཧྲིལ་པོའི་གོ་དོན་མི་གསལ་བའམ་བསྒྱུར་མུན་སྤྲུལ་དུ་སོང་བ་དེ་ལྟ་བུའི་དཔེ་མང་པོ་བགྲང་རྒྱུ་ཡོད།
ལོ་ཙཱ་བའི་བསྒྱུར་ཡིག་གི་སྤུས་ཚད་ལེགས་ཉེས་གང་བྱུང་དང་། ལོ་ཙཱ་བ་རང་ཉིད་ཀྱི་ཡིག་སྒྱུར་ཆེད་ལས་ཡར་རྒྱས་ཆེ་ཆུང་གང་ཡོང་ནི་མཐར་གཏུགས་ནས་བཤད་ན་སྒྱུར་བྱེད་སྐད་ཡིག་བསླབས་སྦྱངས་ཟབ་ལོས་ལ་རག་ཆེན་པོ་ལུས་པ་ཡིན་ཞིང་། བཞེད་ཚུལ་དེ་ནི་རྒྱལ་ཁབ་ཕྱི་ནང་གི་ལོ་ཆེན་ཉམས་མྱོང་ཅན་ཚང་མའི་ཞལ་ཁ་གཅིག་མཐུན་ཡིན། དཔེར་ན། དེང་རབས་ཀྱི་ལོ་ཙཱའི་རིག་པ་སྨྲ་བ་ཅན་ཡིའུ་ཅིན་.ནེ་ཏེའི(Eugene Nida)བརྩམས་ཆོས《ལོ་ཙཱའི་དོན་ལ་ཚན་རིག་གི་དབྱེ་ཞིབ་བྱས་སྐོར》ཅེས་པའི་ནང་དུ་ཡང་“སྒྱུར་བྱེད་སྐད་ཡིག་གི་བྱང་ཚད་མཐོན་པོ་དགོས་པ་ནི་དེ་བས་གལ་ཆེ་བ་ཡིན། བསྒྱུར་བའི་མ་ཡིག་གི་ཆེད་ལས་བརྡ་ཆད་འགའ་ཡི་ཚིག་དོན་མ་རྟོགས་པ་རྣམས་ཚན་རྩལ་བརྡ་ཆད་གསལ་བཀྲོལ་གྱི་ཆེད་རྩོམ་དང་། ཚན་རིག་ཚིག་མཛོད་སོགས་ལ་བརྟེན་ནས་དཀའ་གནད་སེལ་ཐུབ། བསྟན་དོན་ཕབ་སྒྱུར་བྱེད་པའི་བུ་ཡིག་གི་བརྡ་དོན་སྤྲོད་ལུགས་ནི་སྒྱུར་བ་པོ་རང་གི་རྟོགས་ཤེས་ལ་རག་ལུས་པ་ལས་གཞན་གྱི་ཚབ་བྱེད་ཐབས་མེད། ད་ཕན་བསྒྱུར་ལ་ལྷག་པའི་ནོར་འཁྲུལ་མང་ཆེ་བའི་རྐྱེན་ནི་སྒྱུར་བ་པོའི་སྒྱུར་བྱེད་སྐད་ཡིག་གི་ཤེས་ཚད་དམན་པས་བྱས་པ་ཤ་སྟག་རེད”④ཅེས་བཤད་འདུག རང་རྒྱལ་གྱི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཤའོ་ཆན(肖乾)ཞུ་བས“ངའི་བསམ་པར་ཕྱི་སྐད་ནང་སྒྱུར་བྱེད་སྐབས་རང་སྐད་ཀྱི་བརྡ་དོན་སྤྲོད་ལུགས་ལ་དོ་སྣང་ཆེན་པོ་བྱེད་དགོས་ཤིང་། མ་ཡིག་གི་བསྟན་དོན་གསལ་རྟོགས་བྱེད་པ་དང་བུ་ཡིག་ཏུ་ཇི་བཞིན་ཕབ་སྒྱུར་བྱེད་པའི་ལམ་རིམ་དེ་བརྒྱ་ཆར་སྐོར་ན། བསྟན་དོན་གསལ་རྟོགས་བྱ་རྒྱུ་དེ་བརྒྱ་ཆ་བཞི་བཅུ་དང་། ཇི་བཞིན་ཕབ་སྒྱུར་བྱ་རྒྱུ་དེ་བརྒྱ་ཆ་དྲུག་ཅུ་ཟིན་དགོས་པ་འདུག ཐ་སྙད་གསར་པ་གང་ཞིག་གིས་གོ་དོན་ངེས་ཤེས་བྱུང་རྗེས་དེ་བརྡ་འགྱུར་འོས་ཤིང་འཚམ་པ་སྟེ་རང་གི་སྐད་ལུགས་ཡིག་སྲོལ་ལ་བརྟེན་ནས་རྗེས་གྲུབ་ཀྱི་བརྡ་སྦྱར་བའི་མིང་ཞིག་འདོགས་དགོས་པ་ཡིན་གཤིས། གཟུང་བ་ཡུལ་དུ་གྱུར་བའི་དངོས་པོ་གང་ཞིག་མཆིས་པ་དེ་འཛིན་པ་བློས་མངོན་སུམ་མམ་རྗེས་དཔག་གི་ཚད་མས་ཡོངས་སུ་གཞལ་ནས་དངོས་པོའི་མཚན་ཉིད་དང་མཚན་གཞི་ཚང་བའི་རང་བཞིན་གཏན་ལ་འབེབས་པར་ལས་སླ་པོ་ཞིག་མེད”⑤ཅེས་གསུངས་འདུག
གོང་གསལ་མཁས་པ་ཚོས་གསུངས་པའི་མདོ་དོན་ནི། ལོ་ཙཱ་བས་བརྩམས་ཆོས་གང་ཞིག་བསྒྱུར་བའི་མཐའ་འབྲས་དེ་སྒྱུར་བྱེད་བུ་ཡིག་ནས་མཚོན་ཞིང་། ཀློག་པ་པོའི་འདྲེན་བྱེད་ཡུལ་དུ་གྱུར་བ་ནི་བསྒྱུར་པའི་བརྗོད་བྱ་དེ་ཡིན་པས་ན། སྒྱུར་བྱེད་བུ་ཡིག་གི་སྐད་ལུགས་ཡིག་སྲོལ་དང་མི་འགལ་ཞིང་། བུ་ཡིག་གི་བརྡ་སྤྲོད་རིགས་ལམ་དང་མཐུན་པའི་ཚིག་སྦྱོར་བརྗོད་པ་འདྲེན་སྟངས་ལ་དང་དོད་བྱེད་དགོས་པ་གལ་ཆེ། འདིར་སླར་ཡང་གལ་དོན་ནན་བཤད་དགོས་པ་ནི། སྐད་གཉིས་ཕབ་སྒྱུར་བྱེད་སྐབས་མ་ཡིག་གི་བརྗོད་པའི་ཚིག་འགྲོས་སུ་སྙེགས་ནས་སྐད་དོད་སྦྱར་བའི་སྟབས་བདེ་སླ་བཅོས་ཀྱི་སྒྱུར་ཚུལ་ཐ་ཤལ་བ་དེས་བརྗོད་བྱའི་གོ་དོན་འཁྲུགས་རྐྱེན་བཟོ་བ་དང་སྒྱུར་བྱེད་བུ་ཡིག་གི་བརྡ་སྤྲོད་རིགས་ལམ་རྙོགས་པའི་སྐྱོན་དུ་གྱུར་བས་ཀུན་གྱིས་སྤོང་དགོས་པ་ཤིན་ཏུ་གལ་ཆེ།
“ལོ་ཙཱའི་ལས་འགན་ནི་ཕན་ཚུན་འབྲེལ་གཏུགས་མཚམས་སྦྱོར་དང་བསམ་དོན་བརྗེ་སྒྱུར་བརྡ་སྤྲོད་བ་རྒྱུ་ཡིན་ཞིང་། སྐད་ཡིག་ནི་ཕན་ཚུན་བསམ་དོན་བརྡ་སྤྲོད་བྱེད་པའི་ཆ་རྐྱེན་མེད་དུ་མི་རུང་བ་དེ་ཡིན། བརྡ་བསྒྱུར་གནད་འཕྲོད་ཐུབ་པ་དགོས་ན་སྐད་གཉིས་ཀྱི་བྱང་ཚད་མཐོན་པོ་ཡོད་དགོས་པ་ཕུད། གཙོ་འདོན་རིག་པ་དང་བྱེ་བྲག་རིག་ཚན་ཀུན་གྱི་ཤེས་བྱ་ཡང་ལྡན་དགོས་པ་ཡིན”ཞེས་ཟེར་བའི་གཙོ་འདོན་རིག་པ་ཞེས་པ་ནི་ལོ་ཙཱའི་ལག་ལེན་བྱ་བའི་འཇུག་ངོགས་དང་རིག་ལམ་དཔྱོད་ལུགས་ཀྱི་རིག་པའི་གནས་ལ་སྦྱངས་གོམས་ཆེ་བ་དགོས་པ་དེ་ཡིན། བྱེ་བྲག་རིག་ཚན་སྣ་ཚོགས་ཞེས་པ་ནི་མདོར་བསྡུས་ན་ལོ་ཙཱ་བའི་ལྟ་རྒྱ་དང་ཐོས་རྒྱ་གང་ཆེ་དགོས་པར་བཤད། ལོ་ཙཱ་བ་ནི་མཐོང་ཐོས་དྲན་རེག་ཆེ་བའི“ཆབ་ཆོབ་གསུམ”(杂家)ཡིན་ཞེས་ཤོད་པ་ནི་རྒྱུ་མཚན་མེད་པ་མིན། ལོ་ཙཱ་བ་གང་ཞིག་གིས་ནམ་ཞག་འཁོར་བའི་རྒྱུན་དུ་རིག་ཚན་སྣ་ཚོགས་དང་འབྲེལ་བའི་ཤེས་བྱ་ཀུན་ལ་དོ་སྣང་སེམས་བཞག་བྱས་ཏེ། ཡུལ་ལུང་སོ་སོའི་ས་བབ་དང་ལོ་རྒྱུས། སྲིད་འབྱོར་རིག་གསུམ་གྱི་འགྱུར་བའི་གནས་བབ། ཡུལ་གོམས་གཤིས་ལུགས་མི་འདྲ་བའི་ཁྱད་པར། གསར་ཐོན་ཚན་རྩལ་རིག་པའི་རྒྱུན་ཤེས་སོགས་ཀྱི་ཤེས་བྱའི་རྟོགས་པ་ཕུན་སུམ་གང་ཚོགས་བྱུང་ན་ཕབ་སྒྱུར་བྱེད་སྒོར་བློ་འབྱེད་དྲན་རྟོག་གི་ཕན་ནུས་ཐོན་ཐུབ། གང་ཞིག་སྐད་གཉིས་བརྡ་ལ་སྦྱངས་པ་ཆེ་བ་དེ་ཙམ་གྱིས་སྒྱུར་མཁན་པོའི་འགན་ནུས་ཡོངས་སུ་ཐོན་པ་ངེས་པ་མེད་དེ། བསྒྱུར་བྱའི་དོན་དང་འབྲེལ་བའི་བྱེ་བྲག་གི་རིག་པའི་གནས་ཀུན་ལ་མངའ་བརྙེས་པ་མ་བྱུང་ན་བསྟན་དོན་ཕབ་སྒྱུར་གནད་འཕྲོད་ཐུབ་དཀའ་བའི་ཕྱིར། ཇི་སྐད་དུ། ཆོས་རྗེ་ས་པཎ་གྱིས། “མཁས་གང་ཤེས་བྱའི་དེ་ཁོ་ན། ཇི་བཞིན་རྟོགས་པ་ཡིན་པར་འདོད། བྱེ་བྲག་སྦྱངས་པའི་དོན་ཤེས་ན། དེ་ཡང་དེ་ལ་མཁས་པ་ཡིན”ཞེས་གསུངས་པ་ལྟར་རོ། །
འཛམ་གླིང་ཁྱོན་གྱི་མི་རིགས་སོ་སོར་རྒྱུན་སྲོལ་རིག་གནས་ཐུན་མོང་མིན་པ་རེ་དང་འབྲེལ་བའི་རང་རང་གི་སྐད་ལུགས་ཡིག་སྲོལ་རེ་ཡོད་པ་ཡིན། ཨ་རིའི་དེང་རབས་ཀྱི་བརྡ་སྤྲོད་རིག་པ་མཁས་ཅན་ས་པིར(Edwerd Sa-pir)གྱིས“མི་རིགས་སོ་སོའི་སྐད་ཡིག་ནི་མི་རིགས་དེ་གའི་རིག་གནས་དང་ཁ་བྲལ་ཐབས་མེད། རང་གི་རིག་གནས་དང་བྲལ་བའི་སྐད་ཡིག་རྐྱང་པ་ཞིག་ཡོང་མི་སྲིད། གང་ལགས་ཤེ་ན། རང་སོ་སོའི་འཚོ་སྡོད་ཀྱི་ཡུལ་དུ་སྔོན་སྤྱོད་བག་ཆགས་ཀྱིས་གོམས་པའི་གཤིས་སྤྱོད་དང་། དད་མོས་ཞེན་འཛིན། རྒྱུ་དུས་གཉིས་ཀྱི་ཀུན་སློང་སོགས་ལས་གྲུབ་པའི་རྒྱུན་སྲོལ་རིག་གནས་དེ་རྣམས་མཚོན་པར་བྱེད་པའི་བརྡ་དོན་སྤྲོད་ལུགས་དམིགས་བསལ་ཅན་རེ་ཡོད་ངེས་པ་ཡིན། སྐད་ཡིག་དང་རིག་གནས་ཀྱི་འབྲེལ་བ་ནི་གང་ཟག་གི་ལུས་ཕུང་དང་སྲོག་རྟེན་གྱི་སྙིང་ལྟ་བུ་ཡིན། སྙིང་ནི་སྲོག་རྟེན་གྱི་དབང་པོའི་རྩ་བ་དང་ལུས་ཀྱི་དོན་དྭངས་མའི་རྟེན་ཡིན་མོད་ཀྱང་། ཁོག་ནང་གི་དོན་ལྔ་སྣོད་དྲུག་ཐུན་མོང་གི་བྱེད་ལས་དང་འབྲེལ་བའི་ནུས་པར་མ་བརྟེན་ན་གང་ལྟར་སྲོག་འཚོ་མི་ཐུབ་པ་ལྟར་རོ”⑥ཞེས་བཤད་འདུག
སྐད་དང་རིག་གནས་ཀྱི་འབྲེལ་བའི་རྣམ་པ་གཅོད་པའི་སྐོར་ལ་བཤད་ལུགས་མི་འདྲ་བ་སྟེ། ཅེག་སེ་ལོ་ཝ་ཁེའི་མཁས་དབང་སལ་ཚེ་མན(ZdenekSalzmenn)གྱིས“རིག་གནས་དེ་སྐད་ཡིག་རིག་གནས་དང་སྐད་ཡིག་ལས་འདས་པའི་རིག་གནས་ཞེས་རིགས་ཆེ་བ་གཉིས་སུ་དབྱེ་ཞིང་། སྐད་ཡིག་ལས་འདས་པའི་རིག་གནས་དེའི་ནང་གསེས་རྣམ་པ་གསུམ་ཡོད་པ་སྟེ། བསམ་བློའི་རིག་གནས་དང་། བྱ་སྤྱོད་ཀྱི་རིག་གནས། དངོས་པོའི་རིག་གནས་བཅས་སོ”⑦ཞེས་བཤད་འདུག འདོད་ཚུལ་དེ་དང་མི་འདྲ་བ་ནི་ཨ་རིའི་ཡིའུ་ཅིན་.ནེ་ཏ(Eugene Nida)ཡིས་སྔ་དུས་སྤྱི་ལོ་1954ལོར་རིག་གནས་དེ་རིགས་ཆེ་བ་ལྔ་རུ་དབྱེ་བའི་འདོད་ཚུལ་བསྟན་པ་སྟེ། སྐད་ཡིག་རིག་གནས་དང་། འབྱུང་བ་འཕྲོད་སྙོམས་ཀྱི་རིག་གནས། དངོས་པོའི་རིག་གནས། སྤྱི་ཚོགས་རིག་གནས། ཆོས་ལུགས་རིག་གནས་བཅས་ཡིན། དུས་རབས་ཕྱེད་ཀ་ཙམ་གྱི་ཡུན་དུ་གོང་གསལ་རིག་གནས་ཀྱི་འབྲེལ་བའི་རྣམ་པ་གཅོད་ཐབས་དེ་ལ་བརྟེན་ནས་ལོ་ཙཱའི་ལས་སྒོར་བློ་ཁ་འབྱེད་པར་ཕན་ཐོགས་བྱུང་ཡོད། ཕྱིས་སུ་ལོ་ཆེན་མང་པོས་རང་གི་མངོན་སུམ་མྱོང་ཐོག་ནས་བསྒྱུར་དཔེ་མང་པོ་དྲངས་ཏེ་གསལ་བཤད་གནང་བར། “སྒྱུར་བྱ་སྒྱུར་བྱེད་དང་འབྲེལ་བའི་མི་རིགས་སོ་སོའི་དངོས་པོའི་རིག་གནས་དང་། ཡུལ་སྲོལ་རིག་གནས་ཀྱི་ཁྱད་པར་ལ་ཉམས་རྟོགས་དམན་པའི་སྟབས་ཀྱིས་བསྒྱུར་ལ་ནོར་འཁྲུར་འདི་འདྲ་དང་དེ་འདྲ་ལྷག་པའི་དཔེ་མང་པོ་ཡོད། དཔེར་ན། འཛམ་གླིང་ཤར་ཕྱོགས་ཀྱི་ཡུལ་ལུང་མང་པོ་ཞིག་ལ་བྱ་སྐྱ་གའི་གྲོག་སྐད་ཅེས་སྔོན་ལྟས་བཟང་པོར་ངོས་འཛིན་བྱེད་པ་དང་། ནུབ་ཕྱོགས་སེ་ལ་ཝ་ཡ་མི་རིགས་གནས་ཡུལ་དུ་བྱ་སྐྱ་གའི་སྐད་དེ་‘མི་ཁ་བདེ་པོ’དང་‘རྐུན་པོའི'དཔེ་རུ་སྦྱར་བ་ཡིན་འདུག” དེ་ལྟ་བུའི་ཡུལ་སྲོལ་རིག་གནས་ཀྱི་མཚོན་དོན་མི་གཅིག་པ་ནི་རང་རེའི་རྒྱ་བོད་མི་རིགས་དབར་ལ་ཡང་མང་པོ་ཡོད་པ་ཆེད་རྩོམ་གཞན་དུ་ཞིབ་གསལ་བཤད་ཚར་བས་འདིར་བསྐྱར་ཟློས་མི་དགོས་པར་བཟོད།
མི་རིགས་སོ་སོའི་རིག་གནས་ཀྱི་མཚོན་དོན་ཕན་ཚུན་བརྡ་སྒྱུར་བྱེད་པའི་གནས་སྐབས་སུ་སྐད་རིགས་སོ་སོའི་རིག་གནས་ཀྱི་མཚོན་དོན་མི་གཅིག་པའི་ཁྱད་པར་ལས་སྒྱུར་མི་བདེ་བའི་བྱ་དཀའ་བྱེད་གཏད་ཡོང་སྲིད་མོད་ཀྱང་། སྒྱུར་བྱེད་བུ་ཡིག་ཀློག་པ་པོས་གོ་དོན་རྟོགས་སླ་བ་ཁོ་ནར་བསམ་ནས་རང་སྐད་ལ་གོམས་པའི་ཤོད་སྲོལ་དུ་བསྒྱུར་བ་དང་། རང་སྐད་ལ་ཤོད་སྲོལ་མེད་པ་དང་གོ་བདེ་མིན་ལ་ཁ་གཡར་ནས་གཞན་མི་རིགས་ཀྱི་རིག་གནས་ཀྱི་མཚོན་དོན་དེ་རང་མི་རིགས་ཅན་དུ་བསྒྱུར་རྐྱང་བྱས་ནས་ལོ་ཙཱའི་གཞུང་ལུགས་ཀྱི་དགོངས་པ་དང་འགལ་བས་མི་རིགས་པར་སྙམ།
གཉིས་པ། གཟབ་གཟེངས་ཁུར་ལེན་གྱི་རྣམ་འགྱུར་བཤད་པ།
ལོ་ཙཱ་བའི་སྐད་གཉིས་ཀྱི་ཤེས་བྱའི་བྱང་ཚད་མཐོན་པོ་དགོས་པས་མི་ཚད་བྱ་བའི་འཇུག་སྒོར་གཟབ་ནན་ཏན་ཏིག་དང་ཧུར་སྐྱེད་ཁུར་ལེན་གྱི་རྣམ་འགྱུར་ལྡན་དགོས་པ་དེ་ཡང་ཤིན་ཏུ་གལ་ཆེ་བ་ཡིན། གནད་དོན་དེ་གཉིས་ཀྱི་གཅིག་ནི་ཤེས་བྱའི་བྱང་ཚད་སྐོར་དང་ཅིག་ཤོས་ནི་བསམ་བློའི་ངོས་འཛིན་སྐོར་དེ་ཡིན། བསྒྱུར་གྱི་སྤུས་ཚད་ལ་འགན་ལེན་ཐུབ་པ་དགོས་ན་ཕྱོགས་གཉིས་ཀར་དམ་འཛིན་བྱེད་དགོས། རྒྱུན་གཏན་ཡིག་སྒྱུར་བྱེད་སྒོའི་ནང་སྐབས་འགར་བསྒྱུར་ཆད་པ་དང་ལྷག་པ། ཐ་ན་བསྒྱུར་ལོག་པ་བཅས་ཀྱི་གནས་ཚུལ་ཡོང་བའི་རྒྱུ་མཚན་ནི་སྒྱུར་མཁན་གྱི་སྐད་ཡིག་བྱང་ཚད་དམའ་བ་གཅིག་བུ་མ་ཡིན་པར། སྒྱུར་མཁན་པོའི་ཁུར་སེམས་གཞན་རྐྱེན་ལས་བྱུང་བའི་སྣང་ཚུལ་ཧོལ་རྒྱུག་སོང་རིགས་ཀྱང་ཡོད།
འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་དར་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ལོ་ཙཱ་བ་ཚོས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་དགོས་མཁོ་དང་མཐུན་པའི་འགན་བབ་ཁུར་དུ་བླངས་པ་དང་། ལོ་ཙཱའི་བྱ་གཞག་དེ་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་། སྤྱི་ཚོགས་ཡར་ཐོན། འཛམ་གླིང་སྐྱེ་བོ་ཀུན་གྱི་བདེ་སྡུག་ལས་སྐལ་བཅས་དང་དམ་དུ་འབྲེལ་ནས་ཡོད། རིག་གནས་ནོམ་བུའི་ཟོང་མང་ལེགས་པར་དྲངས་ཏེ་ཤེས་རིག་དཔལ་གྱིས་ཕྱུག་པར་མཛད་པོ་སྐད་གཉིས་སྨྲ་བའི་དྲན་དབང་ཚོར་འཇིག་རྟེན་མིག་ཅེས་མཚན་དུ་གསོལ་བར་དགོས་པ་ངེས་ཅན་ལྡན་ཡོད་པ་སྟེ། དཔེར་ན། སྔོན་མ་ཐང་སན་བླ་མ་ནུབ་ཕྱོགས་འཕྱགས་པའི་ཡུལ་ནས་རྒྱ་ནག་ཏུ་ལོག་ཕེབས་རྗེས་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་། ཚིག་ཐམས་ཅད་དང་། གཟུགས་ནས་རྣམ་མཁྱེན་བར་གྱི་ཤེས་བྱའི་ཆོས་ཐམས་ཅད་འདུས་པའི་སྡེ་སྣོད་གསུམ་རྒྱ་ནག་སྐད་དུ་བསྒྱུར་བས་ལོ་སྟོང་ཕྲག་ལྷག་གི་རིང་དུ་རྒྱ་ནག་ཏུ་ཐུབ་པའི་བསྟན་པ་དར་ཞིང་ཤེས་རིག་དཔལ་ཡོན་དར་རྒྱས་ཆེན་པོ་བྱུང་བ་དང་། ཡང་སྔ་དུས་འཇར་མན་གྱི་ཆོས་ལུགས་གསར་བཅོས་ལས་འགུལ་གྱི་གཙོ་བྱེད་པ་མཱ་.ལུ་ཐེ(Martin Luther1483-1546)ཞུ་བ་དེས་སྤྱི་ལོ་1571ཙམ་ཞིག་ཏུ“ཡེ་ཤུའི་ཆོས་ལུགས་བྱེད་སྒོར་འཇར་མན་རང་ཉིད་ཀྱི་སྐད་ཡིག་ཏུ་བསྒྱུར་བ་དེས་རྒྱལ་ཁབ་དེ་གའི་སྐད་ལུགས་ཡིག་སྲོལ་ཚད་ལྡན་དུ་གྱུར་བར་ནུས་པ་ཆེས་ཆེ་ཐོན་ཞིང་། དེ་ནས་རིང་མིན་དུ་འཇར་མན་གྱི་སྐད་ཡིག་གཅིག་གྱུར་ཆེན་པོ་བྱུང་བ་ཡིན། ད་ལྟའི་དུས་སྐབས་སུ་རང་རེའི་རྒྱ་བོད་ཡིག་སྒྱུར་གྱི་གནས་སྐབས་ནས་བསམས་ན་ཡང་། དེང་གི་དུས་སུ་སྤྱི་ཚོགས་ཡར་དར་གྱི་དགོས་མཁོ་དང་འཚམ་པའི་སྲིད་འབྱོར་རིག་གསུམ་དང་ཚན་རྩལ་རིག་པའི་ཐ་སྙད་གསར་པ་ཟམ་མི་ཆད་པར་ཐོན་པ་དེ་རྣམས་རྒྱ་བོད་སྐད་གཉིས་སྨྲ་བ་རྣམས་ཀྱིས་ལོ་རྒྱུས་ཀྱི་འགན་བབ་ཁུར་དུ་བླངས་ཤིང་འབད་པ་ལྷུར་ལེན་གྱིས་ཐ་སྙད་བོད་བསྒྱུར་གནང་སྟེ་བརྗོད་པའི་དོན་དང་མི་འགལ་བའི་ཐོག་རང་སྐད་ཀྱི་བརྡ་སྤྲོད་ལུགས་དང་མཐུན་ཞིང་གོ་བདེ་ངག་ལ་འཇགས་པའི་ཐ་སྙད་གསར་པ་གང་མང་བྱུང་ན་རང་སྐད་ཀྱི་མིང་དང་ཐ་སྙད་ཕུན་སུམ་ཇེ་ཚོགས་སུ་སོང་ཞིང་བོད་སྐད་གཅིག་གྱུར་ཡོང་བ་དང་། བོད་སྐད་ཡིག་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་དུ་འཕེལ་བར་ཕན་རླབས་ཆེས་ཆེ་ཐོན་ཐུབ་ངེས་ཡིན”
“གཟབ་ནན་ཧུར་སྐྱེད”ཞེས་པའི་གོ་དོན་ནི་ལོ་ཙཱ་བའི་འཁྲི་འགན་ཁུར་ལེན་གྱི་བསམ་བློའི་ངོས་འཛིན་དང་གཟབ་ནན་ཏན་ཏིག་གི་ལས་ཀའི་རྣམ་འགྱུར་ལ་ཟེར་བ་ཡིན་ཞིང་། དེ་ནི་བྱ་གཞག་ཐམས་ཅད་ལ་འཇུག་པའི་ལས་རིགས་ཀྱི་ཀུན་སྤྱོད་ཀྱང་ཡིན། ལོ་ཙཱའི་ལས་ཀྱི་འཇུག་སྒོར་ཐོག་མ་བསྟན་བའི་དོན་གྱི་གོ་བ་མ་འཆོལ་བར་གཟབ་ནན་དགོས་པའི་ཐབས་ཤེས་གཙོ་བོ་ནི་རྟོགས་དཔྱོད་ཞིབ་འཇུག་ནན་ཏན་བྱེད་དགོས་པ་དེ་ཡིན། དེའི་སྐོར་སྔ་དུས་སྤྱི་ལོ་1894ལོར་ལོ་ཆེན་མཱ་ཅན་ཀྲུང་(马建忠)གིས་མཛད་པའི《ལོ་ཙཱའི་སློབ་གླིང་འཛུགས་རྩིས་ཀྱི་བསམ་ཚུལ》ཞེས་པའི་གྲགས་ཅན་གྱི་རྩོམ་ཡིག་དེའི་ནང་“བསྒྱུར་བའི་བརྗོད་དོན་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱེད་དགོས་པའི་ཐོག་མར་སྐད་རིགས་གཉིས་པོའི་བར་ཁྱད་ལ་དབྱེ་ཞིབ་དགོས་པ་དང་། ཐ་སྙད་གང་དེའི་མཚོན་དོན་མི་འདྲ་བའི་གོ་བ་ཆོད་དགོས་ཤིང་། མ་ཡིག་གི་མིང་བརྡའི་ཚིག་སྦྱོར་ཚུལ་དང་། བརྗོད་པ་སྒྲུབ་སྟངས། ཚིག་ཉམས་འདོན་བྱེད་རྒྱན་གྱི་འཇུག་ཚུལ་བཅས་པར་ཞིབ་འཇུག་ནན་ཏན་དགོས། ལྷག་པར་དུ་མ་ཡིག་གི་བརྗོད་པའི་གོང་འོག་གི་ཚིག་གྲོགས་དང་བརྗོད་འདོད་ཀྱི་བློ་སོགས་ལ་བརྟེན་ནས་བརྗོད་པའི་གནས་སྐབས་ཀྱི་མཚོན་དོན་ངེས་ཤེས་འདྲོངས་པ་བྱས་ཐོག་གང་དེས་བསྟན་པའི་བདེན་གྲུབ་ཀྱི་ཡུལ་དེ་དང་འཚམས་པའི་སྐད་དོད་སྦྱར་བ་ཡིན་ན་བརྡ་འགྱུར་གནས་ལ་འཕྲོད་པ་ཡོང་བ་ཡིན”⑧ཞེས་གསུངས།
བསྒྱུར་བྱའི་བསྟན་དོན་ཤེས་རྟོགས་བྱ་སྒོའི་ཐད་སྔོན་བྱོན་མཁས་དབང་མང་པོ་ཞིག་གིས་གདམས་ངག་བསྟན་པར། སྐད་རིགས་སོ་སོའི་ཡུལ་དུས་གནས་སྐབས་ཀྱི་དོན་མཚོན་པའི་ཐ་སྙད་དང་། བརྗོད་འདོད་ཀྱི་གནས་སྐབས་ལ་བརྟེན་ནས་སྐབས་དོན་བྱེ་བྲག་གང་ཞིག་བསྟན་པ། བརྗོད་པའི་ཚིག་གིས་དོན་གཞན་ངེས་ཚུལ་སོགས་ལ་ལྷག་པར་དུ་རྟོག་དཔྱོད་གཟབ་ནན་བྱེད་དགོས་པ་ནི་བརྡ་བསྒྱུར་མུན་སྤྲུལ་དུ་མ་སོང་བའི་ཕྱིར་དུ་ཡིན། དཔེར་ན། རང་རེའི་སྙན་ངག་གི་གཞུང་དུ་གསལ་བའི་བསྡུས་བརྗོད་དང་། ཆའི་རྒྱན། རབབཏགས། ཟོལ་བསྟོད་སོགས་རྒྱན་མང་པོ་ཞིག་གི་སྒྲ་དོན་ངེས་ཚུལ་གྱི་ཐབས་ནི་གནས་སྐབས་ལ་བརྟེན་ནས་དོན་གཞན་ངེས་པ་ཡིན་པའི་དཔེ་མཚོན་དུ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི《སྒྲ་དབྱངས་རྒྱ་མཆོའི་འཇུག་ངོགས》ལས།
ཕུན་ཚོགས་འབྲས་བུའི་ཁུར་ལྡན་རབ་མཐོར་འཕྱགས། །
གྲིབ་བསིལ་ཁོར་ཡུག་ཡངས་པའི་ལྗོན་པ་ཆེ། །
རིང་དུ་བཏང་ནས་ཤིང་སྐམ་ཡལ་ག་ལ། །
འགའ་ཞིག་བསིལ་བའི་དངོས་པོ་རེ་བ་མཐོང་། །
སྙན་རྩོམ་འདིའི་ཡིག་ངོས་ཀྱི་དོན་ནི་བོད་ཡིག་བྱང་པ་རྣམས་ཀྱིས་སླ་མོར་གོ་ནུས། དེའི་ཕྱི་དོན་དངོས་ནི། ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་ཅིང་། བཟང་པོ་སྤྱོད་པས་གཞན་ལ་ཕན་བདེའི་འཕྲིན་ལས་རྒྱ་ཆེར་སྤེལ་བའི་སློབ་དཔོན་ཆེན་པོ་བཞག་ནས་རྨོངས་པ་འགའ་རེས་ཡོན་ཏན་མེད་པའི་ཤེས་རློམ་ཅན་ལ་བསྟེན་པར་བྱེད་པའི་དོན་བཤད་པ་ཡིན། དཔང་ལོ་ཙཱ་བས།“དགོངས་པའི་དོན་ཉིད་གཙོ་བོ་ཡིན་གྱི། སྒྲ་ཇི་བཞིན་པའི་དོན་ནི་ཉེ་བར་མཚོན་བྱེད་ཙམ་ཡིན་པས་ལྷུར་བླང་བར་བྱ་བ་མ་ཡིན”ཞེས་གསུངས་པ་ལྟར། རྩོམ་གྱི་སྒྱུ་རྩལ་གྱི་ཐ་སྙད་རྣམས་ལས་གྲུབ་པའི་ནང་དོན་ཐད་ཀར་བ་དེ་སྙིང་པོར་མི་སེམས་པར་དགོངས་དོན་ནམ་ཕྱི་དོན་དེ་ལྷུར་ལེན་བྱ་ཤེས་དགོས་སོ། །
གནའ་དུས་སུ་ལོ་ཆེན་མཁས་གྲུབ་རྣམ་པས་ཐུབ་པའི་བསྟན་བཅོས་སྒྲ་འགྱུར་གྱི་དོན་ལ་གཟབ་ནན་ཧུར་བརྩོན་མཛད་ཚུལ་གྱི་ངོ་མཚར་ཆེ་བའི་དཔེ་མང་པོ་བགྲང་རྒྱུ་ཡོད་པ་དཔེར་ན། རྒྱ་ནག་གི་རྒྱལ་རབས་དྲུག་གི(六朝)དུས་སུ་བྱུང་བའི་ལོ་ཆེན་ཀུ་མ་ར་ཛས(鸠摩罗什)ཆོས་གཞུང་བསྒྱུར་སྐབས་ཡིད་གཟབ་ནན་ཏན་གནང་ཞིང་། བསྒྱུར་བའི་ཆོས་གཞུང་གི་གོ་དོན་གཏིང་ཕྱིན་པ་མ་རྟོགས་པ་དང་། བསྒྱུར་བའི་དཀའ་གནད་འགལ་འདུའི་ཆ་ལ་རྟོག་དཔྱོད་ཞིབ་འཇུག་མཐར་ཐོན་པ་མ་བྱུང་བར་དུ་སྒྱུར་འགོ་འཛུགས་ཀྱི་མེད་ལུགས་ཁོང་གི་མཛད་རྣམ་དུ“一月余,疑难犹豫,尚未操笔。”ཟེར་འཁོད་པ་དེ་ནས་ཁོང་གིས་ལོ་ཙཱའི་བྱ་བར་འཛིན་པའི་གཟབ་ནན་གྱི་རྣམ་འགྱུར་མངོན་སུམ་གསལ་པོར་མཚོན་པ་ཡིན། ཡང་རྒྱ་ནག་གི་སུའེ་རྒྱལ་རབས(隋朝)སུ་བྱུང་བའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཡན་ཙུང་(彦宗)ཞུ་བས་མཁས་པ་གོང་མ་རྣམ་པའི་ལྟ་བའི་རྗེས་སུ་འབྲངས་ནས་ལོ་ཙཱ་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་ཆོས་གཞུང་སྒྲ་འགྱུར་ལོ་ཙཱ་བའི་ཤེས་བྱའི་བྱང་ཚད་དང་བསམ་བློ་ཀུན་སྤྱོད་སོགས་ལ་དམིགས་པའི“ཆ་རྐྱེན་བརྒྱད”⑨(八备)བསྟན་པ་གཤམ་གསལ།
1. 诚心受法,志愿益人,不惮久时。
ཆོས་ལ་སྐྱབས་སུ་བསྟེན་པ་དང་། གཞན་ཕན་མཆོག་ཏུ་བཟུང་བ། དུས་འགོར་ཆེ་ལ་མི་འཛེམས་པ།
2. 将践觉场,先牢戒牢足,不染讥恶。
སྤྱོད་པ་རྣམ་པར་དག་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ། སྨོད་པའི་སྐྱོན་དུ་མི་སྦྱོར་བ།
3.筌晓三藏,义贵两乘,不苦暗滞。
སྡེ་སྣོད་གསུམ་གྱི་ཆོས་དང་། ཐེག་པ་གཉིས་ཀྱི་མཐོང་ལམ། ངེས་དོན་བློ་ལ་གསལ་བ།
4. 旁涉坟史,口缀曲词,不过鲁拙。
མི་མུས་བརྒྱུད་པའི་ལོ་རྒྱུས་དང་། སྙན་བརྗོད་ཚིག་གི་སྡེབ་སྦྱོར། རིགས་ཤེས་ཐོགས་པ་མེད་པ།
5. 襟包平恕,器量虚融,不好专执。
ཞི་དུལ་བློ་དཀྱེལ་ཆེ་བ་དང་། སྙེམས་ཆུང་དོན་ལ་བརྩོན་པ། རང་འདོད་ཐལ་སྐྱོནམེད་པ།
6. 耽于道术,淡于名利,不欲高街。
ཤེས་རབ་རྩལ་གྱིས་ཕྱུག་པ་དང་། ཁེ་དང་གྲགས་པར་མི་ཆགས་པ། ཆེ་བསྟོད་མིང་ལ་མི་ཞེན་པ།
7. 要识梵言,乃闲正译,不坠彼学。
ལེགས་སྦྱར་བརྡ་ལ་མཁས་པ་དང་། འགྱུར་གྱི་ཐབས་ལ་མི་ཐོགས་པ། བརྡ་འགྱུར་དོན་དང་མི་འགལ་བ།
8. 薄阅仓雅,粗谙篆录,不昧此文。
གཞུང་ལུགས་ལྟ་རྒྱ་ཆེ་བ་དང་། ཡིག་རྙིང་བརྡ་ལ་བྱང་བ། ཚིག་དོན་གནས་ལ་འཕྲོད་པ་བཅས་སོ། །
གསུམ་པ། ལོ་ཙཱ་བའི་རྣམ་པར་རྟོག་བྱེད་ཀྱི་རིགས་པའི་ཤེས་པ་བཤད་པ།
ལོ་ཙཱའི་བྱ་བ་ཧྲིལ་པོ་ནི་རྣམ་ཤེས་དབང་པོའི་བྱེད་རྩོལ་གྱི་བརྒྱུད་རིམ་ཞིག་ཡིན། ལོ་ཙཱ་བྱ་བའི་ནང་རྐྱེན་གཙོ་བོ་ནི་ལོ་ཙཱ་བའི་རྣམ་ཤེས་དབང་པོའི་བྱེད་རྩོལ་ལ་ཐུག་པ་ཡིན་ཙ་ན། ལོ་ཙཱའི་རིག་པ་ཞིབ་འཇུག་བྱ་སྒོའི་གལ་དོན་ཞིག་ཡིན་ཞེས་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཚང་མས་གསུངས། འདིར་ལོ་ཙཱ་བས་སྐད་གཉིས་ཕབ་སྒྱུར་བྱེད་པའི་བརྒྱུད་རིམ་དུ་གནས་ལུགས་དཔྱོད་པའི་བསམ་གཞིག་བྱེད་ཚུལ་དང་ལོ་ཙཱ་བ་རང་ཉིད་ཀྱི་དབང་ཤེས་སྐོར་ལ་རགས་ཙམ་གླེང་བར་བྱ་སྟེ།
1.ལུས་ཅན་མི་ཡི་ཤེས་རྟོགས་ཀྱི་དབང་ནུས་བཤད་པར། མི་ཡི་ཤེས་རྟོགས་ཀྱི་ནུས་པ་བསྐྱེད་པར་ངེས་པར་དུ་རྣམ་པར་ཤེས་པའི་རྟེན་འཛོམས་པའི་ཐོག་ཕྱི་ཡུལ་གྱི་ཆ་རྐྱེན་ངེས་ཅན་ལ་བརྟེན་དགོས་པ་ཡིན། ཕྱི་ཡུལ་གྱི་ཆ་རྐྱེན་མི་ལྡན་ན་དབང་པོ་འཛོམས་ཀྱང་ཤེས་རབ་སྐྱེས་མི་ཐུབ། “ཡུལ་དབང་རྣམ་ཤེས་འཕྲད་པའི་རྒྱུ་རྐྱེན་ལས། ང་རྒྱལ་རྨོངས་སོགས་ཟག་པ་སྐྱེ་བ་ནི། དྲོད་གཤེར་དུས་སུ་འཛོམས་པའི་ལྡུམ་རྭ་རུ། སྔོ་ལྗང་དབྱར་སྐྱེས་རྐང་འཐུང་འདབ་འབྲས་བཞིན”ཞེས་གསུངས་པ་ལྟར། ཕྱིས་ཡུལ་གྱི་དངོས་པོ་དང་དབང་པོའི་རྣམ་པར་ཤེས་པ་ཕན་ཚུན་འཕྲད་པ་དེ་ནི་སེམས་དང་འབྲེལ་བའི་སེམས་བྱུང་གི་ཤེས་པ་འཕེལ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། དེང་རབས་ཀྱི་སེམས་ཁམས་རིག་པ་སྨྲ་བ་ཆོའི་ངོས་འཛིན་དུ། མིའི་ཤེས་རྟོགས་ནི“ཀླད་པའི”དབང་ནུས་ལ་བརྟེན་པ་ཡིན། མིའི་ཀླད་དབང་ལ་ཕྱི་ཡུལ་གྱི་ཆ་འཕྲིན་ཕྱོགས་བསྡུས་དང་། བདམས་བསྲེས། ཉར་ཚགས། ཤེས་རྟོགས་བཅས་ཀྱི་ནུས་པ་ལྡན་པར་འདོད། དེ་དོན་རང་རེའི་ཐུན་མོང་མིན་པའི་བོད་ལུགས་སྨན་དཔྱད་རིག་གཞུང་གི་དགོངས་པ་དང་ཅུང་ཟད་མི་མཐུན་པ་སྟེ། རྣམ་ཤེས་ཡུལ་ལ་སྐྱེ་བ་དང་མཆེད་པར་གྱུར་པའི་དབང་པོ་ལྔ་རུ་བགོས་པ་དེ་རྣམས་ཕྱི་ཡུལ་མཐའ་དག་རྟོགས་བྱེད་ཀྱི་ནུས་པ་གཙོ་བོ་ཞིག་ཡིན་པ་དང་། དབང་པོ་ལྔ་དེར་རང་ཡུལ་འཛིན་པར་བྱེད་པའི་ཤེས་པ་ངེས་ཅན་ལྡན་པ་དེ་ཡིད་མངོན་སྐྱེད་པའི་རྐྱེན་དུ་གྱུར་ཞིང་ཡིད་སེམས་དང་དམ་པོར་འབྲེལ་ནས་ཡོད་པར་གསུངས། དེ་ལ་དེང་རབས་མཚན་ཉིད་རིག་པ་སྨྲ་བ་ཚོས། “ཚོར་སྣང་གི་དབང་ནུས”(反映机能)ཟེར་བ་ཡིན། ཕྱི་རོལ་ཡུལ་གྱི་དངོས་པོ་ཞེས་པ་ནི་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་པ་དང་མི་ཡི་སྤྱི་ཚོགས་ཀྱི་འཚོ་བར་ཟེར་ཞིང་། དེ་གཉིས་ནི་ལག་ལེན་གྱི་གཞི་དང་བསྒྱུར་བཀོད་བྱ་ཡུལ་ཡིན་པར་མ་ཟད། མི་ཚོར་ཤེས་རྟོགས་སྐྱེ་བའི་གཞི་རྐྱེན་ཡང་ཡིན། ལོ་ཙཱའི་ལས་ཀྱི་ཆ་ནས་བཤད་ན། ལོ་ཙཱ་བ་རང་ཉིད་ཀྱི་དབང་ཤེས་ཡུལ་ལ་དངོས་སུ་ཉེ་བར་སྤྱོད་པའི་རྟེན་བཅས་ཀྱི་དབང་ནུས་ལ་བརྟེན་ནས་བསྒྱུར་བྱའི་ཡུལ་ནས་བསྟན་པའི་ཆ་འཕྲིན་རྣམས་ལ་ཉམས་ཞིབ་ཤེས་རྟོགས་ལེགས་པར་བྱེད་དགོས་པ་ནི་གལ་དོན་ཞིག་ཡིན། དེ་ཡང་དགེ་རྒན་ཆེ་མོ་ཇན་ཞོད་སན་གྱིས(钱学森)“ཉམས་ཞིབ་ཤེས་རྟོགས་ལེགས་པར་བྱེད་ཐུབ་ན་ཆ་འཕྲིན་དོན་ལ་སྨིན་ཐུབ་པ་ཡོང་བ་ཡིན། དེ་ལྟར་མིན་ན་བོང་བུའི་རྣ་བར་གསེར་བླུགས་པ་དང་གཉིས་སུ་མེད”⑩ཅེས་གསུངས་པ་ལྟར། སྒྱུར་བ་པོས་བསྒྱུར་བྱའི་མ་ཡིག་གི་རྗོད་བྱེད་ཚིག་འགྲོས་ལས་བསྟན་པའི་བརྗོད་དོན་དངོས་ཀྱི་ཆ་འཕྲིན་ཤེས་རྟོགས་གཏིང་ཕྱིན་པ་བྱེད་མ་ཐུབ་ན་ཆ་འཕྲིན་བརྗེ་སྒྱུར་གནད་ལ་འཕྲོད་པ་ཡོང་ཐབས་མེད། ཉམས་མྱོང་ཞན་པའི་ལོ་ཙཱ་བ་གཞོན་སྐྱེས་འགས་བསྒྱུར་བའི་མ་ཡིག་གི་ཚིག་དང་ཐ་སྙད་དེའི་སྤྱིར་བཏང་གི་སྒྲ་དོན་ལ་ངོས་འཛིན་དང་དེ་མཚོན་པར་བྱེད་པའི་ཚིག་སྦྱོར་ཚུལ་ལ་དོ་སྣང་བྱེད་པ་ལས། བརྗོད་བྱའི་དངོས་ཤུགས་བརྒྱུད་གསུམ་ལས་བསྟན་པའི་དོན་དངོས་ཀྱི་ཆ་འཕྲིན་ལ་ཧོལ་རྒྱུག་ཤོར་བས་བརྡ་བསྒྱུར་གནས་ལ་མ་འཕྲོད་པའམ་བསྒྱུར་ཡིག་གི་གོ་དོན་རྟོགས་དཀའ་བར་གྱུར། བསྟན་བའི་དོན་དངོས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱེད་པ་ལ། རྣམ་པར་ཤེས་པའི་དབང་ནུས་ལ་བརྟེན་ནས་དོན་གྱི་ངོ་བོ་དང་ཁྱད་ཆོས་མཐུན་པར་བསྡུས་པའི་སྤྱི་མཚན་དང་སྤྱི་དོན་བསྡུས་པའི་བསམ་གཞིགས་བྱ་ཐབས(抽象和概括的思维方法)སྤྱོད་དགོས་པ་ཡིན། དེ་ལྟར་བྱས་ན་དངོས་པོའི་ངོ་བོ་གཤའ་མ་ངེས་ཤེས་ཐུབ། ལོ་ཙཱ་རིག་པའི་འགན་འབབ་གཙོ་བོ་ཞིག་ནི་ལོ་ཙཱ་བྱ་བའི་འཇུག་ངོགས་སུ་ངེས་པའི་ལོ་ཙཱའི་ནང་རྐྱེན་གྲུབ་ཆོས་དང་རྣམ་པར་དཔྱོད་པའི་ཐབས་ལམ(内在规律和思维方法)ལ་ཞིབ་འཇུག་གང་ཟབ་བྱ་དགོས་རྒྱུ་དེ་ཡིན་ཞེས་མཁས་པས་གསུངས།
2.བསམ་གཞིག་བྱ་ཐབས་བཤད་པར། བསམ་གཞིག་བྱ་ཐབས་ཀྱི་ཐད་དུ་རིང་ནས་རྒྱུན་འབྱམས་པའི་རིགས་ལམ་བཤད་ལུགས་ཡང་མ་དག་པ་གཉིས་བྱུང་བ་སྟེ། གཅིག་ནི་འགྲོ་བ་མིའི་རིགས་ཀྱིས་སྤྱི་མཚན་དུ་གྱུར་བའི་བསམ་གཞིག་བྱ་ཐབས(抽象思维)ཁོ་ནར་བརྟེན་ནས་དངོས་པོའི་རང་བཞིན་རྟོགས་པ་བྱེད་ཅིང་། ཕྱི་རོལ་ཡུལ་གྱི་བདེན་དོན་ངེས་ཤེས་རྙེད་པར་སྤྱི་མཚན་གྱི་བསམ་གཞི་བྱ་ཐབས་དེ་ཁོ་ན་ལས་མེད་པར་འདོད་པའི་ལུགས་དེ་ཡིན་པ་དང་། ཅིག་ཤོས་ནི་ཁ་ཅིག་གིས་ཚན་རིག་མཁས་ཅན་ཚོས་སྤྱི་མཚན་དུ་གྱུར་བའི་བསམ་གཞིག་བྱེད་པ་དང་། སྒྱུ་རྩལ་མཁས་ཅན་ཚོས་གཟུགས་བཀོད་ཀྱི་བསམ་གཞིག(形象思维)བྱེད་པ་དེ་གཉིས་སོ་སོར་ཐུན་མོང་མིན་པའི་ཁྱད་ཆོས་རེ་ཡོད་པ་ཡིན་ཟེར། མཚན་ཉིད་རིག་པ་སྨྲ་བ་སྐུ་ཞབས་ལྦང་ནན་གྱིས་གོང་གསལ་བཤད་ལུགས་གཉིས་ཀར་གཏན་ཚིགས་ཡང་དག་གི་སྒོ་ནས་སུནའབྱིན་བྱས་རྗེས་ཁོང་རང་ཉིད་ཀྱི་བཞེད་ཚུལ་བསྟན་པར། སྤྱི་མཚན་དུ་གྱུར་བའི་བསམ་གཞིག་བྱ་ཐབས་ནི་མིའི་རིགས་ཀྱིས་རིག་པའི་གནས་ལུགས་དཔྱོད་པའི་ཐབས་ལམ་གལ་ཆེ་ཞིག་ཡིན་མོད་ཀྱང་། རིག་པའི་གནས་ལུགས་དཔྱོད་ཐབས་དེ་གཅིག་པོ་ལས་མེད་པ་མིན། སྒྱུ་རྩལ་མཁས་ཅན་ཚོས་གཟུགས་བཀོད་ཀྱི་བསམ་གཞིག་བྱེད་ཀྱི་ཡོད་ལ། མཚན་ཉིད་མཁས་ཅན་དང་ཚན་རིག་མཁས་ཅན་སོགས་རིག་པ་སྨྲ་བ་ཀུན་གྱིས་ཀྱང་གཟུགས་བཀོད་ཀྱི་བམ་གཞིག་ལ་བརྟེན་ནས་གནས་ལུགས་གསེད་བཀྲོལ་བྱེད་ཀྱི་ཡོད་པས་ན།“གཟུགས་བཀོད་བསམ་གཞིག་གི་ཐབས་ལམ་ཡོངས་ཁྱབ་ལ་འཇུག་པ་ཡིན”⑾ཞེས་པའི་བསྡོམས་ཚིག་བཞག་པ་དེས་རང་རེའི་ལོ་ཙཱའི་བྱ་བའི་འཇུག་ངོགས་ལ་བློ་འབྱེད་སྐུལ་སྤེལ་གྱི་ནུས་པ་ཆེནཔོ་ལྡན།
སྔོན་བྱོན་གསར་བརྗེའི་སློབ་དཔོན་དང་མཁྱེན་པའི་བདག་ཉིད་ཚོས་མཛད་པའི་སྲིད་འབྱོར་དོན་དང་འབྲེལ་བའི་དཔྱད་རྩོམ་མང་པོའི་ནང་སྤྱི་མཚན་དུ་གྱུར་བའི་བསམ་གཞིག་དང་གཟུགས་བཀོད་ཀྱི་བསམ་གཞིག་གི་ཐབས་ལམ་གཉིས་ཀ་སྤྱད་པ་མང་པོ་ཡོད། དོན་གང་ཞིག་ལ་བསམ་གཞིག་བྱ་ཐབས་མི་གཅིག་པས་བསམ་དོན་བརྡ་སྤྲོད་བྱེད་པའི་རྣམ་པ་ཡང་གཅིག་མིན་པ་ཙ་ན། སྒྱུར་མཁན་པོ་ཚོས་རང་གི་བསམ་འདོད་སྤངས་ཏེ་བསྒྱུར་བའི་མ་ཡིག་གི་བརྗོད་པའི་འགྲོས་སུ་རྩེ་གཅིག་ཏུ་གཞོལ་ཏེ་ཇི་བཞིན་ཕབ་བསྒྱུར་དགོས་པ་ཡིན། དཔེར་ན་མ་ཡིག་ཏུ་སྤྱི་མཚན་དུ་གྱུར་བའི་བསམ་གཞིག་བྱ་ཐབས་སྤྱད་དེ་ཆོས་མཐུན་པར་བསྡུས་པའི་དངོས་པོ་རྟོག་ཤེས་ཀྱི་ཡུལ་དུ་བཞག་ནས་དཔྱད་པའི་ཚིག་སྦྱངས་གསེད་བཀྲོལ་བྱས་འདུག་ན། བསྒྱུར་ལ་ཡང་དེ་བཞིན་དུ་བྱེད་དགོས་པ་དང་། དེ་ལས་ལྡོག་སྟེ། མ་ཡིག་ཏུ་གཟུགས་བཀོད་བསམ་གཞིག་གི་ཐབས་ལམ་སྤྱད་དེ་གནས་སྐབས་བློ་ཡུལ་དུ་འཆར་བའི་དངོས་པོ་གཟུགས་སུ་བཀོད་ནས་དོན་གྱི་གནས་ལུགས་བསྟན་འདུག་ན། སྒྱུར་མཁན་པོས་ཀྱང་རང་གི་བསམ་པའི་བཀོད་ཤུགས་ལ་བརྟེན་ནས་བསམ་དངོས་གཞན་ལ་འཕྲོ་བའི་རྟོག་པའི་རྣམ་པ་ཉེར་ལེན་གྱི་རྒྱུ་རུ་སྦྱར་ནས་རྩོམ་པ་པོའི་འཆར་སྒོ་དང་མཐུན་པར་འཇུག་ཅིང་། རྩོམ་པ་པོའི་དགའ་སྡང་སྐྱིད་སྡུག་གི་འདུ་ཤེས་མཚོན་པའི་གཟུགས་བཀོད་ཀྱི་ཚུལ་མངོན་པར་ཐོན་དགོས་པ་ཡིན།
སྲིད་འབྱོར་དོན་དང་འབྲེལ་བའི་དཔྱད་རྩོམ་དང་དེ་གཞན་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་སོགས་གང་ཞིག་ཕབ་སྒྱུར་བྱེད་སྐབས་བསྒྱུར་བའི་བརྩམས་ཆོས་སུ་དོན་ལ་བསམ་གཞིག་བྱ་ཐབས་གང་ཞིག་སྤྱད་པ་དེའི་རྗེས་སུ་སྙེགས་དགོས་པ་གླེང་མེད་དང་། ཚན་རྩལ་རིག་པའི་གཞུང་དོན་ཕབ་སྒྱུར་བྱེད་སྐབས་ཀྱང་གོང་གསལ་བསམ་གཞིག་བྱ་ཐབས་གཉིས་ཀ་སྤྱོད་དགོས། ཚན་རིག་བརྩམས་ཆོས་ཕབ་སྒྱུར་བྱེད་སྐབས་སུ་སྤྱི་མཚན་དུ་གྱུར་བའི་བསམ་གཞིག་བྱ་ཐབས་ཁོ་ན་སྤྱད་པ་ལས་གཟུགས་བཀོད་ཀྱི་བསམ་གཞིག་དང་འབྲེལ་བ་མེད་པར་བསམ་ན་གཏན་ནས་མི་འགྲིག ཚན་རྩལ་རིག་པའི་ཐ་སྙད་དང་བརྡ་ཆད་སྒྲ་སྒྱུར་གཏན་འབེབས་བྱ་སྒོའི་ཐད་ལ་དཔེར་ན་ཕྱི་གླིང་སྐད་དུ“FIask”ཞེས་པའི་ཚིག་དེ་རྒྱ་ཡིག་ཏུ“ཚ་བུམ”དང་། “རྫའི་དམ་བེ” “འབར་རྫས་སྒམ”བཅས་བསྒྱུར་སྣ་ཚོགས་ཐོན་པ་དེ་ཚོའི་ཚིག་གི་གོ་དོན་མི་གཅིག་པས་མི་ཚད་དངོས་པོའི་དབྱིབས་གཟུགས་ཀྱང་མི་འདྲ་བ་ཡིན་ཡང་། ཡང་དཔེར་ན། དེང་སྐབས་ནང་འདྲེན་བྱས་པའི་འཕྲུལ་ཆས་མི་ཉུང་བ་ཞིག་དེ་སྔ་མཐོང་མྱོང་མེད་པ་དང་། སྒྱུར་མཁན་པོས་འཕྲུལ་ཆས་དེ་ཆོའི་གསལ་བཤད་ཡི་གེ་དང་རི་མོའི་ཆ་འཕྲིན་ལ་བརྟེན་ནས་འཕྲུལ་ཆས་ཀྱི་དབྱིབས་གཟུགས་དང་། དོན་བྱེད་ནུས་པ། རང་འགུལ་གྱི་ནུས་ཚད། བཀོལ་སྤྱོད་བྱ་ཐབས་བཅས་ཤེས་རྟོགས་བྱས་ཐོག་སྤྱི་མཚན་ནམ་གཟུགས་བཀོད་ཀྱི་བསམ་གཞིག་བྱ་ཐབས་སྤྱད་དེ་དངོས་པོའི་མིང་གི་ཐ་སྙད་གསར་པ་འདོགས་དགོས་པའི་གནས་ཚུལ་ཡོང་གི་ཡོད། མདོར་ན། སྤྱི་མཚན་དུ་གྱུར་བའི་བསམ་གཞིག་དང་གཟུགས་བཀོད་ཀྱི་བསམ་གཞིག་བྱ་ཐབས་དེ་གཉིས་བརྩམས་ཆོས་ཀྱི་བརྗོད་པའི་མཁོ་གནས་ལ་གཞིགས་ཏེ་སྐབས་བསྟུན་གཙོ་ཕལ་གྱི་དབྱེ་བ་ཙམ་ལས་དོན་དུ་ཐབས་ལམ་གཉིས་ཀ་མེད་དུ་མི་རུང་བ་ཡིན།
3.“ཕྱོགས་མཚུངས་འདུས་ཆོས”⑿(相似论)ཀྱི་ལྟ་བ་ལས་བསྒྱུར་གྱི་གནད་དོན་ལ་རྟོག་དཔྱོད་བྱེད་པའི་སྐོར་བཤད་པར། “ཕྱོགས་མཚུངས་སྨྲ་བ”དེ་བསམ་གཞིག་རིག་པའི་གྲུབ་ཆ་ཞིག་ཡིན་ཞིང་། དེ་ནི་ལོ་ཙཱའི་དོན་དང་འབྲེལ་བ་ཆེན་པོ་ཡོད་པས་ན། ལྟ་བ་དེ་ལ་བརྟེན་ནས་བསྒྱུར་བའི་གནད་དོན་ལ་རྟོག་དཔྱོད་བྱེད་པའི་དགོས་པ་ཆེན་པོ་ཡོད། ཕྱི་ཡུལ་སྣོད་ཀྱི་འཇིག་རྟེན་གོང་དུ་འཕེལ་བའི་རིམ་བརྒྱུད་དུ་དངོས་པོའི་ཆོས་མཐུན་པ་དང་ཡང་ན་ཕྱོགས་མཚུངས་པའི་ཚུལ་ཇི་སྙེད་ཅིག་སྣང་ངོར་འཆར་ཡོང་བའི་རྒྱུ་མཚན་གྱིས་མི་ཚོས་རྒྱུན་གཏན་རང་ཤུགས་སུ་ཕྱོགས་མཚུངས་ཀྱི་རང་བཞིན་ལ་བརྟེན་ནས་བརྟན་གཡོའི་དངོས་པོ་ཤེས་རྟོགས་བྱེད་པ་དང་དངོས་པོ་ལེགས་སྒྱུར་བྱེད་ཀྱི་ཡོད། ཕྱོགས་མཚུངས་ཀྱི་རྣམ་པར་ཡང་“ཆོས་མཐུན”
(同)དང་“གཞན་འགྱུར”(变异)གཉིས་ཀྱི་དབྱེ་བ་ཡོད། དེ་ཡིག་སྒྱུར་གྱི་གནས་ལ་སྦྱར་བའི་དཔེ་ཞིག་བརྗོད་པ་སྟེ། སྐད་གཉིས་བརྗེ་སྒྱུར་བྱེད་སྐབས་མ་ཡིག་གི་བརྗོད་པའི་ཚིག་སྦྱོར་ཚུལ་དེ་སྒྱུར་བྱེད་བུ་ཡིག་གི་བརྡ་སྤྲོད་ལུགས་དང་མཐུན་ཕྱོགས་ཆེ་ན་མ་ཡིག་གི་རྗོད་བྱེད་ཚིག་འགྲོས་ཀྱི་རྗེས་སུ་སྙེགས་ནས་ཐད་སོར་བསྒྱུར་ཆོག་པ་དང་དེ་སྐད་རིགས་གཉིས་པོའི་བརྗོད་པ་འདྲེན་སྟངས་ཀྱི་ཁྱད་ཆོས་མཐུན་པ་གཞིར་བཅས“ཆོས་མཐུན”རྒྱུད་འཛིན་གྱི་དོན་སྙིང་ལྡན་པ་དང་། བསྒྱུར་བའི་མ་ཡིག་གི་ཚིག་སྦྱོར་སྦྲེལ་ནས་གྲུབ་པའི་བརྗོད་པའི་ཉམས་འགྱུར་དེ་སྒྱུར་བྱེད་བུ་ཡིག་གི་སྐད་ལུགས་ཡིག་སྲོལ་དང་མཐུན་ཐབས་མེད་ཚེ། ཀློག་པ་པོས་བསྒྱུར་བྱའི་མ་ཡིག་གི་དགོངས་དོན་རྟོགས་སླ་བའི་ཕྱིར་སྒྱུར་བྱེད་བུ་ཡིག་གི་བརྡ་སྤྲོད་ལུགས་དང་མཐུན་པར་བབ་བསྟུན“གཞན་འགྱུར”བྱེད་དགོས་པ་དེ་ནས་སྒྱུར་ཐབས་ཀྱི་འཕེལ་འགྱུར་རང་བཞིན་མཚོན་པ་ཡིན། ཕྱོགས་མཚུངས་ནི་ཕྱི་ཡུལ་དུ་གནས་ངེས་པའི“ཆོས་མཐུན”དང་“གཞན་འགྱུར”གྱི་འགལ་བའི་གཅིག་གྱུར་དེ་ཡིན་ཞིང་། ཕྱོགས་མཚུངས་ཡིན་ན་གཅིག་མཚུངས་ཡིན་པས་མི་ཁྱབ་པ་ངེས་དགོས།
མི་རྣམས་ཀྱི་བྱ་སྤྱོད་ཚང་མ་རང་གི་བསམ་བྱུང་རྟོག་པས་བསྐུལ་བ་ཡིན་ཞིང་། ཕྱི་ཡུལ་གྱི་བྱ་དངོས་སྣ་ཚོགས་པ་རང་གི“ཀླད་པའི་ནང་”དུ་ཚུར་སྣང་བའི་རྐྱེན་ལས་སེམས་བྱུང་གི་ཤེས་པ་འཕེལ་བ་ཡིན། ཕྱི་ཡུལ་དང་འབྲེལ་བའི་བྱ་ལས་དངོས་པོ་དང་བྲལ་ན་ཤེས་པ་འཇུག་པའི་ཐབས་མེད་ཅིང་། མིའི་ཚོར་བ་དང་། འདུ་ཤེས། ཡིད་བྱེད་སོགས་ནི་ཕྱི་ཡུལ་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། ཡུལ་ངེས་ཀྱི་ཤེས་པ་བསྐྱེད་པའི་བརྒྱུད་རིམ་དེ་ངེས་པར་དུ་བཅོས་སུ་མེད་པའི་ཆོས་ཉིད་ཅིག་ཡིན། མི་ཚོས་ཕྱི་ཡུལ་འཇིག་རྟེན་ངོས་འཛིན་དང་དེ་སྒྱུར་བཅོས་བྱེད་པའི་རིམ་བརྒྱུད་དུ་སློབ་སྦྱོང་དང་ལག་ལེན་བརྒྱུད་ནས་བསགས་པའི་བསམ་བྱུང་གི་ཤེས་རབ་དེ་ལ“ཕྱོགས་མཚུངས་འདུས་ཆོས”(相似块)ཞེས་ཟེར་བ་ཡིན། མི་རྣམས་ཀྱིས་ཕྱི་རོལ་འཇིག་རྟེན་ངོས་འཛིན་བྱེད་པའི་རིམ་བརྒྱུད་དུ་ཐོག་མར་ཚུར་སྣང་གི་དངོས་པོ་འདྲ་མིན་སྣ་ཚོགས་དེ་རྣམས་རང་གི་སེམས་སུ་བསྡུ་ཚགས་བྱས་པའི“ཕྱོགས་མཚུངས་འདུས་ཆོས”དང་བསྡུར་ཞིབ་ཀྱིས་དངོས་པོ་སོ་སོའི་ངོ་བོ་བྱེད་པ་དང་། དེ་ནས་གཟུགས་བཀོད་བསམ་གཞིག་གི་ཐབས་སམ་ཡང་ན་གཏན་ཚིགས་དང་མཐུན་པའི་བསམ་གཞིག་གི་ཐབས་གཞན་ལ་བརྟེན་ནས་དཔྱད་པ་བས་ཏེ་དངོས་པོའི་མཚནདོན་ངེས་བཟུང་བྱེད་པ་ཡིན། གོང་གསལ་ཐབས་ལམ་གཉིས་པོ་གང་ཞིག་སྤྱད་ཀྱང་ཕྱོགས་མཚུངས་ཀྱི་རྩ་བའི་རིགས་པ་དང་འབྲལ་ཐབས་མེད། ལོ་ཙཱ་བ་ཞིག་ལ་མཚོན་ན། ཡུན་རིང་ལོ་ཙཱའི་ལག་ལེན་བརྒྱུད་ནས་བསྡུ་ཚགས་བྱས་པའི་ཤེས་པ་ཕྱོགས་མཚུངས་འདུས་པའི་ཆོས་ལ་བརྟེན་ནས་བསྒྱུར་བྱའི་མ་ཡིག་གི་ཚིག་སྦྱོར་རྗོད་པ་འགྲུབ་སྟངས་དང་དཔེ་དོན་སྦྱར་ཚུལ་སོགས་ལ་དཔྱད་བསྡུར་བསམ་གཞིག་བྱས་པ་ཡིན་ན། གང་འགབ་ཅི་འོས་ཀྱི་སྒྱུར་ཐབས་རྙེད་ཐུབ་པ་ཡོང་།
ཕྱི་ཡུལ་གྱི་དངོས་པོའི་ཚུལ་དང་རང་གི་སྣང་ངོར་འཇུག་པའི་དོན་སྤྱི་མཐུན་ཆོས་སུ་གྱུར་ན་གནས་ལུགས་དཔྱོད་པའི་རིགས་པའི་ཤེས་པ་རྙེད་ཐུབ་པ་སྟེ། བསྒྱུར་བྱའི་མ་ཡིག་གི་བསྟན་དོན་དང་སྒྱུར་མཁན་པོའི་བློ་ངོའི“ཕྱོགས་མཚུངས་འདུས་ཆོས”མཐུན་ཕྱོགས་བྱུང་ན། བརྡ་དོན་ཕབ་སྒྱུར་ཇི་ལྟར་བྱེད་དགོས་པའི་གནས་ལ་གདེང་ཚོད་ཐུབ། རྩོམ་རིག་ཡིག་སྒྱུར་དང་ཚན་རིག་ཡིག་སྒྱུར། དེ་གཞན་རིག་ཚན་ཅི་རིགས་པའི་ཡིག་སྒྱུར་གྱི་ཆོས་ཉིད་ལྡོག་མེད་ཅིག་ཡིན།
“ཕྱོགས་མཚུངས་འདུས་ཆོས”ཀྱི་ཁྱབ་མཆེད་ནུས་པ་ཇི་ཙམ་ཆེ་བ་དེ་ཙམ་གྱིས་དོན་ལ་ཕབ་སྒྲུབ་ཡོང་ཆེ་བ་ཡིན་པ་དཔེར་ན། སྐྱེས་བུ་གང་ཞིག་ཤེས་ཡོན་ཆུ་ཚད་ཇི་ཙམ་མཐོ་བ་དང་མཐོང་ཆོས་མྱོང་གྲུབ་ཇི་ཙམ་མང་བའི་ཐོག་བྱ་བའི་ཐབས་ལ་མཁས་པོ་ཡོད་པ་དེ་ཙམ་གྱིས་ལས་སྒོར་འཇུག་པའི་འཇོན་ཐང་ཆེ་བ་དང་བྱས་འབྲས་གཞན་ལས་ཁྱད་དུ་ཐོན་པ་ཡོང་ཐུབ་པ་ལྟར་རོ། །ཡང་དཔེར་ན། བརྟག་གཞིའི་དོན་གཅིག་ལ་མི་སོ་སོས་བསམ་གཞིག་བྱས་པའི་བསྡོམས་ཚིག་གཅིག་པ་མི་ཡོང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། མི་སོ་སོའི་འཚོ་བ་དང་། སློབ་སྦྱོང་། ལས་དོན་སོགས་ཀྱི་ཉམས་མྱོང་བསྡུ་ཚགས་བྱས་པའི“ཕྱོགས་མཚུངས་འདུས་ཆོས”ཀྱི་ཚད་མི་གཅིག་པས་སེམས་ཤིང་དཔྱད་ནས་རྙེད་པའི་ངེས་དོན་ཡང་གཅིག་པ་མིན།
ལོ་ཙཱ་བའི་ལས་ནུས་ཆེ་ཆུང་ནི་རང་གི་ཤེས་པའི“ཕྱོགས་མཚུངས་འདུས་ཆོས”བསགས་ཚད་དང་འབྲེལ་བ་ཆེན་པོ་ཡོད། ལོ་ཙཱ་བ་བྱས་པ་ཅན་མཐའ་དག་གི་ཁྱད་ཆོས་ཐུན་མོང་བ་ནི། ཁོང་རྣམ་པར་རིག་པའི་ཤེས་བྱ་དང་མཐོང་ཆོས་མྱོང་གྲུབ་ཕུན་སུམ་ཚོགས་པ་ཡོད་ཅིང་། ཤེས་རབ་ཀྱི“ཕྱོགས་མཚུངས་འདུས་ཆོས”མང་པོ་བསྡུ་ཚགས་བྱས་ཡོད་པ་ཡིན། སྤྱིར་བཏང་ལོ་ཙཱ་བར་ཆ་བཞག་ན་བསྒྱུར་བྱའི་མ་ཡིག་ལག་ཏུ་སོན་རྗེས་རང་སོ་སོའི་ཤེས་པའི“ཕྱོགས་མཚུངས་འདུས་ཆོས”བསགས་ཚད་མི་གཅིག་པའི་རྐྱེན་གྱིས་བསྒྱུར་བའིདོན་གྱི་གོ་སྟོབས་མི་གཅིག་པ་དང་། བསྒྱུར་གྱི་སྤུས་ཚད་ལའང་ཁྱད་པར་ཞུགས།
“ཕྱོགས་མཚུངས་འདུས་ཆོས”ལ་འཕྲེད་དང་གཞུང་གི་དབྱེ་བ་ཡོད་པ་སྟེ། གཞུང་ཐད་ཀྱི“ཕྱོགས་མཚུངས་འདུས་ཆོས”བསགས་མང་བ་བྱུང་ན། སྔར་སོང་ལོ་རྒྱུས་ལ་རྒྱུས་མངའ་ཆེ་ཞིང་ཕྱིས་འབྱུང་དོན་ལ་དངོས་སྟོབས་རྗེས་དཔག་གི་ཤེས་ནུས་ལྡན་པ་དང་། འཕྲེད་ཐད་ཀྱི“ཕྱོགས་མཚུངས་འདུས་ཆོས”བསགས་མང་བ་བྱུང་ན། རིགས་དཔྱད་གནད་འགྲོལ་དང་བབ་བསྟུན“གཞན་འགྱུར”གྱི་ནུས་སྟོབས་ཆེ་བ་ཡོད།
4.ཐོལ་བྱུང་རྟོགས་པ་བཤད་པར། ཐོལ་བྱུང་རྟོགས་པ་དང་གསར་གཏོད་ཀྱི་འབྲེལ་བའི་གནད་དོན་སྐོར་ལ་རང་རྒྱལ་གྱི་ཚན་རིག་མཁས་ཅན་དགེ་རྒན་ཆེན་མོ་ཇན་ཞོད་སན(钱学森)གྱིས་གནང་བའི《གཟུགས་བཀོད་བསམ་གཞིག་གི་གནད་དོན་སྐོར་གྱི་སྤྲིངས་ཡིག》ནང་། “གསར་གཏོད་ཀྱི་ཉམས་མྱོང་ལྡན་པའི་བློ་མཐུན་ཚང་མས་མཁྱེན་གསལ་བཞིན། གཟུགས་བཀོད་གྱི་བསམ་གཞིག་དང་སྤྱི་མཚན་དུ་གྱུར་བའི་བསམ་གཞིག་བྱ་ཐབས་ཁོ་ནར་བརྟེན་པ་ཙམ་གྱིས་འགག་གནད་འགྲོལ་མི་ཐུབ་པ་དང་གསར་གཏོད་མི་ཐུབ། གསར་གཏོད་བྱ་བའི་འགག་གནད་འགྲོལ་དགོས་ན་ཐོལ་བྱུང་གི་རྟོགས་པ་ལྡན་དགོས”⒀ཞེས་གསུངས་པ་ལྟར་ན་ཐོལ་བྱུང་རྟོགས་པས་གསར་གཏོད་བྱ་བར་གལ་ཆེའི་ནུས་པ་ཐོན་ཐུབ་པ་གསལ་པོ་ཡིན། ལོ་ཙཱའི་བྱ་སྒོ་ཡང་གསར་གཏོད་ཀྱི་དོན་སྙིང་ལྡན་པའི་ལས་དོན་ཞིག་ཡིན་ཙ་ན། ཐོལ་བྱུང་རྟོགས་པས་ལོ་ཙཱའི་བྱ་བར་ཕན་བསྐྱེད་ཆེ་བ་སྨོས་མི་དགོས།
ཐོལ་བྱུང་རྟོགས་པ་ཞེས་པ་ནི་དགོངས་པའི་ཡེ་ཤེས་ཐོལ་བྱུང་དུ་སྐྱེས་པའམ་རིག་པའི་ཀློང་བརྡོལ་བ་ཡང་ཟེར་བ་ཡིན། དེང་རབས་སེམས་ཁམས་རིག་པ་སྨྲ་བ་ཚོའི་ལྟ་བར། ཕྱི་ཡུལ་ངོས་འཛིན་དང་། ཕྱི་ཡུལ་དབང་དུ་བསྡུས་ཤིང་སྒྱུར་བཅོས་བྱེད་པའི་རིམ་བརྒྱུད་དུ་མིའི“ཀླད་པའི”བྱེད་རྐྱེན་གཙོ་བོ་ཡིན་པར་བཞེད་ནས་ཀླད་པའི་དབང་ཤེས་ཀྱི་ནུས་པ་ཞེས་དམིགས་སུ་བཀར་ཡོད། དེའི་ཐད་རང་རེའི་བོད་ལུགས་གསོ་རིག“རྒྱུད་བཞིའི”གཞུང་ལས།“དབང་པོ་ཡུལ་ལ་འཆར་བ་བྱེད་པའི་རྩ། ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར”ཞེས་ཀླད་པའི་དབང་ནུས་ཙམ་གྱིས་མ་ཟད་སྙིང་གི་དབང་ནུས་དེ་ཡང་ཁས་ལེན་བྱས་ཡོད་ཅིང་། གཟུགས་ཅན་དབང་པོ་ལྔ་སོ་སོར་རང་གི་ཡུལ་འཇལ་བར་ནུས་པའི་ཁྱད་ཆོས་ལྡན་པ་དེ་ཐུན་མོང་མིན་པའི་བདག་རྐྱེན་ཡིན་ཞིང་དེའི་བྱེད་པ་ཡང་ཡང་དང་འཕྲད་པ་ལས་མངོན་པ་ཡིན་ཞེས་གསུངས། སྤྱི་ཚོགས་ཡར་དར་དང་དངོས་པོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བསྟུན་མི་ནམས་ཀྱི་དབང་ཤེས་རིམ་པས་འཕེལ་སྐྱེད་བྱུང་བ། མིའི་བསམ་གཞིག་བྱེད་སྟོབས་དང་བསམ་གཞིག་བྱེད་ཚུལ་ཡར་རྒྱས་ཕྱིན་པ་ཡིན། ད་ལྟའི་དུས་སྐབས་སུ་མིའི་བསམ་གཞིག་བྱེད་ཚུལ་ཐད་ཡོངས་སུ་གྲགས་པའི་གཟུགས་བཀོད་ཀྱི་བསམ་གཞིག་དང་སྤྱི་མཚན་དུ་གྱུར་བའི་བསམ་གཞིག་བྱེད་ཚུལ་གཉིས་པོ་དེ་ཕུད། ད་དུང་ཐོལ་བྱུང་རྟོགས་པའི་བསམ་གཞིག་བྱེད་ཚུལ་ཡོད། ཐོལ་བྱུང་རྟོགས་པ་ནི་མི་ཚོས་བྱ་བར་བསམ་གཞིག་བྱེད་པའི་གཞི་རྩའི་ཐབས་ཤིག་ཡིན་པ་དང་། རྒྱུན་གཏན་འཚོ་བའི་ནང་དུ་སྤྱོད་ཡུལ་མང་ཞིང་ཕན་འདྲོང་ཆེ་བ་ཡོད། ལྷག་པར་དུ་ཕྱི་རོལ་དངོས་པོའི་གསང་གནས་བརྟོལ་བའི་ཚན་རིག་གི་རྟོག་དཔྱོད་དང་། སྤྱི་ཚོགས་ཡར་དར་ལ་སྨན་པའི་གལ་ཆེའི་ཚན་རིག་གི་གསར་གཏོད། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཁམས་དེའི་གཞལ་བྱ་ལྐོག་གྱུར་ལ་རྗེས་དཔག་ཚད་མས་རྟོགས་པའི་ཤེས་པ་བཅས་དེ་ཚང་མ་རིག་པ་ཐོལ་བྱུང་དུ་སྐྱེས་པའི་རྟོགས་པ་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད། དེར་བརྟེན་ཐོལ་བྱུང་རྟོགས་པ་དེ་མཚན་ཉིད་རིག་པ་དང་། སེམས་ཁམས་རིག་པ། མཛེས་ཆོས་རིག་པ། བསམ་གཞིག་ཚན་རིག་སོགས་རིག་པ་སྤྱི་ཡི་སྤྱོད་ཡུལ་དུ་གྱུར་པ་ཡིན།
ཐོལ་བྱུང་རྟོགས་པ་བྱུང་རྐྱེན་ལ་ལྟ་ཚུལ་མི་འདྲ་བ་གསུམ་བྱུང་བ་སྟེ། ཡི་དམ་གྱི་ལྷས་བྱིན་གྱིས་བརླབས་ནས་བྱུང་བ་བཤད་པ་དང། སྐྱེས་སྟོབས་ལས་བྱུང་བ་སྟེ་སྐྱེ་བ་སྔོན་མའི་ཤེས་པའི་རྒྱུན་ཐག་སྐྱེ་བ་ཕྱི་མར་བརྒྱུད་པ་ཡིན་ཟེར་བ། ཕྱི་ཡུལ་གྱི་རང་མཚན་བློས་བཟུང་བར་སྨྲ་བ་བཅས་དེ་ཡིན། ལྟ་ཚུལ་དང་པོ་དང་གཉིས་པ་ནི་སེམས་གཙོ་རིང་ལུགས་པས་ཐོལ་བྱུང་རྟོགས་པར་འཛིན་པའི་ལྟ་བ་ཡིན་པ་དང་། ལྟ་ཚུལ་གསུམ་པ་དེ་དངོས་གཙོ་རིང་ལུགས་ཀྱི་ཐོལ་བྱུང་རིག་པ་སྨྲ་བ་ཡིན་ཞེས་ཟེར་བའི་རྒྱུ་མཚན་ནི། ཕྱི་རོལ་ཡུལ་གྱི་དངོས་པོའི་རང་མཚན་སྣང་ངོར་འཆར་བའི་རྐྱེན་ལས་བསམ་བྱུང་ཐོལ་དུ་སྐྱེས་པའི་རྟོག་པ་ལ་ངོས་འཛིན་བྱེད་པས་ཡིན།
རིག་པ་ཐོལ་བྱུང་དུ་སྐྱེས་པའི་ཚུལ་བཞི་རུ་དབྱེ་བའི་དང་པོ་ནི། “གློ་བུར་དུརིག་པའི་ཀློང་བརྟོལ་བ”(突然性)ཞེས་པ་དཔེར་ན། ལས་གསེང་སྤྲོ་འཆམ་བྱེད་པ་དང་། ཁ་བརྡ་གློད་པ། ཡང་ན་མཛེས་ལྗོངས་ལ་ལྟད་མོ་ལྟ་བའི་གནས་སྐབས་སུ་བྱ་བའི་གནས་ལ་འཇུག་ཐབས་ཤིག་གློ་བུར་དུ་དྲན་རྟོག་བྱུང་བ་ལ་བཤད་པ་དང་། གཉིས་པ“སྟེས་དབང་གིས་རིག་པ་ཐོལ་བྱུང་དུ་སྐྱེས་པ”(偶然性)ཞེས་པ་དཔེར་ན། གང་ཞིག་དོན་གྱི་དོགས་མཐའ་གཅོད་ཐབས་མ་རྙེད་པར་ལུས་པ་ཞིག་ལས་དོན་གཞན་པ་ཞིག་སྒྲུབ་པའི་སྐབས་འཕྲལ་དུ་སྟེས་དབང་གིས་འགག་གནད་སེལ་ཐབས་ཀྱི་རིག་པ་ཐོལ་བྱུང་དུ་སྐྱེས་པ་ལ་བཤད་པ། གསུམ་པ“ཐུན་མིན་གསར་གཏོད་ཀྱི་རིག་པ་ཐོལ་དུ་རྙེད་པ”(独创性)ཞེས་པའི་གོ་དོན་ནི་གོང་དུ་དགེ་རྒན་ཆེན་མོ་ཇན་ཞོད་སན་གྱིས“གསར་ག།ཏོད་བྱེད་པར་ཐོལ་བྱུང་རྟོགས་པ་ལྡན་དགོས”ཞེས་གསུངས་པ་ལས་གསལ་བཤད་བྱུང་ཡོད། སྔར་ནས་ད་བར་དུ་གལ་ཆེའི་ཚན་རིག་ལག་རྩལ་གསར་གཏོད་རིམ་པ་བྱུང་བའི་གནས་ཚུལ་ལ་བལྟས་ན། གསར་གཏོད་བྱས་པ་དེ་རྣམས་ཐོལ་བྱུང་རྟོགས་པ་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད། རྩོམ་པ་པོ་གྲགས་ཅན་ཚོའི་བརྗོད་བྱའི་ཚིག་གི་ཉམས་འགྱུར་མཆོག་ཏུ་དགའ་བའི་སྙན་རྩོམ་དང་། དམག་དོན་མཁས་ཅན་ཚོའི་གཡུལ་འགྱེད་རྣམ་པར་རྒྱལ་བའི་དམིགས་བསལ་གྱི;འཐབ་ཇུས། རིག་པ་མཁས་ཅན་ཚོའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་སོགས་དེ་ཚང་མར་རིག་པ་ཐོལ་དུ་བྱུང་བའི་རྟོགས་པས་ཀྱང་ཕན་ནུས་ཐོན་པ་མ་ཡིན་ནམ། དཔེར་ན། ཨ་ཅེ་རྨེ་ཏེས(阿几米德སྤྱི་ལོའི་གོང་གི287 -212)གཏོད་པའི“འཕྱོ་ལྡིང་ཤུགས་ནུས་ཀྱི་ངེས་སྲོལ”(浮力定理)ནི་ཁོང་ཉིད་ཆུ་ཟོམ་ནང་གཟུགས་པོ་སྦངས་ནས་འཁྲུད་བྱེད་པའི་སྐབས་འཕྲལ་དུ་དྲན་རྟོགས་བྱུང་བ་དང་། ཧ་ཝེ(哈维 སྤྱི་ལོ་1578-1657)ཡིས་བསྟན་པའི“ཟུངས་ཁྲག་འཁོར་རྒྱུག”ག་པ་དེ་ཁོང་ཉིད་རྐང་ཐང་མར་ལྗོངས་རྒྱུ་བྱེད་པའི་ལས་མེད་བར་དུ་བློ་སྐྱེད་བྱུང་བ། དེ་ལྟའི་དཔེ་ནི་བརྗོད་ནས་མི་ཚར། བཞི་པ“རིག་འགྲོས་ངེས་གསལ་མེད་པ”(模糊性)ཞེས་པ་དེའི་གོ་དོན་ནི་ཐོལ་བྱུང་རྟོགས་པ་གྲུབ་པར་ཚུར་སྣང་གི་ཆ་འཕྲིན་སྣ་ཚོགས་པའི་བྱེད་རྐྱེན་ཞུགས་དགོས། གལ་ཏེ་ཚུར་སྣང་ཆ་འཕྲིན་གྱི་སྣེ་གཅིག་ཕྱི་ཡུལ་གྱི་དངོས་དོན་དང་འགའ་བཟོ་མཆིས་ན་རྟོག་པ་དོན་དང་མི་མཐུན་ཞིང་རིག་འགྲོས་ངེས་གསལ་ཡོང་མི་ཐུབ།
གོང་གསལ་ཐོལ་བྱུང་རྟོགས་པའི་རྣམ་པ་བཞི་པོ་དེ་རང་རེའི་ལོ་ཙཱའི་བྱ་བའི་འཇུག་ངོགས་སུ་ཡང་རྟག་ཏུ་འཕྲད་པ་དཔེར་ན། བསྒྱུར་བྱའི་མ་ཡིག་གི་བརྗོད་བྱའི་ཚིག་དོན་གསལ་རྟོགས་བྱུང་ཡང་བརྡ་སྒྱུར་གནས་ལ་འཚམ་པའི་མིང་དང་ཚིག་ཅིག་སྐབས་འཕྲལ་དུ་མ་དྲན་པ་དེ་རེ་ཞིག་རྗེས་སུ་ལམ་དུ་འགྲོ་བ་དང་ངལ་གསོ་བྱེད་པའི་གནས་སྐབས་སུ་གློ་བུར་དུ་དྲན་སྐྱེད་བྱུང་བ་དང་། ཡང་ན་མ་ཡིག་གི་བརྗོད་དོན་སྒྱུར་བྱེད་སྐབས་རང་སྐད་ཀྱི་བརྡ་སྤྲོད་སྲོལ་དང་མཐུན་པའི་ཚིག་སྦྱོར་ཚུལ་དང་དཔེ་དོན་མཚུངས་པར་སྦྱོར་བའི་བརྗོད་པ་འདྲེན་སྟངས་འཚམ་པ་ཞིག་མ་རྙེད་པར་རེ་ཞིག་ཅམ་བཞག་བྱས་པའི་རྗེས་སུ་བྱ་བ་གཞན་ཞིག་སྒྲུབ་པའི་སྟབས་འགྲིག་ནས་སྟེས་དབང་གིས་རིག་པ་ཐོལ་བྱུམ་དུ་སྐྱེས་ཤིང་གང་འགབ་ཅི་འོས་ཀྱི་བསྒྱུར་ཐབས་རྙེད་པ་ལྟ་བུའོ། །མདོར་ན། ཐོལ་བྱུང་རྟོགས་པ་ནི་རང་ཡུལ་དུ་གྱུར་བའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་རིག་པ་ཐོལ་དུ་སྐྱེས་པའི་སྣང་ཚུལ་ཞིག་ཡིན། ཚན་རིག་གོང་དུ་འཕེལ་བ་དང་མི་རྣམས་ཀྱི་ཤེས་སྟོབས་རྒྱས་ཤིང་མཐོང་ཐོས་ཉམས་རྟོགས་བྱུང་འབྲས་ཆེ་རུ་འགྲོ་བ་དེ་ནི་ཐོལ་བྱུང་རྟོགས་པ་རྒྱས་པའི་གཞི་རྐྱེན་དུ་གྱུར། ཐོལ་བྱུང་རྟོགས་པ་རྙེད་པ་ནི་ཡུན་རིང་རིག་པ་ཀུན་ལ་བསླབས་སྦྱངས་ཆེ་ཞིང་མངོན་གསུམ་ལག་ལེན་གྱི་མྱོང་སྟོབས་དང་ཁ་འབྲལ་དུ་མེད། རྒྱུམཚན་དེ་ལ་བརྟེན་ནས“ཐོལ་བྱུང་རྟོགས་པ་རྙེད་པའི་ཆོས་ཉིད་བསྡུས་ནས་བཤད་ན།“ཡུན་རིང་བསགས་པ་དང་གོ་བུར་དུ་རྙེད་པ་ཡིན”ཞེས་མཁས་པ་ཚོས་བསྡོམས་ཚིག་བཞག་ཡོད། “ཡུན་རིང་བསགས”ནི་དུས་ཡུན་རིང་མོའེ་ནང་རིག་པའི་སྒོ་ཀུན་ལ་སློབ་བརྩོན་བྱས་ནས་བསགས་པའི་ཤེས་རབ་ཀྱི“ཕྱོགས་མཚུངས་འདུས་ཆོས”ལ་ཟེར་བ་དང་། “གློ་བུར་དུ་རྙེད་པ”ནི་དོན་གྱི་ངོ་བོ་དང་ཁྱད་པར་དཔྱོད་པའི་རིག་པའི་ཀློང་བརྡོལ་བ་ལ་ཟེར་རོ། །
དཔྱད་གཞིའི་ཡིག་ཆ།
①《དེང་རབས་རྩོམ་རིག་ལོ་ཙཱའི་སྐོར་གྱི་མཁས་བརྒྱ་བགྲོ་གླེང་།》ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་། ཤོག་ངོས475
《ལོ་ཙཱའི་དཔྱད་རྩོམ་ཕྱོགས་བསྒྲིགས།》(1945-1983).ཤོགངོས512
③ཕུང་སྒྲོ་ཨུས་བརྩམས། 《དེང་རབས་ལོ་ཙཱ་རིག་པ།》པེ་ཅིང་དཔེ་མཛོད་ཁང་དཔེ་སྐྲུན་ཁང། 2000ལོ།
④⑤《ལོ་ཙཱའི་དཔྱད་བརྗོད།》དུས་དེབ་ཀྱི་1982ལོའི་དེབ་གྲངས་དྲུག་པ་དང་།1998ལོའི་དེབ་གྲངས་དང་པོ།
⑥⑦《ཀྲུང་གོའི་ལོ་ཙཱ།》དུས་དེབ་ཀྱི་1992ལོའི་དེབ་གྲངས་བཞི་པ་དང་། 1997ལོའི་དེབ་གྲངས་ལྔ་པ།
⑧ཏུའུ་ཅན་ཧོད་སོགས་ཀྱིས་བརྩམས། 《ལོ་ཙཱའི་གཞུང་ལུགས་རྣམ་བཤད།》མི་རིགས་དཔེ་སྐྲུན་ཁང་།
⑨ཀྲང་ཙེ་ཆན་གྱིས་བརྩམས། 《ཀྲུང་གོའི་ལོ་ཙཱའི་བྱ་གཞག་གི་ལོ་རྒྱུས་འཕེལ་རིམ།》ཝུ་ཧན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་།
⑩⑾⑿⒀ཇན་ཞོད་སན་གྱིས་གཙོ་སྒྲིག་མཛད། 《བསམ་བྱུང་གི་རྟོག་པ་སྨྲ་བ།》ཧྲང་ཧད་མི་དམངས་དཔེ་སྐྲུན་ཁང་། 1986ལོ།
(《བོད་ལྗོངས་སློབ་ཆེན་རིག་དེབ་》2008ལོའི་དུས་དེབ་གཉིས་པའི་ཐོག་འཁོད།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1