ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྲོས་ཚོགས་བསྡུས་ནས། «དུས་རབས་གསར་པའི་རེ་བར་བསྟུན་ནས་ཕུལ་བྱུང་ན་གཞོན་ལས་བྱེད་པ་གསར་རྙེད་སྐྱེད་སྲིང་འདེམས་སྒྲུག་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསར་རྙེད་སྐྱེད་སྲིང་འདེམས་སྒྲུག་བྱེད་པ་ནི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་ལ། ཏང་གི་ལས་དོན་ལ་རྒྱུན་འཛིན་པ་ཡོད་པ་དང་རྒྱལ་ཁབ་ཡུན་སྐྱོང་བེ་འགོད་ཡོང་བའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ལས་བྱེད་པའི་ཚད་གཞི་མཐའ་གཅིག་ཏུ་དངོས་འབེབས་བཟང་པོ་བྱས་ཏེ། ལོ་ཚད་ཀྱི་ཕྱོགས་རིས་སེལ་བ་དང་། རྗེས་གྲབས་ལས་བྱེད་པའི་བྱ་བ་ལེགས་བཅོས་བྱས་ལ། ལས་བྱེད་པ་འཚར་ལོངས་ཀྱི་བགྲོད་ལམ་ལེགས་སྒྱུར་བྱས་པ་དང་། རྒྱུན་རྣམ་ཅན་གྱི་སྡེབས་སྒྲིག་དམིགས་འབེན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། ན་གཞོན་ལས་བྱེད་པའི་བྱ་བར་ཕན་འབྲས་མངོན་གསལ་བླངས་ཡོད།
གྲོས་ཚོགས་ནས་བསྟན་དོན། དེང་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ལ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རླབས་ཆེན་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ། རླབས་ཆེན་ལས་དོན་སྒྲུབ་པ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་གནད་འགག་ནི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་བྱེད་རྒྱུ་དེ་ཡིན་ལ། མཐར་གཏུགས་ན་ཕུལ་བྱུང་ན་གཞོན་ལས་བྱེད་པ་རབ་དང་རིམ་པ་སྐྱེད་སྲིང་འདེམས་སྒྲུག་བྱས་ནས་རྒྱུན་མཐུད་དེ་འབད་འཐབ་བྱེད་རྒྱུ་དེ་ཡིན། དུས་རབས་གསར་པའི་འགན་འཁྲི་གསར་པས་ང་ཚོར་འགན་འཁྲིའི་འདུ་ཤེས་དང་དགོས་གཏུགས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། མིག་རྒྱང་སྔར་ལས་རིང་པོ་དང་བྱེད་ཐབས་སྔར་ལས་ནུས་ལྡན་གྱིས་དུས་རབས་གསར་པའི་རེ་བར་མཐུན་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་དུས་ལྟར་གསར་རྙེད་དང་དུས་ལྟར་སྐྱེད་སྲིང་། རྒྱུན་ཆད་མེད་པར་འདེམས་སྒྲུག་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ལས་དོན་གྱི་འཕེལ་རྒྱས་ཐད་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་སྣོན་དགོས་པའི་རེ་བ་བཏོན་ཡོད་པས། དུས་རབས་གསར་པའི་ན་གཞོན་ལས་བྱེད་པའི་བྱ་བའི་སྤྱིའི་བསམ་ཕྱོགས་དང་དམིགས་འབེན་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་ལྟར། བསམ་བློ་གཅིག་གྱུར་དང་ངོས་ཟིན་མཐོར་འདེགས་ཀྱིས་ན་གཞོན་ལས་བྱེད་པའི་བྱ་བ་སྔར་ལས་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་སུ་གཏོང་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བ། ཏང་གི་ལས་དོན་ལ་རྒྱུན་འཛིན་པ་ཡོད་པར་བྱེད་པ་དང་དར་རྒྱས་གོང་འཕེལ་དུ་གཏོང་བ་བཅས་ལ་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་གསར་པ་དང་ལས་འགན་གསར་པ། རེ་བ་གསར་པར་མཐུན་པ། ཉེན་ཁའི་ཉམས་སད་ཐེག་ཐུབ་པ། གྲངས་ཀ་འདང་ཞིང་གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ན་གཞོན་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས།
གྲོས་ཚོགས་ནས་རིམ་པ་སོ་སོའི་ཏང་ཨུས་ཆེ་ཕྱོགས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་ལྟ་བ་ཇེ་དྲག་ཏུ་བཏང་སྟེ། ན་གཞོན་ལས་བྱེད་པའི་བྱ་བ་གྲོས་དོན་ཉིན་རིམ་གལ་ཆེན་དུ་བཞག་ནས། དངོས་སུ་དམ་འཛིན་ལེགས་འཛིན་བྱེད་དགོས་པ་དང་། ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་ནི་འགན་ཁུར་པ་དང་པོ་ཡིན་པའི་བྱ་བའི་འགན་ཁུར་ལམ་ལུགས་བཙུགས་ནས། རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྐུལ་ཁྲིད་བྱེད་པ། རིམ་པ་རེ་རེ་བཞིན་དུ་འགན་ཁུར་བ། རིམ་པ་རེ་རེ་བཞིན་དུ་དངོས་འབེབས་བྱས་ཏེ། ན་གཞོན་ལས་བྱེད་པ་གསར་རྙེད་སྐྱེད་སྲིང་འདེམས་སྒྲུག་བྱེད་པའི་བྱ་བའི་ཕན་འབྲས་དེ་ཏང་འཛུགས་བྱ་བའི་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་འཇོག་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས། །