༄༅།། བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་འཕེལ་དང་ཁྱད་ཆོས་ལ་དཔྱད་པ།
རྡོ་རྗེ་རིན་ཆེན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-06
རྡོ་རྗེ་རིན་ཆེན།
[ནང་དོན་གནད་བསྡུས།] རྩོམ་འདིར་བོད་ཀྱི་དེང་རབས་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་རྒྱུ་རྐྱེན་དང་འཕེལ་རིམ་དང་། དེའི་ལོ་རྒྱུས་འབྱུང་ཁུངས་སྟེང་གི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འབྲེལ་བར་ཞིབ་བརྗོད་དང་། བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་ཀྱི་དུས་སྐབས་ཀྱི་དབྱེ་མཚམས་དང་འབྲེལ་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་བདག་གཞིའམ་བྱེད་པོ་རྩོམ་པ་པོ་དང་ཀློག་པ་པོ། དེ་མིན་རྩོམ་རིག་བརྩམས་ཆོས་བཅས་ཀྱི་ཞིབ་འཇུག་ལ་བརྟེན་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་དུས་རབས་ཀྱི་རང་བཞིན་དང་དེའི་མཛེས་རྟོག་གི་བསམ་བློ་དང་། མི་སྒེར་གྱི་འདུ་ཤེས་བཅས་ཀྱི་ཕྱོགས་ལ་རང་བློས་ཅི་ལྕོགས་ཀྱིས་རྟོག་དཔྱོད་ཞིབ་འཇུག་བརྒྱུད་འཚོལ་ཞིབ་དང་ཕྱོགས་སྡུད་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོད་ཀྱི་དེང་རབས་རྩོམ་རིག བྱུང་འཕེལ། ལོ་རྒྱུས་རྒྱུ་རྐྱེན། རྒྱུན་འཛིན། དུས་སྐབས་ཀྱི་དབྱེ་མཚམས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-03-0142-22
བོད་ཀྱི་དེང་རབས་རྩོམ་རིག་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་ཏེ། ཀྲུང་གོའི་ཉེ་རབས་སམ་དེང་རབས་རྩོམ་རིག་དང་འཛམ་གླིང་རྩོམ་རིག་གི་མངོན་ཤུགས་གང་རུང་གི་ཤུགས་རྐྱེན་འོག་བྱུང་བའི་མི་རིགས་ཀྱི་རྩོམ་རིག་གི་རྣམ་པ་གསར་བ་ཞིག་ཡིན། བོད་ཀྱི་དེང་རབས་རྩོམ་རིག་བྱུང་བའི་ཉེར་ལེན་གྱི་རྒྱུ་རྐྱེན་གཙོ་བོ་ཕྱོགས་གསུམ་དུ་ངེས་ཏེ། དང་པོ་ནི། ཆབ་སྲིད་ལམ་ལུགས་ལ་རྩ་བའི་སྟེང་ནས་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། 1949ལོའི་ཟླ་10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། 1951ལོའི་ཟླ་5བའི་ཚེས་23ཉིན། པེ་ཅིན་ནས་《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་བར་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་དང་། སྒོས་སུ་1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ། སྤྱི་ཚོགས་རང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལམ་ལུགས་དངོས་སུ་སྤེལ། དེར་བརྟེན། བོད་ལྗོངས་དང་རྒྱལ་ཡོངས་ཀྱི་བོད་ཀྱི་ས་གནས་ཁག་གི་སྤྱི་ཚོགས་དང་ཆབ་སྲིད་ལམ་ལུགས་ཐད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་དབུ་ཚུགས། དེ་ནས་ཆབ་སྲིད་ཀྱི་སྟེང་ནས་མི་རྣམས་ལ་རང་དབང་དང་འདྲ་མཉམ། དམངས་གཙོ་དང་རང་གི་བདག་པོ་རང་གིས་བྱེད་པའི་ཁེ་དབང་ཐོབ་པ་དང་། དཔལ་འབྱོར་གྱི་སྟེང་ནས་ཐོན་སྐྱེད་རྒྱུ་ཆ་དམངས་ལ་དབང་བས། མང་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ། མི་རྣམས་ཀྱི་སྤྱི་ཚོགས་ཀྱི་གོ་གནས་དང་ཕན་ཚུན་གྱི་འབྲེལ་བ་དང་། དེ་མིན་ཐོན་སྐྱེད་དང་འཚོ་བ་བཅས་ཀྱི་སྟེང་ལ་གསར་བརྗེ་རང་བཞིན་གྱི་འགྱུར་ལྡོག་བྱུང་། གཉིས་པ་ནི། འདུ་ཤེས་འཛིན་སྟངས་ཐད་འཕོ་འགྱུར་ཚབས་ཆེན་བྱུང་བ་ནི། སྤྱི་ཚོགས་རྙིང་བའི་ལམ་ལུགས་ཏེ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་། དེར་བསྟུན་སྟེང་གི་བཀོད་པའམ་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུའང་འཕོ་འགྱུར་དང་ཤུགས་རྐྱེན་དྲག་པོ་ཐེབས་པས། མི་རྣམས་ཀྱི་བསམ་བློ་བཅིངས་འགྲོལ་དང་། རང་དབང་དང་དམངས་གཙོའམ་འདྲ་མཉམ་གྱི་སྤྱི་ཚོགས་ཀྱི་ཆབ་སྲིད་གོ་གནས་དང་བསམ་བློའི་འདུ་ཤེས་གསར་བ་བྱུང་པ་མ་ཟད། དེང་རབས་མི་ཆོས་རིང་ལུགས་ཀྱི་བསམ་བློ་དང་ཚན་རིག་གི་བསམ་བློའི་ཤུགས་རྐྱེན་གཏིང་ཟབ་ཐེབས་པས་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་སད་པ་དང་ཡར་ཐོན་བྱུང་ཡོད། གསུམ་པ་ནི། ཀྲུང་གོའི་དེང་རབས་རྩོམ་རིག་དང་འཛམ་གླིང་གི་རྩོམ་རིག་སྤྱི་དང་བྱེ་བྲག་དེང་རབས་རྩོམ་རིག་གཞུང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་རྒྱ་ཆེར་ཐེབས་པ་དང་། སྒོས་སུ་མར་ཁེ་སི་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་བསམ་བློའམ་ལྟ་བ་དང་ལེན་བྱས་པར་བརྟེན། རིགས་པའི་གཞུང་ལུགས་དང་བསམ་བློ་གསར་བ་དེ་དག་གིས་བོད་ཀྱི་དེང་རབས་རྩོམ་རིག་དབུ་བརྙེས་པ་དང་འཕེལ་རྒྱས་ལ་སྒྱུ་རྩལ་བསམ་བློ་དང་གསར་རྩོམ་ཐབས་ཤེས་སོགས་ཕྱོགས་ཡོངས་ནས་རྩ་བའི་རང་བཞིན་གྱི་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་ཡོད།
དང་པོ། བོད་ཀྱི་དེང་རབས་རྩོམ་རིག་གི་འབྱུང་ཁུངས།
བོད་ཀྱི་དེང་རབས་རྩོམ་རིག་ནི་ཡར་སྔོན་སྲོལ་རྒྱུན་རྩོམ་རིག་གི་རྒྱུན་མུ་མཐུད་དུ་སྤེལ་བ་ཞིག་ཡིན་ཏེ། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ། རྩོམ་པ་པོའི་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་དང་། དེ་མིན་སྲོལ་རྒྱུན་གྱི་གཞུང་ལུགས་དང་ཐབས་ཤེས་སོགས་ཀྱི་རྒྱུན་མུ་མཐུད་དུ་སྤེལ་བ་ཞིག་ཡིན། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་ནང་དོན་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པ་དང་། རྣམ་པའང་ཤུན་ཏུ་མང་བ་དང་། ཁྱད་པར་དུ་དམངས་ཁྲོད་རྩོམ་རིག་སྟེ། དཔེར་ན། འཛམ་གླིང་གི་ཨང་དང་པོར་གྲགས་པའི་དོན་བརྗོད་རང་བཞིན་གྱི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་མོ་《གེ་སར་རྒྱལ་པོའི་སྒྲུང་》 དང་། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དང་། དམངས་གཞས་གླུ་དང་། གཏམ་དཔེ་སོགས་རྒྱ་མཚོ་ལྟ་བུར་བརྗོད་ཀྱིས་མི་ལང་པ་མཆིས་པ་ནི། བོད་ཀྱི་དེང་རབས་རྩོམ་རིག་གསར་པའི་འཛད་དུ་མེད་པའི་རྩོམ་རིག་གི་བང་མཛོད་ཆེན་པོ་གཉིས་སུ་གནས། གཞན་ཡང་ཀྲུང་གོའི་དེང་རབས་རྩོམ་རིག་དང་འཛམ་གླིང་རྩོམ་རིག དེ་མིན་དེང་རབས་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་བསམ་བློ་གསར་པ་དང་སྒྱུ་རྩལ་གྱི་ཐབས་ཤེས་གསར་པས་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་དང་། ཁྱད་པར་དུ་དངོས་ཡོད་རིང་ལུགས་དང་རྟོག་པ་འཆར་ཡན་རིང་ལུགས་ཀྱི་བསམ་བློ་དང་གསར་རྩོམ་ཐབས་ཤེས་དང་ལེན་བྱས་པས། བོད་ཀྱི་དེང་རབས་རྩོམ་རིག་གི་གསར་རྩོམ་དང་འཕེལ་རྒྱས་ལ་བསམ་བློ་དང་ཐབས་ཤེས་གསར་བའི་ཚེ་སྲོག་ཞུགས།
དུས་ཀྱི་ཆ་ནས་བལྟས་ན། བོད་ཀྱི་དེང་རབས་རྩོམ་རིག་ནི་ཀྲུང་གོ་གསར་བ་བཙུགས་པའི་རྗེས་ཏེ། 1951ལོར་བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་པ་དང་། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་བརྒྱུད་རིམ་ནས་བྱུང་བ་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ཚད་བརྒལ་བྱུང་བའི་རྐྱེན་གྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཀྱང་གོང་དུ་སྤེལ། དེ་ཡང་ཁ་ཤས་ཀྱིས་ལོ་རབས་བརྒྱད་ཅུ་བ་ནས་བྱུང་བའི་བོད་ཀྱི་རྩོམ་རིག་གསར་བ་ལ་བོད་ཀྱི་དེང་རབས་རྩོམ་རིག་ཏུ་འདོད།
གནས་ཀྱི་ཆ་ནས་བལྟས་ན། བོད་ཀྱི་དེང་རབས་རྩོམ་རིག་ནི་བོད་རང་སྐྱོང་ལྗོངས་དང་། ཀན་སུའུ་དང་མཚོ་སྔོན་དང་། སུ་ཁྲོན་དང་ཡུན་ནན་ཞིང་ཆེན་བཅས་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་ས་གནས་སོ་སོར་གསར་དུ་བྱུང་བའི་རྩོམ་རིག་གི་རྣམ་པ་གསར་པ་དེའོ།།
རྩོམ་རིག་གི་བྱེད་པོའི་ཕྱོགས་ནས་བལྟས་ན། བོད་ཁམས་ཡོངས་ལ་རིམ་བཞིན་དེང་རབས་རང་བཞིན་གྱི་སློབ་གསོའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཙུགས་པའི་འོག་སྐྱེད་སྲིང་དང་འཚར་ལོངས་བྱུང་བའི་མི་རབས་གསར་པའི་བོད་རིགས་ཡོན་ཏན་པ་དང་རྒྱ་ཆེའི་མི་དམངས་གསར་རྩོམ་གྱི་བདག་པོའམ་ལྟ་ཀློག་གམ་དང་ལེན་གྱི་བདག་པོར་གྱུར་པ་དང་། རྩོམ་རིག་གི་ངོ་བོའི་སྟེང་ནས་བལྟས་ན། རྩོམ་རིག་གི་ལྟ་བ་ནས་རྩོམ་པ་པོའི་སྤྱི་ཚོགས་ཀྱི་གོ་གནས་དང་ཐོབ་ཐང་། སྒྱུ་རྩལ་མཚོན་ཐབས་ནས་རྩོམ་ལུས་དང་སྐད་ཆ་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྲོལ་རྒྱུན་རྩོམ་རིག་ལས་ཡོངས་སུ་གསར་གཏོད་དང་དགག་སྒྲུབ་བྱེད་པའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བའི་མི་རིགས་ཀྱི་རྩོམ་རིག་གི་རྣམ་པ་གསར་པ་ཞིག་ཏུ་གྲུབ། དེས་སྤྱི་ཚོགས་གསར་པའི་དངོས་ཡོད་འཚོ་བའི་རྣམ་པ་དང་མི་རྣམས་ཀྱི་ནང་སེམས་ཀྱི་འཇིག་རྟེན་གྱི་སྣང་ཚུལ་རིས་སུ་ཐོན་པར་འབྲི་བཞེངས་བྱེད་པ་སྙིང་པོར་བཟུང་སྟེ། དེང་རབས་ཀྱི་བོད་མིའི་རྣམ་པ་གསར་པ་གསོན་ཉམས་ལྡན་པར་བཞེངས་སྐྲུན་བྱེད་པར་ཁོ་རང་ཚོའི་ནང་སེམས་ཀྱི་འཇིག་རྟེན་ཏེ། འདོད་ཡོན་ལྔ་ལ་སོགས་པའི་དམིགས་འདུན་སྣ་ཚོགས་ཀྱིས་དྲངས་པའི་ཆགས་སྡང་དང་ཞེན་ལོག་དང་། འདོད་ཧམ་དང་སྡུག་བསྔལ་དང་། ཐེ་ཚོམ་དང་ཡིད་ཆེས་ལ་སོགས་པའི་ནང་སེམས་ཀྱི་འགལ་འདུ་སྣ་ཚོགས་ཀྱི་འཇིག་རྟེན་མཚོན་པས། བོད་ཀྱི་དེང་རབས་རྩོམ་རིག་རྩ་བའི་སྟེང་ནས་མིའི་ལྷན་སྐྱེས་ཀྱི་རང་བཞིན་དང་སྟོབས་ཤུགས་མཚོན་པའི་མཐར་ཐུག་གི་དམིགས་པའི་སྟེང་དུ་ཕྱོགས་པའི་འགོ་བརྩམས། བོད་ཀྱི་དེང་རབས་རྩོམ་རིག་གིས་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་ཐབས་ཤེས་གཙོར་བཟུང་ཐོག ཐབས་ཤེས་དང་གཞུང་ལུགས་གཞན་དག་མེ་ལོང་དུ་བསྟེན་ནས་སྤྱི་ཚོགས་འཚོ་བ་དངོས་ལ་ཁ་ཕྱོགས་ཏེ། དཀའ་སྤྱད་སྡུག་རུས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གསར་བའི་བགྲོད་ལམ་འཚོལ་ཞིབ་དང་གསར་གཏོད་བྱས་པ་མ་ཟད། དར་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་གསར་པ་ཞིག་ཤར་བཞིན་ཡོད།
བོད་ཀྱི་དེང་རབས་རྩོམ་རིག་དང་སྲོལ་རྒྱུན་རྩོམ་རིག་བར་གྱི་འབྱུང་ཁུངས་ཀྱི་འབྲེལ་བར་རྟོགས་དཔྱོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་ཤུགས་སྣོན་རྒྱག་དགོས་པའི་གནས་ཤིག་ཡིན་པར་སྨོས་མ་དགོས་ཏེ། བོད་ཀྱི་དེང་རབས་རྩོམ་རིག་ནི་དུས་ཡུན་རིང་པོའི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་ཆོས་ལུགས་རིག་གནས། དེ་མིན་ཡུལ་སྲོལ་གོམས་གཤིས་བཅས་རིག་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པའི་རྨང་གཞི་དང་། ཁྱད་པར་དུ་ནང་ཆོས་བོད་དུ་དར་བས། ནང་བསྟན་གྱི་གསུང་རབ་དང་རྩོམ་རིག་སྒྱུ་རྩལ་དང་། དེ་མིན་རྒྱ་གར་གྱི་རིག་བྱེད་རྩོམ་རིག་《དཔའ་པོའི་ལོ་རྒྱུས་སྙན་ངག་རིང་མོ་》གཉིས་ལ་སོགས་པའི་རྩོམ་རིག་གི་བསྟན་བཅོས་མང་བོ་ལོ་ཙྰའི་ལམ་ནས་བོད་ཡིག་ཏུ་འགྱུར་པས། བོད་ཀྱི་ས་གནས་རྩོམ་རིག་ལ་འཕོ་འགྱུར་དང་འཕེལ་རྒྱས་བྱུང་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། སྔོན་གྱི་དམངས་ཁྲོད་ཀྱི་ངག་རྒྱུན་གྱི་རྣམ་པར་གནས་པའི་བོད་ཀྱི་གདོད་མའི་རྩོམ་རིག་གི་རྣམ་པ་རིམ་བཞིན་རྩོམ་པ་པོའི་རྩོམ་རིག་གི་རྣམ་པར་གྱུར་པས། བོད་ཀྱི་སྔ་མའི་ངག་རྒྱུན་རྩོམ་རིག་ལས་རྩོམ་པ་པོའི་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གཉིས་སུ་གྱེས། རྩོམ་པ་པོའི་རྩོམ་རིག་གིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་དར་རྒྱུན་གྱི་རྩ་བའི་གོ་གནས་བཟུང་ཡོད། མཁས་པའང་ཇི་སྙེད་ཅིག་བྱུང་ཞིང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་སྐད་གྲགས་ཆེ་བས། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཙོ་ཁྲིད་དང་ཁ་ལོ་བྱེད་པའི་ནུས་པ་འདོན་བཞིན་ཡོད། དམངས་ཁྲོད་རྩོམ་རིག་ནི་རིག་གནས་ཀྱི་ཆུ་ཚད་དམའ་བའི་དམངས་ཁྲོད་ན་ཅུང་ཟད་གདོད་མའི་རྣམ་པར་གནས་པ་དང་། མངོན་སུམ་གྱི་ཚོར་སྣང་དང་བབ་ཆགས་པའི་བསམ་པའི་འཁྱེར་སོའི་སྒོ་ནས་མིའི་རྩ་བའི་རང་བཞིན་དང་གདོད་མའི་འདོད་མོས་དང་སྟོབས་ཤུགས་སྣ་ཚོགས་མཚོན་པ་དང་། ཚེ་སྲོག་གི་ཉམས་ལེན་འཚོ་བའི་ཉམས་མྱོང་ལས་རྟོགས་པའི་ཚོར་སྣང་དང་། གདོད་མའི་དམིགས་པ་དང་དྲན་པ་སྣ་ཚོགས་མཚོན་བཞིན་ཡོད་པ་མ་ཟད། མི་རིགས་རང་གི་སྒྱུ་རྩལ་གྱི་བསམ་གཞིགས་དང་བསམ་པའི་འཁྱེར་སོ་མཚོན་པ། མཚོན་ཐབས་ཀྱི་རྣམ་པ་ལ་རྟེན་འབྲེལ་གྱི་བསམ་གཞིགས་དང་འཆར་སྣང་། གབ་ཚིག་དང་དཔེར་བརྗོད། གཏམ་རྒྱུད་དམ་ལྷ་སྒྲུང་སོགས་ཀྱི་གདོད་མའི་དཔེ་དོན་གྱི་སྦྱོར་སྟངས་བཅས་བེད་སྤྱད་ཅིང་འཕེལ་རྒྱས་སུ་བཏང་བས། རྩོམ་པ་པོའི་རྩོམ་རིག་གི་འཕེལ་རྒྱས་ལ་བསམ་བློའི་རྒྱུ་དང་རྣམ་པའི་དཔེ་སྲོལ་ཕུན་སུམ་ཚོགས་པ་བཏོན་ཡོད།།
1.བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་པ་པོའི་རྩོམ་རིག་ནི། རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་བརྒྱུད་ནང་བསྟན་རིག་གནས་དང་ནང་བསྟན་རྩོམ་རིག་དང་། དེ་མིན་རྒྱ་གར་གྱི་རིག་བྱེད་རྩོམ་རིག་ལས་ཐད་ཀར་བྱུང་ཞིང་དར་རྒྱས་བྱུང་བ་ཞིག་ཡིན་ཞེས་བརྗོད་ཆོག་པར་སྣང་། ནང་བསྟན་གྱི་གསུང་རབ་རྒྱ་མཚོ་ལྟ་བུ་རིམ་བཞིན་བོད་ཡིག་ཏུ་འགྱུར་བར་བསྟུན། ངོ་མཚར་ཞིང་ཡིད་འཕྲོག་པའི་རིག་བྱེད་རྩོམ་རིག་དང་ནང་བསྟན་རྩོམ་རིག་བོད་དུ་འགྱུར་བ་དང་། ཁྱད་པར་དུ་རྒྱ་གར་གྱི་གནའ་རབས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་དེ་གཉིས་བོད་དུ་འགྱུར་པས་བོད་རང་སའི་རྩོམ་རིག་གི་བརྗོད་བྱའི་ནང་དོན་དང་མཚོན་བྱེད་རྣམ་པ་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་ཤུགས་དྲག་ཐེབས་ཏེ། བོད་ཀྱི་གནའ་རབས་རྩོམ་རིག་གི་བསམ་བློ་དང་སྒྱུ་རྩལ་གྱི་རྣམ་པ། དེ་མིན་གསར་རྩོམ་གྱི་ཐབས་ཤེས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་། ནང་བསྟན་གྱི་བསམ་བློ་རིག་གནས་ཀྱིས་མི་རྣམས་ཀྱི་བསམ་བློ་དང་རིན་ཐང་གི་ལྟ་བ་དང་མི་ཚེའི་ལྟ་བ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། རིམ་བཞིན་བོད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་རྩ་བའི་བསམ་བློ་དང་རིག་གནས་ཀྱི་རྨང་གཞིར་གྱུར་པ་མ་ཟད། རྩོམ་རིག་གི་བརྗོད་བྱའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་པ་དང་། དེ་དང་འབྲེལ་ཏེ་བོད་ཀྱི་རྩོམ་རིག་གི་བསམ་བློའི་རང་བཞིན་དང་མཛེས་རྟོག་གི་བསམ་བློའང་གཏིང་ཇེ་ཟབ་ཏུ་འཕེལ་རྒྱས་བྱུང་།
དེའི་ཕྱིར་བོད་ཀྱི་རྩོམ་པ་པོའི་རྩོམ་རིག་ནི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་ཀྱི་རྩོམ་རིག་གསར་རྩོམ་བྱེད་མཁན་རྩོམ་པ་པོ་ནས་ཀློག་མཁན་ནམ་དང་ལེན་བྱེད་མཁན་ཚང་མ་གྲྭ་བཙུན་དང་བཤེས་གཉེན་ཆེན་པོ། ཡང་ན་དཔོན་རིགས་དང་སྐུ་དྲག་མི་དྲག་དང་། དེ་མིན་དགེ་འདུན་གྱི་སྡེ་གཙོ་བྱེད་པའི་དགོན་སྡེ་ཆེ་འབྲིང་ཆུང་གསུམ་ནི་བོད་བརྒྱུད་ནང་བསྟན་རིག་གནས་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་གནས་དང་བརྒྱུད་སྒྲོག་བྱེད་སའི་ལྟེ་གནས་སུ་གྱུར་པ་དང་། རྩོམ་རིག་གི་བརྗོད་བྱའི་བསམ་བློའི་ནང་དོན་ནས་སྒྱུ་རྩལ་གྱི་རྣམ་པའི་ཕྱོགས་ཡོངས་ནས་ནང་བསྟན་རིག་པའི་ནང་དོན་བརྗོད་བྱའི་སྙིང་པོ་བྱས་ནས་ནང་བསྟན་གྱི་བསམ་བློ་དང་སྤྱོད་པ་སོགས་དྲིལ་སྒྲོགས་བྱེད་པ་དང་བརྗོད་བྱའི་སྙིང་པོར་གྱུར་པས། བོད་ཀྱི་རྩོམ་རིག་ལ་གཏིང་ཟབ་པའི་ནང་བསྟན་གྱི་མཚན་ཉིད་རིག་པའི་རྗེས་དཔག་གི་རང་བཞིན་ལྡན་ཞིང་ངོ་མཚར་བའི་ལྷ་ཆོས་རིག་པའི་ཁྱད་ཆོས་ལྡན་པར་གྱུར། སྒྱུ་རྩལ་གྱི་རྣམ་པ་དང་རྩོམ་གཤིས་སྟེང་དོན་བརྗོད་རང་བཞིན་དང་ནང་བསྟན་གྱི་སྐྱེས་རབས་གཏམ་རྒྱུད་དང་། གནའ་གཏམ་དང་ལྷ་སྒྲུང་གི་རྣམ་པ་སོགས་ངོ་མཚར་བའི་ཉམས་ཀྱིས་ཕྱུག་པར་གཏམས་ཡོད། རྟོག་བཟོ་དང་དཔེར་བརྗོད་དང་། རྨི་ལམ་དང་འཕྲུལ་སྣང་སོགས་དངོས་འདས་ཀྱི་ལྷ་ཆོས་རིག་པའི་ངོ་མཚར་བའི་ཉམས་ཀྱིས་མཛེས་པར་རྒྱན་ཡོད། དེ་ནས་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་སྟེང་གི་“རྩོམ་གྱིས་ཆོས་ཉིད་བརྗོད་པར་”①འདོད་པའི་རྗེས་དཔག་རང་བཞིན་གྱི་གཟུགས་འདས་རིག་པར་མཐོང་ཆེན་བྱེད་པའི་ལྟ་བ་དང་མཚུངས་པའི་ནང་བསྟན་ཆོས་ལུགས་ཀྱི་བསམ་བློ་དྲིལ་སྒྲོག་བྱེད་པ་བརྗོད་བྱའི་སྙིང་བོར་བཟུང་བའི་བོད་ཀྱི་བཙན་པོའི་དུས་རབས་རྗེས་ཀྱི་རྩོམ་རིག་གི་བསམ་པའི་དར་རྒྱུན་ཞིག་ཆགས་ཡོད། དེས་གནའ་བོའི་རྒྱ་གར་གྱི་ནང་བའི་ཆོས་གཞུང་སྟེ་བཀའ་བསྟན་ཁྲོད་ཀྱི་རྩོམ་རིག་(གཏམ་རྒྱུད་)དང་། དེ་མིན་རིག་བྱེད་རྩོམ་རིག་འབོར་ཆེན་བོད་ཡིག་ཏུ་བསྒྱུར་པའི་བོད་འགྱུར་མིག་དཔེར་བསྟེན་ནས་ཡང་བསྐྱར་གསར་རྩོམ་བྱེད་པ། དཔེར་ན། རྗེ་ཙོང་ཁ་བློ་བཟང་གྲགས་པས་མཛད་པའི་《བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་》①དང་། ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི་《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་》②དང་། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་མཛད་པའི་《སྐྱ་བསེང་བུ་ལྔའི་རྟོགས་བརྗོད་》(མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་ལ་བརྟེན་ནས་ཡང་སྐྱར་བརྩམས་པ་)③དང་། དེ་མིན་ཚིགས་སུ་བཅད་པའི་རྩོམ་དང་ལེགས་བཤད་དང་། བསླབ་བྱ་སོགས་ཚིགས་བཅད་སྙན་ངག་གི་བརྩམས་ཆོས་མང་པོ་བརྩམས་ཡོད།
སྒྱུ་རྩལ་གྱི་རྣམ་པའི་སྟེང་ནས་གནའ་བོའི་རྒྱ་གར་གྱི་ཚིགས་བཅད་སྙན་ངག་ལ་སློབ་སྦྱོང་དང་མིག་དཔེར་བཟུང་ནས་གསར་རྩོམ་བྱེད་པ་དང་། ཚིག་སྦྱོར་བྱེད་སྟངས་གནའ་བོའི་རྒྱ་གར་གྱི་མངོན་བརྗོད་དང་ཚིག་རྒྱན་རིག་པའི་གཞུང་ལ་སློབ་སྦྱོང་དང་ཚད་མར་འཛིན་པ། ས་སྐྱ་པའི་སྐབས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལྟར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ས་སྐྱའི་གཙུག་ལག་ཁང་ནས་རྒྱ་གར་གྱི་སྙན་ངག་སྨྲ་བའི་སློབ་དཔོན་ཆེན་པོ་དཎྡའི་སྙན་གཞུང་སྐད་གྲགས་ཅན་《སྙན་ངག་མེ་ལོང་》④བོད་སྐད་དུ་བསྒྱུར་པས། སྒྱུ་རྩལ་གྱི་རྣམ་པ་ནས་གསར་རྩོམ་གྱི་ཐབས་ཤེས་(རྩོམ་ལུས་དང་བརྗོད་བྱ། ཚིག་རྒྱན་སོགས་ནས་)ལ་ཕྱོགས་ཡོངས་ནས་མཐོར་འདེགས་དང་ཚད་ལྡན་དུ་འཕེལ་པས། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལག་ལེན་དང་རྩོམ་རིག་གཞུང་ལུགས་རིམ་བཞིན་རང་རྟོགས་དང་འཐུས་ཚང་ཅན་དུ་གྱུར། བརྗོད་བྱའི་ནང་དོན་རྣམས་རྗེས་དཔག་གི་རིགས་པར་ངེས་པ་དང་སྒྱུ་རྩལ་སྣང་བརྙན་ཡང་གཏན་ཆགས་ཀྱི་རྣམ་པར་གྲུབ་པ། ནང་བསྟན་གྱི་བསམ་བློ་དང་ཀུན་སྤྱོད་ཀྱི་འདུ་ཤེས་བརྗོད་བྱའི་སྙིང་པོར་གྱུར་པ་བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་དང་རྩོམ་གཤིས་སུ་གྱུར་པའི་རྣམ་ཐར་དང་། རྟོགས་བརྗོད་དང་། སྒྲུང་རྩོམ་དང་། སྙན་རྩོམ་དང་ཟློས་གར་རྩོམ་རིག་སོགས་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་འཕེལ་རྒྱས་བྱུང་། དཔེར་ན། 《རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་མགུར་གླུ་》⑤དང་། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་》དང་། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》དང་། 《བྱ་སྤྲེལ་གཏམ་རྒྱུད་》དང་། བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་དང་། དེ་མིན་ལེགས་བཤད་དང་། བསླབ་བྱ་དང་། མགུར་གླུ་སོགས་ཀྱི་རྩོམ་རིག་བརྩམས་ཆོས་རྒྱ་ཆེར་ཐོན་པས། བོད་ཀྱི་གནའ་རབས་རྩོམ་རིག་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སྤེལ། ཁྱད་པར་དུ་བརྗོད་བྱའི་ནང་དོན་ལ་རྗེས་དཔག་གི་བསམ་བློ་མངའ་བ་དང་སྐད་ཆའི་སྦྱོར་བ་ལ་ཚིག་རྒྱན་རིག་པའི་རྣམ་པ་མཐོ་ཤོས་སུ་སླེབས་པ་ནི་ང་ཚོས་ནན་ཏན་གྱིས་རྟོག་དཔྱོད་ཞིབ་འཇུག་བྱེད་དགོས་པའི་གནས་གལ་ཆེན་ཞིག་ཡིན།
2.བོད་ཀྱི་དམངས་ཁྲོད་རྩོམ་རིག་ནི། དམངས་ཁྲོད་དུ་ངག་རྒྱུན་གྱི་རྣམ་པར་གནས་པ་དང་འཕེལ་རྒྱས་བྱུང་བའི་གདོད་མའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། དེ་སྲིད་གཞུང་དང་ཆོས་ལུགས་ཀྱི་འདུ་ཤེས་ཀྱི་དབང་སྟོབས་ཅུང་ཟད་ཞན་པའི་འོག་རིམ་དམངས་ཁྲོད་ཀྱི་སྤྱི་ཚོགས་སུ་གནས་ཤིང་འཕེལ་བཞིན་ཡོད་པས། དེས་གདོད་མའི་དུས་ཀྱི་རིག་གནས་ཀྱི་རྣམ་པའི་ཁྱད་ཆོས་བཟུང་ཡོད་པ་དང་། ཆབ་སྲིད་དང་ཆོས་ལུགས་ཀྱི་སྐད་ཆའི་ཤན་ཞུགས་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཤུགས་རྐྱེན་དང་དབང་སྡུད་ཆེན་པོ་ཐེབས་མེད་པས། དེར་ལོ་ངོ་སྟོང་ཕྲག་དུ་མའི་རིང་བག་ཏུ་ཆགས་པ་དང་བརྒྱུད་པར་བྱུང་བའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་འདུས་པ་མ་ཟད། གདོད་མའི་དཔེ་བརྗོད་དང་རིག་པའི་འཁྱེར་སོ་ཕུན་སུམ་ཚོགས་པར་འདུས་ཡོད་པས། དེ་ནི་གདོད་མའི་རང་བཞིན་ལྷད་མེད་ཅིག་ཡིན་པར་གོར་མ་ཆག
དམངས་ཁྲོད་རྩོམ་རིག་ཁྲོད་རྩོམ་རིག་ཐམས་ཅད་ཀྱི་ཆེས་རྩ་བའི་རྣམ་པ་དང་མི་རིགས་སོ་སོ་གཅིག་མཐུན་གྱི་རིན་ཐང་གི་ལྟ་བ་དང་སྒྱུ་རྩལ་གྱི་གྲུབ་ཆའི་རྒྱུ་རྣམས་འདུས་ཡོད། དེར་བརྟེན་བོད་ཀྱི་དམངས་ཁྲོད་རྩོམ་རིག་ནི་རྩོམ་པ་པོའི་རྩོམ་རིག་གི་འབྱུང་ཁུངས་དང་རྨང་གཞི་ཡིན། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཤུགས་ན་མི་རིགས་རང་གི་ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་སྐྱོང་སྟངས། དེ་མིན་མི་རྣམས་ཀྱི་བློ་སྒོ་འབྱེད་སྟངས་དང་ཤེས་རིག་འཕེལ་ཚུལ་གྱི་ལོ་རྒྱུས་རྒྱུད་རིམ་རྣམས་འདུས་པ་མ་ཟད། འཚོ་གནས་ཀྱི་དགོས་མཁོ་ལས་གྲུབ་པའི་ཐོན་སྐྱེད་དང་འཚོ་བའི་སྐོར་གྱི་ཤེས་བྱ་དང་། མི་ཆོས་ཚུལ་ལུགས་སྐོར་གྱི་ཚད་མ་དང་རིན་ཐང་གི་ཚད་ཐིག་དང་། དེ་མིན་ཕུགས་བསམ་དང་བདེ་སྡུག་གི་སྣང་བ་སོགས་འདུས་ཡོད། དཔེར་ན། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དང་། 《མི་རོ་རྩེ་སྒྲུང་》དང་། 《ཡེ་ཤེས་སྒྲོལ་མ་》དང་། 《རྣམ་རྒྱལ་ཚེ་ལོའི་གཏམ་རྒྱུད་》དང་། 《སྲིད་པའི་ཆགས་གླུ་》དང་། དེ་མིན་བྱིས་སྒྲུང་སྣ་ཚོགས་ལས་བོད་ཀྱི་གནའ་མི་ཚོས་རང་བྱུང་ཁམས་ཆེན་པོ་དང་། མིའི་རིགས་དང་མི་རང་ཉིད་སྐོར་གྱི་གསང་བ་མང་བོར་འཚོལ་རྟོག་ཞིབ་འཇུག་བྱེད་པའི་སྤྲོ་སེམས་དང་ཞུམ་པ་མེད་པའི་སྙིང་སྟོབས་སོགས་ཚད་འདྲ་མིན་དུ་མཚོན་ཡོད་དེ། དཔེར་ན། དཔའ་པོ་ལ་བསྟོད་པ་དང་། དགེ་བའི་ལས་ལ་སྐུལ་མ་དང་ཉེས་སྤྱོད་ལ་ཆད་པ་དང་། ཞི་བདེ་ལ་ཡིད་སྨོན་དང་། རང་མོས་ཀྱི་མཛའ་མཐུན་ལ་བསྟོད་སྔགས་བྱེད་པ་ལ་སོགས་ཀྱི་ཕུགས་བསམ་གྱི་འདུན་པ་ཤུགས་དྲག་ཅིང་ཕུན་སུམ་ཚོགས་པའི་ནང་སེམས་ཀྱི་བདེ་སྡུག་གི་སྣང་བ་དང་མཛེས་སྡུག་ལྡན་ཞིང་ངོ་མཚར་བའི་རྟོག་པ་འོག་འགྱུའི་འཇིག་རྟེན་རྣམས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ཏུ་མངོན་ཤུགས་གང་རུང་ནས་མཚོན་བཞིན་ཡོད། དེ་ལས་ཀྱང་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ལ་ཐད་ཀར་ངོ་རྒོལ་བྱེད་པ་དང་ཆོས་ལུགས་ཀྱི་འདོད་སྤོང་གི་བསམ་བློར་དགག་པ་རྒྱག་པ་དང་། མིའི་འཚོ་གནས་ཀྱི་འདོད་པ་དང་མི་གཤིས་ཀྱི་རང་མོས་ཀྱི་འཕེལ་རྒྱས་ཀྱི་དབང་ཐང་ལ་ཁས་ལེན་བྱེད་པ་དང་། རང་མོས་དང་ཞི་བདེ་ལ་སྨོན་པའི་བསམ་འདུན་མཚོན་པ། གཞན་ཡང་འོག་རིམ་གྱི་ངལ་རྩོལ་མང་ཚོགས་ཀྱི་འཚོ་གནས་ལ་སེམས་འཁུར་དང་བསམ་གཞིགས་བྱེད་པའི་འདུན་པ་མཚོན་ཡོད། ཟོལ་མེད་དྲང་གཏམ་དང་གསོན་ཉམས་ལྡན་པའི་མང་ཚོགས་ཀྱི་ཁ་རྒྱུན་གྱི་སྐད་ཆ་བེད་སྤྱད་ནས་སྒྱུ་རྩལ་སྣང་བརྙན་གསར་སྐྲུན་དང་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་པ། མར་ཁེ་སིས་གསུངས་པ་ནང་བཞིན། “སྐད་ཆ་ནི་སེམས་པ་ཐད་ཀར་མཚོན་བྱེད་ཅིག་ཡིན།” ཞེས་པ་ལྟར། སྐད་ཆ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་དང་འཇིག་རྟེན་དང་མི་ཚེའི་ཉམས་ལེན་ལས་སྐྱེས་པའི་ཚོར་བ་དང་རྟོགས་པ་དང་། བདེ་སྡུག་གི་སྣང་བ་སོགས་ཐད་ཀར་བརྗོད་པའམ་མཚོན་པ་དང་། དེ་མིན་སྐད་ཆ་ལས་མི་གཤིས་ཀྱི་མཛེས་པ་དང་རང་མོས་ཀྱི་འདུན་པ་ལ་ཁས་ལེན་དང་ཡིད་སྨོན་གྱི་སེམས་མཚོན་པར་བྱེད་དོ།། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དང་《མི་རོ་རྩེ་སྒྲུང་》ལ་སོགས་པའི་བོད་ཀྱི་དམངས་ཁྲོད་ཀྱི་གླུ་མ་བཤད་ཀྱི་གཏམ་རྒྱུད་ཀྱིས་བོད་ཀྱི་དོན་བརྗོད་རྩོམ་རིག་གི་འཕེལ་རྒྱས་ལ་ས་བོན་བཏབ་ཡོད་དེ། བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་པ་པོའི་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གཉིས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་བསམ་བློའི་རྒྱུ་ཕུན་སུམ་ཚོགས་པར་བཏོན་པ་དེ་དག་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་འབྱུང་ཁུངས་དང་འཕེལ་རྒྱས་ཀྱི་ཞིང་ས་གཤིན་པོའམ་ཕ་གཞིས་ཡིན་པར་གོར་མ་ཆག
གཉིས་པ། བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་དང་གྲུབ་འབྲས།
བོད་ཀྱི་དེང་རབས་རྩོམ་རིག་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་སྒྱུར་བཅོས་དང་འཕེལ་རྒྱས་ལས་ཐོན་པའི་རྩོམ་རིག་གི་རྣམ་པ་གསར་པ་ཞིག་ཡིན། དེའི་འཕེལ་རྒྱས་ལ་ཕལ་ཆེར་དུས་སྐབས་གཙོ་བོ་གཉིས་བརྒྱུད་ཡོད་དེ། དུས་སྐབས་དང་པོ་ནི། 1951ལོ་ནས་1978ལོའི་སྐབས་ཡིན། སྐབས་འདིར་བོད་ཞི་བའི་བཅིངས་འགྲོལ་དང་དམངས་གཙོ་གསར་བརྗེ། རིག་གནས་གསར་བརྗེ་ཆེན་པོ་སོགས་ཀྱི་ཆབ་སྲིད་ལས་འགུལ་གང་མང་བྱུང་བ་དང་། སྔ་རྗེས་སུ་ལོ་ངོ་27་སོང་། སྐབས་དེའི་རྩོམ་རིག་ཕྱོགས་ཀྱི་གྲུབ་འབྲས་གཙོ་བོ་སྙན་རྩོམ་གྱི་ཕྱོགས་ཡིན་ཏེ། དཔེར་ན། བོད་ཀྱི་མཁས་པ་སྐད་གྲགས་ཅན་དང་སྙན་ངག་པ་ཚ་སྤྲུལ་ངག་དབང་བློ་བཟང་དང་། སྙན་ངག་པ་སྐད་གྲགས་ཅན་རབ་རྒྱས་པ་སངས་དང་། ལོ་རབས་60པའི་ནང་གི་སྙན་ངག་པ་ཡི་དམ་ཚེ་རིང་དང་རྟ་མགྲིན་མགོན་པོ་སོགས་འཚར་ལོངས་བྱུང་བ་དང་། དེ་མིན་བོད་སྐྱོད་དམག་མི་དང་ལས་བྱེད་མི་སྣའི་ཁྲོད་ནས་ཀྱང་སྙན་ངག་པ་མང་པོ་ཞིག་བྱུང་བ་། དཔེར་ན། གོ་ཕེན་དང་། ཝང་ཕྲིན་དོན་དང་དབྱང་ཤིན་ཧོ་སོགས་དང་། སྐབས་དེར་སྙན་རྩོམ་གསར་པ་གྲངས་འབོར་ཞིག་བརྩམས་པ་དང་། དེ་མིན་དམངས་ཁྲོད་དུ་དར་བའི་དམངས་གླུ་གསར་པ་མང་བོ་ཞིག་བྱུང་། དེ་ནི་སྲོལ་རྒྱུན་སྙན་ངག་གི་གསར་བཅོས་ཤིག་དང་ཡང་ན་སྙན་ངག་གི་རྣམ་པ་གསར་པ་ཞིག་རེད། གཞན་ཡང་གསར་འགྱུར་འགོད་མཁན་རྣམས་ཀྱིས་བྲིས་པའི་གསར་འགྱུར་དང་བཅས་པའི་རྩོམ་ཡིག་གསར་པས་བོད་ཀྱི་རྩོམ་ཡིག་གི་དུས་རབས་གསར་པའི་སྒོ་གླེགས་རྣམ་པར་ཕྱེ། སྒྲུང་རྩོམ་དང་ཟློས་གར་རྩོམ་རིག་གི་གསར་རྩོམ་ཡང་དེ་ནས་མགོ་བརྩམས་པས་བརྩམས་ཆོས་ངེས་ཅན་ཞིག་ཐོན་ཞིང་། ཅུང་ཟད་སྐད་གྲགས་ཅན་ནི་ཞིའུ་ཧྥེ་ཀྲུང་གིས་བརྩམས་པའི་《ང་ཚོས་བརྩེ་དུང་གི་ས་བོན་བཏབ་པ་》①ཞེས་པའི་སྒྲུང་རིང་ཁོ་ན་ཡིན། ཚ་བ་སྤྲུལ་སྐུ་ངག་དབང་བློ་བཟང་མཆོག་ནི་སྐབས་དེའི་རིག་གནས་ཐད་ཀྱི་དཔེ་མཚོན་ལྟ་བུ་ཐོན་ཡོད། 1954ལོའི་ཟླ་12པའི་ཚེས་25ཉིན། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཁམས་དབུས་གཞུང་ལམ་དང་མཚོ་བོད་གཞུང་ལམ་གཉིས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ནས་རླངས་འཁོར་གཏོང་བའི་ཚེ། ཁོང་ཉིད་སྐུ་དངོས་ཀྱིས་རླབས་ཆེ་བའི་ཨར་ལས་ཀྱི་ལས་གཞི་ཆེན་པོ་དེ་འགྲུབ་སྟེ། རླབས་འཁོར་རྣམས་སྦྲུལ་གྱི་ཐག་གདང་འཐེན་པ་ལྟར་གྲོང་ཁྱེར་ས་ལྷའི་ཉེ་འགྲམ་དུ་སྐྱོད་བཞིན་པ་མཐོང་བས། ཡིད་ཀྱི་སྤྲོ་རླབས་རབ་ཏུ་འཕྱུར་ཞིང་འཆར་སྣང་ཁྲི་མ་འབུམ་གྱིས་ཁེངས་ཏེ། 《གསེར་གྱི་ཟམ་པ་གཡུའི་དར་སྐུད་》ཅེས་པའི་ལོ་རྒྱུས་རང་བཞིན་གྱི་སྙན་རྩོམ་བྲིས་ཏེ། སྔར་བྱུང་མ་མྱོང་བའི་ལམ་བཟོའི་ཨར་ལས་ཀྱི་དཔུང་ཚོགས་ཆེན་པོས་ལོ་ངོ་སྟོང་ཕྲག་དུ་མར་མི་རྟ་འགྲོ་བ་ཕར་བཞག་བྱའང་འཕུར་དཀའ་བའི་བྲག་འཕྲང་བཙན་པོ་དང་རི་གཟར་དང་། བལྟས་ན་སྙིང་རྩ་འདར་བའི་གཡང་རོང་གི་འཕྲང་ལམ་སྟེ། དཔེར་ན། “ལམ་འཕྲང་དོག་པོ་སྤྲེའུ་བུའི་ཁེར་ལམ་ཉིད།། སྤྲིན་སྐས་དཔྱང་ཐག་ཡ་ཤིང་ཟམ་པ་བཏེགས།།” ཞེས་པ་ལྟ་བུའི་དབུས་ལམ་གྱི་དཀའ་ངལ་དང་བླ་འདར་བའི་གཡང་རོང་གི་བྲག་འགག་རྣམས་རྩ་བ་ནས་བསྒྱུར་ནས་གནམ་ཁར་ཕྱོགས་པའི་བདེ་འགྲོའི་གཞུང་ལམ་ཆེན་པོ་བསྐྲུན་པའི་འཇིག་རྟེན་ན་ངོ་མཚར་བའི་མཛད་རྗེས་བཞག་པའི་རླབས་ཆེ་བའི་ལམ་བཟོའི་ཨར་ལས་ལ་བསྟོད་གླུ་བླངས། དེ་ཡང་རབ་རྒྱས་པ་སངས་ལགས་ཀྱིས་《འབྲོག་པའི་ཕུགས་བསམ་》དང་《གངས་རིའི་གླུ་དབྱངས་》ཞེས་པའི་སྙན་རྩོམ་བྲིས་ཏེ། སྤྱི་ཚོགས་གསར་བའི་འཚོ་བ་དང་གནས་ཚུལ་གསར་པར་བསྟོད་གླུ་བླངས་ནས། སྙན་ངག་པས་མེས་རྒྱལ་དང་བོད་ལྗོངས་གསར་བར་བཅངས་པའི་གཅེས་སེམས་ཟབ་མོ་དང་མ་འོངས་པར་རེ་སྨོན་བྱེད་པའི་འདུན་པ་མཚོན་ཡོད། དཔེར་ན། ཁོང་གི་སྙན་རྩོམ་རི་མོ་ལྟར་གསལ་ཞིང་མཛེས་སྡུག་ལྡན་པ་དང་། ཚིག་སྦྱོར་ཁ་གསལ་ཞིང་གོ་སླ་བ། འཚོ་བའི་ཉམས་དང་བཅུད་ཀྱིས་ཕྱུག་པ་དང་། དེ་མིན་ཁོང་གི་སྙན་རྩོམ་ཁྲོད་ལྷོ་རྒྱུད་དུ་འབབ་པའི་འབྲི་ཆུ་གཙང་བོའི་གླུ་སྒྲ་དང་། རྫ་ཆུ་ཆེན་པོའི་རྦ་རླབས་ཀྱི་ཟེགས་མ་དང་། རྒྱལ་མོ་རྔུལ་ཆུའི་རྦ་ཀློང་སོགས་མཚོན་པ་དང་། དེ་མིན་མདོ་དབུས་མཐོ་སྒང་གི་གངས་རི་དང་དགུང་སྔོན་གྱི་འོད་སྣང་དང་། རྩྭ་ཐང་གི་རྒྱ་ཁྱོན་དང་ནགས་ཀླུང་གི་བརྗིད་ཉམས་མངོན་ཞིང་། གཞན་ཡང་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་ཀྱི་ཡུལ་གྲུ་རྫ་ཡུལ་གྱི་ཁམ་བུའི་མེ་ཏོག་བཞད་པའི་དྲི་བསུང་དང་། ཞིང་ཐང་དང་རི་ཆུའི་རང་མདངས་ཀྱི་ཁ་དོག་སྣ་ཚོགས་ཀྱི་དཔལ་ཡོན་ཡང་གསོན་ཉམས་ལྡན་པར་མཚོན་ཡོད།
སྙན་ངག་པ་སྐད་གྲགས་ཅན་གོ་ཕིན་ནི་ལོ་རབས་50པའི་ལོ་མགོར་བོད་ལྗོངས་སུ་སྐྱོད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མིའི་ཁྲོད་ཀྱི་རྣམ་དཔྱོད་ཀྱི་རིག་པ་གསལ་བའི་ན་གཞོན་སྙན་ངག་པ་ཞིག་ཡིན། 1951ལོར་བོད་སྐྱོད་དམག་དང་འགྲོགས་ཏེ་བོད་ཁུལ་དུ་འཚོ་བ་ཉམས་ལེན་བྱས། སྔ་ཕྱིར་བོད་ཁུལ་གྱི་ལྷ་རྩེ་རྫོང་དུ་འཚོ་བ་དང་ལས་ཀ་བྱེད་མྱོང་བ་སྟེ། ཁོང་ཉིད་བོད་རིགས་སྤུན་ཟླ་དང་བོད་ཁུལ་མཐོང་བ་ཉིད་ནས་ཐུགས་འཕྲེང་བ་དང་། ཁམས་དབུས་གཞུང་ལམ་གྱི་ཨར་ལས་དང་འདམ་གཞུང་གི་གནམ་གྲུ་ས་ཚིགས་ཀྱི་ཨར་ལས་སོགས་ཀྱི་ལས་གྲྭ་ཆེན་པོའི་འཛུགས་སྐྲུན་ལ་ཞུགས་པ་དང་། ཁོང་གིས་བོད་ལྗོངས་ནས་《རི་བོ་ཇོ་མོ་གླང་མ་》དང་《ལྷ་སའི་སྐྱ་རེངས་》དང་། 《ཁ་བ་བུ་ཡུག་》①བཅས་སྙན་རྩོམ་གྱི་དེབ་གསུམ་བརྩམས་ཤིང་པར་སྐྲུན་བྱས། སྙན་རྩོམ་དེ་དག་ལས་ལོ་རབས་50པའི་ནང་མི་དམངས་བཅིངས་འགྲོལ་དམག་དཔུང་གིས་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ཁྲོད་བྱུང་བའི་བསྟོད་འོས་ཤིང་ངུ་ཡང་སྤྲོ་བའི་དཔའ་བོའི་མཛད་རྗེས་དང་ལོ་རྒྱུས་གནས་ཚུལ་མཚོན་པ་མ་ཟད། བོད་ཡུལ་གྱི་འཚོ་བ་གསར་པ་བྲིས་ཡོད་དེ། དཔེར་ན། 《ལྷ་སའི་སྐྱ་རེངས་》དང་《ལྷ་སའི་ཁྲོམ་རའི་དཔྱིད་དཔལ་》ཞེས་པ་སོགས་ལས་གྲོང་ཁྱེར་ལྷ་སའི་འཚོ་བའི་རྣམ་པ་གསར་བ་བྲིས་པ་དང་། དེ་ཡང་སྔོན་གྱི་ཞིང་བྲན་ཚོའི་དཀའ་ངལ་དང་སྡུག་བསྔལ་གྱི་ལས་དབང་དང་། བཅིངས་འགྲོལ་ཐོབ་རྗེས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བྲིས་ཡོད་དེ། དཔེར་ན། དོན་བརྗོད་སྙན་རྩོམ་ཕྱོགས་བསྒྲིགས་《ཁ་བ་བུ་ཡུག་》དང་《ལི་ཤིའི་མེ་ཏོག་》ཅེས་པའི་ནང་གི་ལི་ཤིའི་མེ་ཏོག་ཏུ་ས་གནས་དེ་གའི་དམངས་ཁྲོད་ཀྱི་ངག་རྒྱུན་ལ་རྒྱལ་མོ་རྔུལ་ཆུའི་ནུབ་འགྲམ་གྱི་གཞོན་ནུ་བཟང་བོ་དང་ཤར་འགྲམ་གྱི་བུ་མོ་དཔལ་སྒྲོལ་གཉིས་མཛའ་གྲོགས་སུ་གྱུར་པ་དང་། འོན་ཏེ། ལང་ལོང་དུ་འཁོར་ཞིང་འཕྱུར་པའི་གཙང་པོའི་རྦ་རླབས་དྲག་པོ་ཁོ་གཉིས་ངོ་ཐུག་པའི་ལམ་གྱི་གེགས་སུ་གྱུར་ཀྱང་། ཐེ་ཚོམ་དང་ཞུམ་པ་མེད་པར་རང་གི་གྲོགས་ཀྱི་མདུན་དུ་སྐྱོད་པས་མཐར་སྙིང་རྗེ་མེད་པའི་རྦ་རླབས་ཀྱི་དཀྱིལ་འཁོར་དྲག་པོས་ཁོ་གཉིས་ཀྱི་ཚེ་སྲོག་བཅོམས་པ་དང་། རྣམ་ཤེས་གཉིས་ཀ་ལི་ཤིའི་མེ་ཏོག་ཏུ་སྤྲུལ་ནས་རྒྱལ་མོ་རྔུལ་ཆུའི་འགྲམ་གཉིས་ཀྱི་གཡང་ངོས་ན་བཞད་པར་གྲགས་པའི་སྡུག་བསྔལ་གྱི་ལོ་རྒྱུས་དེ། དེ་རིང་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་མོ་རྔུལ་ཆུར་ཟམ་པ་བཏེགས་ཏེ་གཡང་གཟར་བྲག་འཕྲང་བཙན་པོར་བདེ་བའི་བགྲོད་ལམ་བསྐྲུན་ཏེ། གཙང་བོའི་འགྲམ་གཉིས་ཀྱི་ན་གཞོན་ཕོ་མོ་ཚོར་བརྩེ་གྲོགས་སྒྲིག་པར་བདེ་བླག་གི་ཟམ་པ་བཏེགས་པ། སྙན་ངག་པས་དམངས་ཁྲོད་ཀྱི་གཏམ་རྒྱུད་དེ་ལ་བརྟེན་ནས་རྒྱལ་མོ་རྔུལ་ཆུའི་འགྲམ་གཉིས་ཀྱི་བྲག་འགག་བཙན་པའི་ལམ་འཕྲང་དང་བླ་འདར་པའི་གཡང་གཟར། ལང་ལོང་དུ་འཕྱོ་བའི་རྦ་རླབས་ཀྱི་དཀྱིལ་འཁོར་ཆེན་པོ་དང་། དེའི་སྟེང་དུ་བཙུགས་པའི་གནམ་བདེར་སྐྱོད་པའི་ཟམ་པ་བཟོས་པའི་དངོས་ཡོད་གནས་ཚུལ་བྲིས་ནས་འཇིག་རྟེན་གསར་རྙིང་གི་ཁྱད་པར་བསྟན་པའི་ངང་འཇིག་རྟེན་རྙིང་པའི་སྐྱོ་སྣང་དང་ཡ་ང་བའི་སྡུག་བསྔལ་གྱི་གཏམ་རྒྱུད་དང་ད་ལྟའི་མཛེས་སྡུག་བདེ་སྐྱིད་ལྡན་པའི་འཚོ་བ་གཉིས་ཞིབ་བསྡུར་གྱི་སྒོ་ནས་མཚོན་པ་དང་། བརྗོད་བྱའི་ནང་དོན་ཟབ་ཅིང་ཕུན་སུམ་ཚོགས་པ་དང་། ཡིད་ཀྱི་འཆར་སྒོ་འོས་ཤིང་མཚར་བ་བཅས་ཀྱིས་ཀློག་པ་པོའི་ཡིད་དབང་འཕྲོག་ཅིང་སྤྲོ་བ་འཕེལ་བར་བྱེད། 《ཁ་བ་བུ་ཡུག་》ཅེས་པར་དོན་བརྗོད་ཀྱི་ཚུལ་དུ། སེམས་པ་གནག་ཅིང་གཡོ་ཁྲམ་ཆེ་བའི་བྲན་གཡོག་བདག་པོའི་བཀའ་མངག་ལྟར་ན་གཞོན་གཡོག་མོ་དབྱངས་སྐྱིད་གཅིག་པུ་ལམ་ཐག་ཧ་ཅང་རིང་བའི་གངས་སྲིད་ལྷ་བྱ་བར་“མཆོག་གི་ལུག་ཁྱུ་”འཚོལ་དུ་བཏང་བར། ཁ་བ་བུ་ཡུག་འཚུབ་པའི་གངས་རི་དང་འཁྱགས་ཐང་ཆེན་པོར་ལུག་ཁྱུ་འཚོལ་དུ་ཕྱིན་པའི་ལམ་བར་དུ་རང་གི་མཛའ་གྲོགས་སྐྱོང་མཁར་དྲན་པའི་འཕྲུལ་སྣང་གི་འཇིག་རྟེན་ནས་ཕྱིར་ལོག་མ་ཐུབ་པར་ན་གཞོན་གསར་མོའི་ཚེ་སྲོག་འདས་པའི་ཧ་ཅང་ཡིད་སྐྱོ་བའི་སྡུག་བསྔལ་གྱི་ལོ་རྒྱུས་ཤིག་བསྟན། གཏམ་རྒྱུད་ཀྱི་བྱུང་རིམ་ཁ་གསལ་ཞིང་གོ་སླ་བ་དང་། མི་སྣའི་རང་བཞིན་བབ་ཆགས་ཤིང་གཞུང་དྲང་བ་དང་། དགེ་སེམས་ལྡན་ཞིང་གཅེས་སུ་རུང་བར་སྣང་ཡང་། ཁོ་མོའི་ལས་སྐལ་ཡང་དེ་འདྲའི་སྐྱོ་སྣང་ཅན་དང་ཡ་ང་བ་ཞིག་ཡིན། སྙན་རྩོམ་གྱི་ཚིག་སྦྱོར་ཟོལ་མེད་བབ་ཆགས་ཤིང་དཔེར་བརྗོད་གསོན་ཉམས་ལྡན་ཞིང་མཚོན་དོན་ཟབ་པ། ལས་སྐལ་ངན་པའི་བོད་རིགས་ན་གཞོན་ཕོ་མོའི་སྡུག་བསྔལ་ལ་སྙིང་རྗེ་དང་ཡིད་སྐྱོ་ཞིང་ཕངས་སེམས་སྐྱེ་བ། སྤྱི་ཚོགས་རྙིང་བར་མི་གཤིས་ཀྱི་དགེ་སྡུག་གི་འབྲེལ་བ་དེ་སྙོམ་ཐབས་མེད་པའི་འགལ་ཟླར་ལངས་པའི་གནས་ཚུལ་མཚོན་པ་དང་། སྙན་ངག་པས་སྐྱོ་སྣང་རང་བཞིན་གྱི་གཏམ་རྒྱུད་ལ་བརྟེན་ནས་བོད་ཀྱི་ན་གཞོན་ཕོ་མོའི་མི་གཤིས་ཀྱི་དགེ་ཞིང་མཛེས་པའི་རང་བཞིན་ལ་མངོན་སུམ་འཛེམས་མེད་ཀྱིས་རྡོག་བརྫིས་རྒྱག་པའི་སྤྱི་ཚོགས་རྙིང་བའི་ལོག་སྤྱོད་ཀྱི་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ནག་ཉེས་ལ་ཁོང་ཁྲོ་ཚད་མེད་ལངས་ཏེ་མཚང་འབྱིན་དགག་རྒྱག་མཛད་ཡོད།
སྙན་ངག་པ་གོ་ཕིན་གྱིས་བརྩམས་པའི་བོད་ལྗོངས་ཀྱི་སྙན་རྩོམ་ལ་ཧ་ཅང་དོན་ལ་ངེས་པའི་དཔྱད་བརྗོད་གནང་ཡོད་དེ། “གོ་ཕིན་གྱི་བོད་ལྗོངས་ནས་བྲིས་པའི་སྙན་རྩོམ་ལ་བུས་མ་ལ་བཅངས་པའི་བརྩེ་སེམས་དང་། དམག་མིས་ཡུལ་ལ་བཅངས་པའི་དང་སེམས་ཀྱིས་གཏམས་པ། ཁོང་མ་ལ་བརྩེ་བ་བཞིན་བོད་ལྗོངས་ལ་གཅེས་ཤིང་དགའ་བ་དང་། བོད་ལྗོངས་ཀྱི་མཐོང་ཐོས་ཐམས་ཅད་ཁོང་གི་སེམས་ན་དེ་འདྲའི་མཛེས་ཤིང་སྡུག་པ་དང་། དེ་འདྲའི་ངོ་མཚར་བ་དང་། དེ་འདྲའི་སྙན་ངག་གི་དོན་གྱིས་ཕྱུག་པ། ཁོང་གིས་ནམ་ཡང་ཕ་ཡུལ་གྱི་བརྩེ་དུངས་དང་། ཡུལ་ཕྱོགས་ལ་བཅངས་པའི་དྲན་སེམས་ཀྱི་སྟེང་ནས་ནང་སེམས་ཀྱི་བོད་ལྗོངས་ལ་ཉམས་རྟོགས་ཀྱི་སྒོ་ནས་ཁོང་གི་ཚེ་སྲོག་གི་ཕ་ཡུལ་ལ་ལྟ་རྟོག་བྱེད་པ་དང་། བསྟོད་པའི་ནང་ནའང་རེ་སྨོན་བཅངས་པ་དང་། སྤྲོ་སེམས་དང་བརྩེ་དུངས་ཁྲོད་ན་གཅེས་སེམས་དང་སྐྱོ་སྣང་མཚོན་པར་འདུག་”aཅེས་གསུངས་པ་ལྟ་བུ། སྙན་ངག་པ་རང་གིས་《སྙན་ངག་གི་གྲོགས་པོའི་སྤྲིང་ཡིག་》ཅེས་པའི་ནང་དུ་ཁོང་རང་གི་སེམས་གཏམ་དུ། “བོད་ལྗོངས་ནི་བདག་གི་སྙན་ངག་གི་ལྷ་དབྱངས་ཅན་མ་དང་། ཕ་ཡུལ་གཉིས་པ་ཡིན། ཁོང་ཉིད་མཐོང་མ་ཐག་ནས་ང་ཡི་ཡིད་དབང་འཕྲོག་སོང་། ངས་རང་གི་ལང་ཚོ་དར་མ་བོད་ལྗོངས་ལ་ཕུལ་བ་དང་། བོད་ལྗོངས་ཀྱིས་ང་ལའང་རྟག་བརྟན་གྱི་ལང་ཚོ་བསྩལ་བས། ང་རང་གི་ཆེས་གཅེས་སུ་རུང་བ་ནི་བོད་ལྗོངས་མི་དམངས་ཡིན། ཁོང་ཚོ་དཔའ་ངར་ཆེ་ཞིང་བློ་གྲོས་ལྡན་པ། དཀའ་སྤྱད་སྡུག་རུས་ཆེ་ལ། གཤིས་བཟང་ཞིང་གཞུང་དྲང་བ། བློ་དཀར་ཞིང་མགྲོན་ལ་གཅེས་པ། མེས་རྒྱལ་ལ་དགའ་ཞིང་། གྲོགས་ལ་བརྩེ་མདངས་ཆེ་བ། གཞས་དང་གར་ལ་མཁས་པའི་སྙན་ངག་གི་མི་རིགས་ཤིག་ཡིན། བོད་ལྗོངས་ལ་དམག་སྐྱོད་དང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་དཔའ་པོའི་མཛས་རྗེས་དང་། བོད་རིགས་མི་དམངས་ཀྱི་འཐབ་རྩོད་ཀྱི་ལོ་རྒྱུས་དང་འཚོ་བ་གསར་པ་ནི་ནམ་ཡང་ངའི་སྙན་རྩོམ་གྱི་བརྗོད་བྱ་གཙོ་པོ་ཡིན།”②ཞེས་གསུངས་པ་ལྟ་བུའོ།། བོད་ལྗོངས་ཀྱི་འཛུགས་སྐྲུན་ཁྲོད་དུ་སྙན་ངག་པ་སྐུ་དངོས་ཞུགས་པ་དང་། བོད་ལྗོངས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱང་སྐུ་དངོས་ཀྱིས་མཐོང་ཐོས་སུ་མྱོང་པས། བོད་རིགས་མི་དམངས་དང་མཛའ་བཤེས་ཟབ་མོ་ཆགས། འཚོ་བའི་ཉམས་མྱོང་དེ་དག་གིས་སྙན་ངག་པའི་སྙན་རྩོམ་གྱི་འདུན་པ་དང་གསར་རྩོམ་གྱི་སྤྲོ་སྣང་སློང་ཞིང་སྐུལ་བས་བོད་ལྗོངས་མི་དམངས་ཀྱི་སྙན་ངག་པར་གྱུར་པ་དང་། ཁོང་གིས་སྙན་རྩོམ་གྱི་སྟེང་ནས་བོད་ལྗོངས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྙན་རིས་གསར་པ་རིས་སུ་ཐོན་པར་བྲིས་ཡོད།།
མདོར་ན། སྐབས་དེའི་བོད་ཀྱི་རྩོམ་རིག་གི་བརྗོད་བྱ་གཙོ་བོ་བཅིངས་འགྲོལ་ཐོབ་མ་ཐག་པའི་མི་དམངས་ཀྱི་དགའ་སྤྲོའི་སེམས་པ་མཚོན་པ་དང་བོད་ལྗོངས་གསར་པའི་འཛུགས་སྐྲུན་ཁྲོད་ཀྱི་རླབས་ཆེ་བའི་བཟོ་སྐྲུན་སོགས་བརྗོད་བྱར་གྱུར་པའི་འཚོ་བ་གསར་པ་དང་སྤྱི་ཚོགས་ཀྱི་རྣམ་པ་གསར་པར་བསྟོད་གླུ་ལེན་པ་ནི་སྐབས་དེའི་རྩོམ་རིག་གི་བརྗོད་བྱའི་སྙིང་པོར་གྱུར་འདུག དེ་ལས་བཅིངས་འགྲོལ་ཐོབ་མ་ཐག་པའི་མི་དམངས་ཀྱི་དགའ་སྣང་མཚོན་པ་ནི་དོན་དངོས་དང་མཐུན་ཞིང་གནས་ལུགས་ལ་ངེས་པ་ཞིག་ཀྱང་ཡིན་ཏེ། སྤྱིར་སྙན་ངག་ནི་ཚེ་སྲོག་གི་ཉམས་ལེན་ལས་སྐྱེས་པའི་འཇིག་རྟེན་འཚོ་བའི་བདེ་སྡུག་གི་ཉམས་རྟོགས་དང་འཚོ་བ་ལས་རྙེད་པའི་ཚེ་སྲོག་གི་རིན་ཐང་གི་རྟོག་པ་ཟབ་མོ་མཚོན་པ་ཞིག་ཡིན་པས། སྙན་ངག་པ་ཚོས་དུས་རབས་གསར་པའི་སྤྱི་ཚོགས་འཚོ་བའི་ཉམས་ལེན་ལས་བྱུང་བའི་ཚོར་སྣང་གསར་པ་སྙན་ངག་ཏུ་གླུ་བླངས་པ་ནི་སྙན་ངག་པའི་འོས་འགན་ཡིན། འོན་ཀྱང་སྐབས་དེའི་བོད་ཀྱི་རྩོམ་རིག་བསྟོད་གླུ་གཅིག་པུའི་ནང་ན་གནས་པ་དང་། ཕྱིས་སུ་ཅུང་ཙམ་ཐལ་དྲག་པར་འཕེལ་ཏེ། རྩོམ་རིག་དོན་དངོས་ལ་མ་ངེས་པའི་ཕྱི་ཚུལ་ཅན་དང་རྣམ་པ་ཁོ་ན་གཙིགས་སུ་འཛིན་པའི་ཆབ་སྲིད་ཀྱི་རྣམ་པར་གྱུར་བས། རྩོམ་རིག་རང་གི་བགྲོད་ལམ་དང་ཅུང་ཟད་ཁ་བྲལ་ཏེ། ཡ་མ་གཟུགས་སུ་སོང་བའི་གནས་ཚུལ་དེའང་བོད་ཀྱི་རྩོམ་རིག་གི་རང་སྐྱོན་ཁོ་ན་མ་ཡིན་པར་རྒྱལ་ཡོངས་ཀྱི་གཡོ་ཐལ་ཆེ་བའི་ཆབ་སྲིད་ལམ་ལུགས་ཀྱི་དབང་ཤུགས་བཙན་པོའི་རྐྱེན་ཡིན་པར་གསལ་ལོ།།
ལྷག་པར་དུ་ལོ་བཅུའི་རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་རྩོམ་པ་པོ་རྣམས་དགུན་གྱི་ཁུ་བྱུག་བཞིན་གྲགས་མེད་དུ་ལུས་པ་དང་། རྩོམ་པ་པོ་མང་པོ་ཞིག་བཙོན་དུ་བཅུག་སྟེ་ངལ་རྩོལ་སློབ་གཅུན་དུ་ཚུད་པ། བཙོན་ཁང་ནང་སྙན་ངག་གི་སྨྱུ་གུ་མི་འཇོག་ཀ་མེད་བྱུང་སྟེ་གསར་རྩོམ་གྱི་མཚམས་ཆད། སྙན་ངག་པ་རྣམས་གྲགས་མེད་ལྐུག་པར་གནས་ཏེ། དུས་སྐབས་ཤིག་ལ་གྲགས་མེད་ཚོར་མེད་དུ་བརྒྱལ་བའི་རྣམ་པར་གནས། འོན་ཏེ། དེ་ནི་བོད་ཀྱི་རྩོམ་རིག་རང་ཉིད་ཉམས་དམས་སམ་ཉམས་རྒུད་དུ་གྱུར་པ་ཞིག་གཏན་ནས་མ་ཡིན་པར། དེ་ནི་གྲགས་མེད་གོ་མེད་ཀྱི་ཚུལ་དུ་བློ་དང་རིག་པ་ནང་སེམས་སུ་བཅུག་པའི་ངང་འཚོ་བའི་ཉམས་རྟོགས་སྡུད་གསོག་དང་བློ་སེམས་སྦྱོང་བ་དང་། ཡིད་བཀོད་དང་གྲ་སྒྲིག་བྱེད་བཞིན་པ་དང་། བོད་ཀྱི་རྩོམ་རིག་གི་དཔྱིད་དཔལ་གསར་བའི་དགའ་སྟོན་གྱི་སྐལ་བ་ཤར་བར་རེ་སྒུག་བྱེད་ཀྱིན་ཡོད་པའི་ལོ་རྒྱུས་ཀྱི་དུས་སྐབས་ཁྱད་པར་བ་དེ་མཚོན།
བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ཀྱི་དུས་སྐབས་གཉིས་པ་ནི། ནང་སྲདི་བཅསོ་སྒྱུར་དང་ཕྱི་ལ་འབྱེད་པའི་སྐབས་ཀྱི་བོད་ཀྱི་རྩོམ་རིག་གསར་པ་དེ་ཡིན། དེ་ནི་1978ལོའི་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོགས་ཚོགས་ཐེངས་གསུམ་པ་ཚོགས་པ་ནས་ད་ལྟའི་བར་ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ཀྱི་སྐབས་འདི་བོད་ཀྱི་རྩོམ་རིག་ལ་མཚོན་ན་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་དུས་སྐབས་ཤིག་དང་། ང་ཚོ་རང་ལ་ཡི་རང་བའི་བཤད་རིན་ལྡན་པ་དང་ཆེད་དུ་བསྟོད་སྔགས་བྱེད་འོས་པའི་སྐལ་བ་བཟང་པོ་ཞིག་ཡིན་ཏེ། བོད་ཀྱི་རྩོམ་རིག་གསར་པ་རྒྱལ་ཡོངས་ཀྱི་ལས་རིགས་ཐམས་ཅད་དར་རྒྱས་སུ་འགྲོ་བའི་སྐལ་བ་བཟང་པོའི་དཔྱིད་དཔལ་གྱི་དྲོད་རླུང་ལྡང་བས་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་རྣམས་ཀྱི་ཡིད་ཀྱི་སྐྱོ་སྣང་སངས་ཤིང་། སེམས་ཀྱི་ཞིང་ས་གཤིན་པོར་བརླན་གྱིས་ཁུགས་པ་དང་། ལོ་ངོ་བཅུ་ཕྲག་རིང་སེམས་གཏིང་དུ་མནན་པའི་གསར་རྩོམ་གྱི་སྤྲོ་སྣང་དང་རྣམ་དཔྱོད་རིག་པ་དབྱར་གྱི་མཚོ་མོ་རྒྱས་པ་ལྟར་རྣམ་པར་བརྡོལ་ཏེ། སྙིང་སྟོབས་དང་བརྩོན་པ་ཆེན་པོས་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་དོན་འཕེལ་རྒྱས་ཚད་མཐོན་པོ་ཞིག་ཏུ་སྤེལ་ཞིང་གྲུབ་འབྲས་ཀྱང་དགའ་འོས་ཤིང་གཡུར་དུ་ཟ་བ་ཞིག་བྱུང་། དེ་ཡང་སྙན་ངག་པ་རྣམས་ནམ་ཡང་མདུན་དུ་སྐྱོད་པའི་གདོང་ལེན་མཁན་ཡིན་ཏེ། དེའི་རྗེས་སུ་སྒྲུང་རྩོམ་དང་ལྷུག་རྩོམ། ཟློས་གར་རྩོམ་རིག་རྣམས་ཆར་རྗེས་ཀྱི་ཤ་མོ་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་། སྐབས་འདི་ནི་འཕུར་སྐྱོད་ལྟར་མགྱོགས་པའི་འཕེལ་རྒྱས་དང་གྲུབ་འབྲས་ཕུན་སུམ་ཚོགས་པར་ཐོན་པའི་དུས་སྐབས་ཤིག་ཡིན་ཏེ། སྙན་རྩོམ་དང་སྒྲུང་རྩོམ་གྱི་གྲུབ་འབྲས་ལྷག་པར་མངོན་གསལ་དོད་པོར་ཐོན། དཔེར་ན། བོད་ཀྱི་སྙན་ངག་པ་སྐད་གྲགས་ཅན་སྐུ་ཞབས་ཡི་དམ་ཚེ་རིང་ལགས་གཉིད་ལས་སད་པའི་གངས་སེང་བཞིན་སྙན་ངག་གི་གཡུ་རལ་གྱེན་དུ་འབར་བ་དང་། ལོ་མང་ཆགས་པའི་ལུས་ཀྱི་ས་རྡུལ་དག་པར་སྤྲུག་པ་དང་། ཡུན་རིང་གི་ཡིད་མུག་དང་བཟོད་སྒོམ་ལས་གྲོལ་ཏེ་སྤོབས་པ་དང་སྙིང་སྟོབས་ཆེ་རུ་སྐྱེད་ཅིང་། མགྲིན་པ་གཟེངས་སུ་བཏད་དེ་དུས་རབས་ཀྱི་གླུ་དབྱངས་བླངས། 1980ལོ་ནས་1997 ལོའི་བར་ལ་ཁོང་གིས་མུ་མཐུད་དུ་《གངས་རི་》དང་《གངས་སེང》 《གངས་ལྗོངས》 《གངས་ཀྱི་སྒྲ་དབྱངས་》དང་《གངས་ལྗོངས་ཀྱི་ཉི་མ་》བཅས་སྙན་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་ལྔ་པར་སྐྲུན་བྱས། དེ་དག་ནི་ཁོང་གིས་ལོ་རབས་ལྔ་བཅུ་ནས་དྲུག་ཅུའི་སྐབས་དང་། སྒོས་སུ་ལོ་རབས་དགུ་བཅུ་པའི་སྐབས་ཀྱི་སྙན་རྩོམ་རྣམས་ཡང་བསྐྱར་ཕྱོགས་བསྒྲིགས་བྱས་ནས་པར་སྐྲུན་བྱས་པ་ཡིན། སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ལྔ་བོ་པར་སྐྲུན་བྱས་པས་རྒྱལ་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཐད་སྐད་གྲགས་ཆེན་པོ་བྱུང་། མཁས་པ་དང་དཔྱད་བརྗོད་མི་སྣ་མང་པོས་དཔྱད་རྩོམ་བྲིས་ནས་གདེང་འཇོག་ཚད་མཐོན་པོ་མཛད། 1992ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སྡེ་ཚན་དང་ཀན་སུ་ཞིང་ཆེན་རྩོམ་པ་པོའི་ལྷན་ཚོགས་གཉིས་མཉམ་འབྲེལ་གྱིས་པེ་ཅིན་ནས་“ཡི་དམ་ཚེ་རིང་གི་སྙན་རྩོམ་སྐོར་གྱི་ཞིབ་འཇུག་དང་གྲོས་སྡུར་ཚོགས་འདུ་”འཚོགས། ཀྲུང་གོའི་རྩོམ་རིག་ལས་རིགས་ཐད་དུ་རྦ་རླབས་དྲག་པོ་ཞིག་ལངས། རྒྱལ་ཡོངས་ཀྱི་སྙན་ངག་པ་དང་གཞུང་ལུགས་སྨྲ་བ་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་ཏུ། སྐུ་ཞབས་ཡི་དམ་ཚེ་རིང་མཆོག་ནི་“བརྩོན་འགྲུས་དང་སྤྲོ་སེམས་ལྡན་ཞིང་། གསར་སྐྲུན་གྱི་སྤོབས་པས་ཕྱུག་པ་དང་། རྣམ་དཔྱོད་ཀྱི་བློ་རིག་རྒོད་པའི་བོད་ཀྱི་སྙན་ངག་པ་”ཞེས་གཟེངས་བསྟོད་དང་གདེང་འཇོག་མཐོན་པོ་མཛད། དེ་དང་ཆབས་ཅིག་རྒྱ་བོད་ཀློག་པ་པོ་མང་ཚོགས་ཡོངས་ནས་དགའ་ཞེན་ཐོབ། ཡི་དམ་ཚེ་རིང་མཆོག་གི་སྙན་རྩོམ་གྱི་བསམ་བློའི་འཛིན་པ་གཏིང་ཟབ་པ་དང་། གཞུང་དྲང་བབ་ཆགས་ཀྱི་རང་གཤིས་གསལ་བ་དང་། བློ་གཤོགས་ཆེ་ཞིང་རྗེས་དཔག་གི་རིགས་ལམ་ཟབ་པའི་མཛེས་རྟོག་གི་ཡོན་ཏན་དང་སྒྱུ་རྩལ་གྱི་ཁྱད་ཆོས་གསལ་བ། སྙན་ངག་པ་རང་གི་སྐད་ཆ་ནས་བཤད་ན། “སྙན་ངག་ནི་ལྷག་བསམ་རྣམ་པར་དག་པ་ཅིག་ཡིན་ཏེ། ཨ་མའི་སེམས་གཏིང་ནས་ཐོན་པའི་བྱིས་པ་གཉིད་ལ་འགུག་པའི་གླུ་དབྱངས་ལྟར་རྣམ་དག་ཡིན། བུ་ཕྲུག་ཚོས་རང་གི་ཚེ་སྲོག་རྟེན་བྱས་ནས་སྨོན་འདུན་གྱི་གསོལ་འདེབས་དབྱངས་སུ་གྱེར་བ་ལྟར་རྣམ་དག་ཡིན། ཨེ་མ། སྙན་ངག ཁྱེད་ནི་མིའི་རིགས་ཀྱི་སེམས་པ་གསོ་བྱེད་ཀྱི་ཆོས་དབྱངས་དམ་པ་ཡིན། སྙན་ངག་ནི། འདུན་པ་ཡིན། འདུན་པ་ནི་མི་རིགས་ཀྱི་གོམ་འགྲོས་སྙེག་པའི་བླ་སྲོག་ལྟ་བུ་དང་། འདུན་པ་ནི་མི་རིགས་ཀྱི་སྙིང་རྩའི་ཁྲག་རྒྱུན་སྙོམ་པའི་དབང་རྩ་ལྟ་བུ་ཡིན། ཨེ་མ་སྙན་ངག ཁྱེད་ནི་མི་རིགས་ཀྱི་བསམ་བློའི་རྒྱུན་མཐུད་པའི་འདུན་འཛིན་གྱི་གཙང་པོ་རེད།” ཅེས་པ་ལྟ་བུ་དང་། དེར་ཁོང་གི་གྲོགས་པོ་སྙན་ངག་པ་སྐད་གྲགས་ཅན་གོ་ཕིན་གྱིས་གསུངས་པ་ལྟར། ཁོང་གི་སྙན་ངག་ལ་“སྒྱུ་རྩལ་གྱི་མི་རིགས་ཁྱད་ཆོས་དང་། བསམ་བློ་རྣམ་དག་དང་འདུན་འཛིན་བརྟན་པོ་ལྡན་པར་འདུག”ཅེས་པ་དང་། དེ་མིན་ཡིད་ཀྱི་འགྱུར་པ་ཤུགས་དྲག་པ་དང་། ཚིག་སྦྱོར་གསོན་ཉམས་ལྡན་ཞིང་ཁ་མཚར་ཆེ་བ་དང་། ཤུགས་བསྟན་གྱི་གོ་དོན་ཟབ་ལ་རྗེས་དཔག་གི་རིགས་ལམ་གསལ་བ་ཞེས་མཚན་སྙན་ཤིན་ཏུ་ཆེ་བར་འཕེལ།
དེ་མིན་བོད་ཀྱི་སྙན་ངག་པ་སྐུ་ཞབས་རྟ་མགྲིན་མགོན་པོའི་སྙན་རྩོམ་ཕྱོགས་བསྡུས་ཀྱི་དཔེ་དེབ་《གཙོད་ཀྱི་སྲང་ལམ་》①ཞེས་པ་གཙོ་བྱས་པའི་སྙན་རྩོམ་གསར་བ། 《ཨ་ཤེ་ཡའི་ཚ་ཁུལ་གྱི་དབྱངས་གསལ་ཡི་གེའི་ལྗོན་པ་》ཞེས་པ་དང་། 《རི་མོ། རི་མོ་བ་ཞིག་ལ་བྲིས་པ་》ཞེས་པ་སོགས་ཀྱི་སྙན་རྩོམ་མང་པོ་ཞིག་བརྩམས། སྙན་ངག་པ་གོ་ཕིན་གྱིས་《གཙོད་ཀྱི་སྲང་ལམ་》ཞེས་པའི་སྙན་རྩོམ་བཀླགས་རྗེས་《ཧི་མ་ལ་ཡའི་སྟེང་གི་བྱུ་རུའི་སྡོང་པོ་》ཞེས་པའི་དཔྱད་བརྗོད་ཀྱི་རྩོམ་བྲིས་ཏེ། སྐུ་ཞབས་རྟ་མགྲིན་མགོན་པོའི་མི་གཤིས་དང་སྙན་རྩོམ་ལ་ཕྱོགས་ཡོངས་ནས་དྲང་སེམས་རྣམ་དག་གིས་གདེང་འཇོག་ཚད་མཐོན་པོ་མཛད་པ་ནི། “དོན་ལ་ཤེས་རློམ་མེད་ཅིང་ཚིག་སྦྱོར་ཟོལ་མེད་དང་། གཅིག་ནི་ལྷག་བསམ་རྣམ་པར་དག་པ་དང་གཅིག་ནི་བབ་ཆགས་ཟོལ་མེད་ཡིན། དེ་ཟུང་ནི་ཁོང་གི་སྙན་རྩོམ་གྱི་གཤོག་ཟུང་དུ་གྲུབ་སྟེ། གཤོག་པ་རྡེབ་བཞིན་སེམས་ཀྱི་ཚོར་སྣང་གཏིང་དུ་སྐྱོད་པར་འདུག་”②ཅེས་གསུངས་པ་ལྟ་བུའོ།། སྐུ་ཞབས་རྟ་མགྲིན་མགོན་པོ་མཆོག་གི་སྙན་རྩོམ་གྱི་བློ་བཀོད་མཛེས་ཤིང་ངོ་མཚར་བ། ཚིག་སྦྱོར་མཛས་ཤིང་སྙན་པ། ཚིག་ཉུང་དོན་གྱིས་རྒྱལ་བ་དང་། དཔེ་དོན་གསོན་ཉམས་ལྡན་ཞིང་ཤུགས་བསྟན་ཟབ་ཅིང་བརླིང་བ་དང་། འཇིག་རྟེན་འཚོ་བའི་རོས་ཕྱུག་པར་མངར་བ་བཅས་ཀྱི་ཡོན་ཏན་དུ་མ་མངོན་གསལ་དོད་པོར་ཐོན་ཡོད་ཅེས་ཀུན་གྱིས་བསྟོད་ཅིང་བསྔགས་པར་འདུག
དུས་རབས་སྔ་མའི་ལོ་རབས་བདུན་ཅུ་བ་དང་བརྒྱད་ཅུ་བ་ནི་བོད་ཀྱི་རྩོམ་རིག་གསར་པའི་དཔྱིད་ཀྱི་དཔལ་ཡོན་རྒྱས་པའི་དུས་ཤིག་ཡིན་ཏེ། སྐུ་ཞབས་དོན་གྲུབ་རྒྱལ་གྱི་ཡིད་བརྗོད་སྙན་རྩོམ་རིང་མོ་《ལང་ཚོའི་རྦབ་ཆུ་》ཞེས་པ་དུས་དེར་བརྩམས་ཤིང་། དེ་ནི་བོད་ཀྱི་ཕ་སྐད་ཀྱི་རྩོམ་རིག་གསར་བའི་མདུན་སྐྱོད་ཀྱི་དུང་བརྡ་དང་ཞོགས་པའི་སྐྱ་རེངས་ལྟར། དེ་ནས་བཟུང་རྩོམ་པ་པོ་དང་བརྩམས་ཆོས་གསར་པ་མང་པོ་ཞིག་བྱུང་ཞིང་རྩོམ་རིག་གསར་པའི་རྨང་གཞི་བཏང་། སྐུ་ཞབས་དོན་གྲུབ་རྒྱལ་ནི་བོད་ཀྱི་རྩོམ་རིག་གསར་པའི་མཚོན་རྟགས་ཀྱི་རྒྱལ་མཚན་ལྟ་བུར་གྱུར་བ་དང་། ཁོང་གིས་བརྩམས་པའི་《ཞོགས་པའི་སྐྱ་རེངས་》དང་། 《ལང་ཚོའི་རྦབ་ཆུ་》དང་། 《སད་ཀྱིས་བཅོམས་པའི་མེ་ཏོག་》དང་། 《རྐང་ལམ་ཕྲ་མོ་》སོགས་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་མཚོན་དཔེ་འམ་གདོང་ལེན་པ་ཡིན་ཞིང་། དེང་རབས་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སྐུ་ཞབས་དོན་གྲུབ་རྒྱལ་ནི་རྣམ་དཔྱོད་ཀྱི་རིག་པ་རྒོད་ཅིང་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱོང་སྟོབས་ཀྱི་ཡོན་ཏན་ལྡན་པའི་གཞུང་དྲང་ཞིང་མི་རིགས་ཀྱི་དུང་སེམས་ཟབ་པའི་བོད་ཀྱི་ན་གཞོན་སྙན་ངག་པ་དང་རྩོམ་པ་པོ། ཤེས་ཡོན་ཅན་མཆོག་ཏུ་གྱུར་པའི་རིག་པའི་དཔའ་པོ་ཡིན། ཁོང་ནི་ཤེས་རྒྱ་ཆེ་ཞིང་རྣམ་དཔྱོད་ཀྱི་རིག་རྩལ་འབར་བའི་སྙན་ངག་པ་དང་སྒྲུང་རྩོམ་མཁན་ཞིག་ཡིན་ཏེ། ཁོང་གི་སྙན་རྩོམ་གྱི་བློ་བཀོད་ཁྱད་དུ་མཚར་ཞིང་མཛེས་པ་དང་། ཚིག་སྦྱོར་སྙན་ཞིང་འཇེབས་ལ་དཔེ་དོན་གྱི་ཤུགས་བསྟན་ཟབ་པ་དང་། ལྷག་པར་དུ་སྒྲུང་རྩོམ་ཁྲོད་ཀྱི་ཚིག་སྦྱོར་ལ་འཚོ་བའི་ཉམས་དང་བོད་མིའི་སྐད་ཆའི་རོ་དང་བྲོ་བས་ཕྱུག་ཅིང་ཁ་མཚར་ལྡན་པས་ཀུན་གྱི་ཡིད་དབང་འཕྲོག་པར་འདུག བོད་ཀྱི་སྐད་དང་ཡི་གེ་ཚད་ལྡན་དུ་སྤྱོད་པའི་མིག་དཔེར་མཚོན། གསར་བཅོས་ཀྱི་སྤོབས་པ་དང་སྙིང་སྟོབས་ཆེ་བས་རིག་པའི་དཔའ་པོ་ཞེས་ཀུན་གྱིས་བསྟོད་པའི་གནས་སུ་ལྷམ་མེར་གྱུར་པ་ལྟ་བུའོ།།
སྐབས་དེར་ད་དུང་བོད་ཀྱི་ན་གཞོན་སྙན་ངག་པ་ཨོ་རྒྱན་རྡོ་རྗེའི་སྙན་རྩོམ་《མཐོ་སྒང་གི་རླུང་བསེར་》ཞེས་པ་དང་། ལྷ་མེས་ཕུན་ཚོགས་ཀྱི་བརྩམས་པའི་སྙན་རྩོམ་《ཡིད་ཀྱི་སྐྱོ་སྣང་》དང་《ཁེར་རྐྱང་གི་འགྲུལ་ལམ་》ཞེས་སྙན་ངག་པ་དང་སྙན་རྩོམ་མང་པོ་ཞིག་བྱུང་སྟེ་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་དང་། གསར་རྩོམ་གྱི་བརྗོད་བྱའི་ནང་དོན་དང་རྩོམ་ལུས་ཀྱི་རྣམ་པའང་ཕུན་སུམ་ཚོགས་པར་བྱུང་ཡོད།
སྐབས་དེར་བོད་ཀྱི་སྒྲུང་རྩོམ་གསར་པའི་གསར་རྩོམ་ལ་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་དར་རྒྱས་བྱུང་། རྒྱལ་ཡོངས་རང་བཞིན་དང་ཞིང་ཆེན་དང་ས་གནས་རང་བཞིན་གྱི་རྩོམ་རིག་དུས་དེབ་བཅུ་ཕྲག་ལྷག་གི་སྟེང་སྒྲུང་ཐུང་གསར་པ་སྟོང་ཕྲག་ལྷག་སྤེལ་བ་དང་། དེ་ལས་བོད་སྐད་དུ་བྲིས་པ་ལྔ་བརྒྱ་ལྷག་སྤེལ་བ་དང་། སྒྲུང་ཐུང་མང་པོ་ཞིག་ལོ་ཙཱའི་ལམ་ནས་རྒྱལ་ནང་དང་རྒྱལ་ཁབ་ཕྱི་ལ་འགྲེམས་སྤེལ་བྱས་པས་བོད་ཀྱི་དེང་རབས་རྩོམ་རིག་རྒྱལ་སྤྱིའི་སྟེང་དུ་སྤེལ། དེ་ལས་སྒྲུང་རྩོམ་ཕུལ་བྱུང་ཅན་མང་པོར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། དེ་མིན་ཁོ་ཚོའི་ནང་གི་ཚབ་བྱེད་མི་སྣ་བཀྲ་ཤིས་ཟླ་བ་སོགས་ཀྱི་སྒྲུང་རྩོམ་མང་པོ་ཞིག་དབྱིན་ཇི་དང་འཇན་པན་གྱི་སྐད་དུ་ལོ་ཙཱ་བྱས་ཏེ་རྒྱལ་ཁབ་མང་པོར་བཀྲམ། བཀྲ་ཤིས་ཟླ་བའི་སྒྲུང་རྩོམ་《བོད་ཁམས། འབྲེང་བུའི་མདུད་པར་བསྒྲོགས་པའི་བླ་སྲོག་》ཅེས་པ་དང་། 《དུས་རབས་ཀྱི་མགྲོན་འབོད་》ཅེས་དང་། 《གཙང་པོའི་ཕ་རོལ་》དང་། 《ཟིང་འཁྲུག་གི་ཤམ་བྷ་ལ་》①ཞེས་པའི་སྒྲུང་འབྲིང་དང་སྒྲུང་ཐུང་བཞི་བཅུ་ལྷག་བརྩམས་ཤིང་པར་སྐྲུན་བྱས། བཀྲ་ཤིས་ཟླ་བས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་ཐབས་ཤེས་སློབ་སྦྱོང་དང་མིག་དཔེར་བསྟེན་ནས། བོད་མིའི་ནང་སེམས་ཀྱི་འཇིག་རྟེན་དང་དངོས་ཡོད་འཚོ་བའི་ཉམས་ལེན་ལས་སྐྱེས་པའི་ཚོར་སྣང་གཞི་བྱས་ནས། སྒྱུ་འཕྲུལ་གྱི་སྒོ་ནས་མི་རྣམས་ཀྱི་ནང་སེམས་ཀྱི་འཇིག་རྟེན་དང་ཆོས་ལུགས་རིག་གནས་ཀྱི་བག་ཆགས་ཟབ་མོ་དང་། དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། དེ་མིན་དམངས་ཁྲོད་ཀྱི་གཏམ་རྒྱུད་སྣ་ཚོགས་སྒྱུ་རྩལ་གསར་སྐྲུན་གྱི་སྣང་བརྙན་དུ་བསྐྲུན་ཞིང་ཕན་ཚུན་སྤེལ་མར་བྲིས་པས། གཏམ་རྒྱུད་ཀྱི་དུས་དང་གནས་དང་། མི་སྣ་དང་། དོན་དག་དང་། ཁོར་ཡུག་སོགས་ཀྱི་དོན་བརྗོད་ལ་རྨི་ལམ་དང་འཕྲུལ་སྣང་ལྟ་བུའི་ངོ་མཚར་བའི་སྒྱུ་རྩལ་གྱི་ཉམས་ཐོན་པ་དང་། བོད་མིའི་སྣང་ཁམས་ཀྱི་དོན་དངོས་དང་མཐུན་ཞིང་བརྗོད་དོན་གཏིང་ཟབ་མོའི་སྒོ་ནས་བོད་ཁམས་ཀྱི་མི་ཆོས་རིག་གནས་དང་། རང་བྱུང་ཁོར་ཡུག་དང་། མི་རྣམས་ཀྱི་སེམས་ཁམས་དང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱིས་བརྗིད་པའི་དངོས་ཡོད་འཚོ་བའི་རྣམ་པ་རིས་སུ་ཐོན་པར་བྲིས་པས། ཀྲུང་གོའི་རྩོམ་རིག་ཐད་སྐད་གྲགས་ཆེན་པོ་བྱུང་། འཇར་པན་དང་ཧྥ་རན་སི་དང་ཐེ་ཝན་བཅས་ནས་སྒྲུང་རྩོམ་ཕྱོགས་བསྒྲིགས་པར་སྐྲུན་བྱས་པས། འཛམ་གླིང་གི་རྩོམ་རིག་སྟེང་ནས་དོ་སྣང་བྱེད་སའི་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་ཀྱི་སྒྲུང་རྩོམ་མཁན་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེ་མིན། དཔལ་འབྱོར་ལགས་ཀྱིས་བོད་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་འབྲིང་《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》ཞེས་པ་(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་1988ལོར་པར་སྐྲུན་བྱས་)དང་། ཡེ་ཤེས་ཚེ་རིང་གི་《བྱ་ཁྲུང་ཁྲུང་འབབ་སའི་ཡུལ་གྲུ་》དང་《རིན་ཆེན་གཡུ་ཡི་མགུལ་རྒྱན་》ཞེས་པའི་སྒྲུང་འབྲིང་དང་།①ཚེ་རིང་དོན་འགྲུབ་ཀྱི་《ར་ལོ་》དང་《རླུང་ནག་ཚུབ་མ་》ཞེས་པ་དང་། གསང་བྷོས་(སེར་པོས་)བརྩམས་པའི་《ཉི་མའི་དཀྱིལ་འཁོར་》ཞེས་པ་དང་། སྟག་འབུམ་རྒྱལ་གྱིས་བརྩམས་པའི་《ཉིན་གཅིག་གི་ཆོ་འཕྲུལ་》ཞེས་པ་དང་། བཀྲ་ཤིས་དཔལ་ལྡན་གྱི་《སང་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པར་ངེས་》དང་《 ཆུ་རྩྭའི་ལོ་མ་》ཞེས་པ་སོགས་སྒྲུང་འབྲིང་མང་པོ་ཞིག་བརྩམས། སྐབས་འདིར་བོད་ཀྱི་སྒྲུང་རིང་གི་ཐོག་མ་སྟེ། བོད་ཀྱི་གེ་སེར་རྒྱལ་པོའི་སྒྲུང་གི་ཞིབ་འཇུག་པ་དང་རྩོམ་པ་པོ་སྐད་གྲགས་ཅན་སྐུ་ཞབས་འཇམ་དཔལ་རྒྱ་མཚོས་ལོ་ངོ་20ལྷག་གི་རིང་བར་མ་ཆད་པར་སྲེག་བཅད་རྡར་གསུམ་གྱི་ལས་སྣོན་དང་རྣམ་དཔྱོད་རིག་པའི་བློ་བཟོ་ལ་བརྟེན་ནས་1980ལོར་སྒྲུང་རྩོམ་རིང་མོ་《སྐལ་བཟང་མེ་ཏོག་》ཅེས་པ་དངོས་སུ་ལེགས་འགྲུབ་དང་པར་སྐྲུན་བྱས། དེའི་རྗེས་སུ་རྩོམ་པ་པོ་དང་ཝུ་ཝེས་དང་མཉམ་འབྲེལ་གྱིས་《རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་》ཞེས་པའི་སྒྲུང་རིང་བརྩམས་ཤིང་། 1985ལོར་པར་སྐྲུན་བྱས། ཡེ་ཤེས་བསྟན་འཛིན་གྱིས་《སྡུག་གྲི་ལས་ཐར་བའི་མི་》②ཞེས་པ་(幸存的人) དང་《ན་བུན་འཐིབས་པའི་ས་གཞི་》ཞེས་པའི་སྒྲུང་རིང་གཉིས་བརྩམས་ཤིང་། 1981ལོ་དང་1985ལོར་སྔ་རྗེས་སུ་པར་སྐྲུན་བྱས། 1985ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔལ་འབྱོར་གྱི་《གཙུག་གཡུ་》པར་སྐྲུན་བྱས་པ་དང་། དེ་མིན་ཡང་རྟ་མགྲིན་དབང་འབུམ་གྱིས་བརྩམས་པའི་《བཙན་པོ་རྒྱལ་རབས་ཀྱི་གཏམ་རྒྱུད་》③དང་ཡེ་ཤེས་སྒྲོལ་མས་བརྩམས་པའི་《ཞོགས་པ་》④དང་། དབྱངས་སྒྲོལ་གྱིས་བརྩམས་པའི་《མཚན་མེད་ཀྱི་ལྷ་》⑤དང་། ཆིན་ཝུན་ཡུའུ་ཡུས་བརྩམས་པའི་《 སྤྲུལ་སྐུ་སྐྱེད་མ་》⑥ཞེས་པ་བཅས་སྒྲུང་རིང་མང་པོ་ཞིག་སྔ་ཕྱི་རུ་གསར་རྩོམ་བྱས་ཤིང་པར་སྐྲུན་བྱས་པས་བོད་ཀྱི་དེང་རབས་སྒྲུང་རྩོམ་གསར་པའི་གསར་རྩོམ་གོང་དུ་སྤེལ།
1998ལོའི་ཟླ་3པར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་ནས་བོད་ཀྱི་ན་གཞོན་རྩོམ་པ་པོ་ཨ་ལེ་ཡི་སྒྲུང་རིང་ཐེངས་དང་པོ་《རྡུལ་འཚུབ་དྭངས་པ་》ཞེས་པ་པར་སྐྲུན་བྱས་(རྗེས་སུ་བརྙན་འཕྲིན་འཁྲབ་གཞུང་དུ་བསྒྱུར་ཞིང་བརྙན་འཕྲིན་དུ་སྒྲིག་སྦྱོར་བྱས་)པས། ཀྲུང་གོའི་རྩོམ་རིག་ལས་རིགས་ཐད་ཚ་རླབས་ཆེན་པོ་ཞིག་ལངས། རྩོམ་པ་པོ་དང་དཔྱད་བརྗོད་པའི་དཔྱད་རྩོམ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཞིང་། རྒྱ་ཆེའི་ཀློག་མཁན་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་གནང་ཕྱིར། 2000ལོའི་ཟླ་10པར་རྒྱལ་ཡོངས་ཀྱི་སྐབས་ལྔ་པའི་མོ་ཏོན་རྩོམ་རིག་བྱ་དགའ་ཐོབ་པ་དང་། བྱ་དགའ་ཐོབ་པའི་གདེང་འཇོག་གི་གཏམ་བཤད་ནང་དུ། “བོད་རིགས་ན་གཞོན་རྩོམ་པ་པོ་ཨ་ལེའི་‘རྡུལ་འཚུབ་དྭངས་པ་’①ཞེས་པའི་སྒྲུང་རྩོམ་གྱི་ལྟ་ཕྱོགས་ཐུན་མོང་མ་ཡིན་པ་དང་། བོད་ཀྱི་རིག་གནས་ཀྱི་ཤུགས་བསྟན་གོ་དོན་ཟབ་ཅིང་ཕུན་སུམ་ཚོགས་པ་མ་ཟད། ཅུང་ཙམ་སྒྱུ་འཕྲུལ་གྱི་ཉམས་དང་ལྡན་པས་སྒྱུ་རྩལ་གྱི་རྒྱས་འབྱེད་དང་གཅིག་བསྡུའི་ནུས་པ་ཇེ་སྟོབས་སུ་གྱུར་པ་དང་། ཚིག་སྦྱོར་སྙན་ཞིང་གོ་བདེ་ལ་ཡིད་དབང་འཕྲོག་པའི་ནུས་པ་ལྡན་ཞིང་སྒྱུ་རྩལ་གྱི་རྣམ་དཔྱོད་རིག་པས་མཛེས་པར་འདུག” ཅེས་གསུངས་པ་བཞིན། དེ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་གསར་རྩོམ་ལ་ཐོབ་པའི་རྟགས་མཚན་རང་བཞིན་གྱི་གྲུབ་འབྲས་རེད། དུས་རབས་གསར་པའི་ལོ་འགའི་རིང་། སྐུ་ཞབས་ཨ་ལེ་ལགས་ཀྱིས་ཡང་ལོ་རྒྱུས་སྙན་རྩོམ་རང་བཞིན་གྱི་སྒྲུང་རྩོམ་རིང་མོ་《རི་སྟོང་》②ཞེས་པའི་སྒྲུང་རིང་འདི་གསར་རྩོམ་གནང་(དཀྱུས་སྡེའི་གཏམ་རྒྱུད་ཁག་གསུམ་) ཡོད ། དེ་ཡང་ཁོང་གི་རྣམ་དཔྱོད་རིག་པའི་རྩལ་ལས་ཐོན་པའི་སྒྲུང་རྩོམ་ཞིག་ཡིན་ཕྱིར། སྤྱི་ཚོགས་སྟེང་མཚན་སྙན་ཆེན་པོ་བྱུང་ཞིང་། 2009ལོའི་རྩོམ་པ་པོ་ཕུལ་བྱུང་བའི་བྱ་དགའ་ཐོབ་པ་དང་། དཔྱད་བརྗོད་ཚོགས་ཆུང་གིས་དཔྱད་གཏམ་གྱི་ཚིག་ཏུ། “ཨ་ལེ་ནི་མཐའ་ཁུལ་མི་རིགས་ཀྱི་རིག་གནས་འཚོལ་ཞིབ་པ་དང་སྲུང་སྐྱོང་མཁན་ཞིག་ཡིན། ཁོ་བོའི་སྒྲུང་རྩོམ་ལས་མི་རིགས་ཤིག་གི་རྗེས་རབས་པའི་སྐད་ཆའི་འགྱུར་ལྡོག་མཚོན་པར་དམིགས་པ་དང་། སྐད་ཆ་དེས་དེང་རབས་ཀྱི་ཨ་ལན་མཚོན་བཞིན་ཡོད། ཨ་ལེ་ཡིས་མུ་མཐུད་དུ་ས་གནས་ཤིག་གི་མི་ཚེ་མཚོན་པ་དང་། ཚེ་སྲོག་གསལ་འདོན་བྱེད་པར་མཁོ་བའི་མཛད་སྒོའི་དོན་དུ་རྩོམ་བྲིས་པ་ནི། དུས་རབས་ཀྱི་འཕོ་འགྱུར་ཆེན་པོའི་ཁྲོད་གྲོགས་མེད་ཁེར་རྐྱང་གི་མི་རྣམས་གྲག་མེད་ལྐུག་པའི་གནས་སུ་མི་ལྷུང་བའི་ཆེད་དུ་བརྩོན་པར་ངེས།” ཞེས་གསུངས་པ་དོན་དངོས་དང་མཐུན་པའི་བདེན་གཏམ་དུ་མཐོང་། སྒྲུང་རིང་《རི་སྟོང་》བྱ་བར་ལོ་དེའི་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ་ཐོབ་རྗེས་ཨ་ལེ་ཡིས་“ངས་རྩོམ་འབྲི་བའི་དམིགས་ཡུལ་ནི་མཐོ་སྒང་འདི་ཇི་འདྲའི་ངོ་མཚར་ཅན་དུ་འུད་བརྗོད་བྱེད་རྒྱུ་དང་། མཐོ་སྒང་དུ་འཚོ་སྡོད་བྱེད་པའི་མི་རིགས་ཀྱི་འཚོ་བ་ཇི་འདྲའི་འཇིག་རྟེན་ལས་འདས་པར་འུད་བརྗོད་བྱེད་པ་མ་ཡིན་པར། དེའི་འཕྲུལ་སྣང་སེལ་བའི་ཆེད་དུ་འཇིག་རྟེན་གྱི་མི་རྣམས་ལ། འདིར་གནས་པའི་མི་རིགས་འདིའི་མི་རྣམས་ནི་མིའི་རིགས་ཀྱི་ཁྱིམ་གཞིས་ཆེན་པོའི་ཁྲོད་ཀྱི་ཁྱིམ་མི་ཞིག་ཡིན་པ་དང་། ཁོ་ཚོ་མི་ཞིག་བྱེད་འདོད་པ་ལས་ལྷའི་བྲན་དུ་འཚོ་བར་འདོད་པ་མ་ཡིན་པ་གསལ་སྒྲོག་བྱེད་རྒྱུ་དེ་ཡིན།” ཞེས་གསུངས་པ་ལྟ་བུའོ།། ཨ་ལེ་ཡིས་ཧ་ཅང་ནན་ཏན་དང་ལྷག་བསམ་རྣམ་དག་གིས་བོད་ཁུལ་གྱི་སྤྱི་ཚོགས་དང་། ལོ་རྒྱུས་རིག་གནས་དང་དངོས་ཡོད་འཚོ་བའི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་རྣམ་པ་བྲིས་པ་དང་མཚོན་བཞིན་ཡོད་དེ། 《དཀྱུས་སྡེ་བའི་གཏམ་རྒྱུད་》ལ་བརྟེན་ནས་བོད་ཁུལ་གྱི་སྤྱི་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་སྐབས་སུ་མི་རྣམས་འགལ་འདུ་སྣ་ཚོགས་དང་འཐབ་རྩོད་དང་། གདོང་ཐུག་དང་སོམ་ཉིའི་རྒྱ་རུ་ཚུད་པའི་ངང་གཞན་དབང་དང་དཀའ་སྡུག་གི་འོག་ནས་མདུན་ལམ་ལ་འདེམས་ཀ་བྱས་པའི་ལོ་རྒྱུས་མཚོན་པ་མ་ཟད། དེ་མིན་བགེགས་བར་དང་སྡུག་བསྔལ་སྣ་ཚོགས་མྱངས་པའི་ཁོ་ཚོའི་ཡིད་ཀྱི་བདེ་སྡུག་དང་རེ་འདོད་དང་། འཚོ་བ་གསར་པའི་དོན་དུ་དཀའ་སྤྱད་ཀྱི་འཚོལ་སྙེག་དང་ཚེ་སྲོག་གི་མཆོད་པ་ཕུལ་བའི་ཡ་ང་བའི་ལོ་རྒྱུས་མཚོན་ཡོད། དེ་ལས་ལོ་རྒྱུས་ཀྱི་མྱོང་ཚོར་བརྗིད་ཅིང་ཟབ་པ་དང་། འཕོ་འགྱུར་གྱི་སྣང་བ་ཛ་དྲག་ཏུ་ལངས་པ། རྩོམ་པ་པོ་བརྗིད་ཆགས་པའི་དངོས་ཡོད་འཚོ་བར་ཁ་ཕྱོགས་པས། བདེན་དབང་གིས་མི་སེམས་འཕྲོག་ཅིང་། ངོ་མཚར་འཕྲུལ་སྣང་གིས་ཕྱུག་པར་གཏམས་པ། གནའ་བོ་དང་ད་ལྟར་ཉིང་མཚམས་སྦྱར་བས་སྒྱུ་འཕྲུལ་དང་ངོ་མཚར་བའི་སྣང་བ་སྟེར་བ་དང་། དཔྱད་བརྗོད་པ་ཞིག་གིས། “གློ་བར་དུ་མེ་ཆེན་པོ་གནམ་ས་ཁེངས་ནས་ནགས་ཚལ་ཐམས་ཅད་མེ་འབར་བ་དེ། ཨ་ལེ་ཡིས་དྲག་པོའི་གསར་བརྗེའི་དཔེར་བཀོད་པ་དང་། ཚོ་ཡུའི་སྒྲུང་དུ་བྲིས་པའི་འབྲུག་ཆར་དྲག་པོ་དང་མཚུངས་པར་རང་བྱུང་གི་མེ་སྐྱོན་ཆེན་པོ་དེ། མིའི་རིགས་འཚོ་གནས་ཐད་ཀྱི་ཤུགས་བསྟན་གྱི་གོ་དོན་ཟབ་པའི་གཏམ་རྒྱུད་ཅིག་ཡིན་ཏེ། མེ་དེ་མི་རྣམས་ཀྱི་སེམས་གཏིང་ནས་འབར་ཏེ་དཀྱུས་སྡེ་ནས་མགོ་བརྩམས་ཤིང་། དཀྱུས་སྡེ་ལས་བརྒལ་ཏེ་ལོ་རྒྱུས་དང་དངོས་ཡོད་ལས་འདས་པ་དང་། མི་དང་རང་བྱུང་བར་འགལ་ཟླར་ལངས་པ་དང་། གནའ་བོ་དང་དེང་རབས་བར་ཕོག་རྡེབ་བྱུང་བ་དང་། མི་གཤིས་དང་འདོད་པའི་སེམས་སྐྱོ་སྣང་ཟབ་མོའི་གནས་སུ་སྐྱེལ་བ་དང་། དེང་རབས་རང་བཞིན་དང་མི་རིགས་རང་བཞིན། སྲོལ་རྒྱུན་རང་བཞིན་བཅས་འགལ་ཕུང་དུ་གྱུར་པ། རང་བྱུང་གི་མེ་དཔུང་གིས་རི་ཀླུང་ཐམས་ཅད་མེར་སྲེག་པ་ནི། དཀྱུས་སྡེ་བའི་ལས་དབང་ཡིན་ལ་མིའི་རིགས་ཡོངས་ཀྱི་ལས་དབང་ཡང་ཡིན།”①ཞེས་བརྗོད་པ་དོན་ལ་ངེས་པའི་བསླབ་བྱར་སྣང་། ཨ་ལེ་ཡིས་འཇིག་རྟེན་པའི་སྣང་ངོའི་དངོས་ཡོད་དང་འཚོ་བའི་ཁྲོད་ཀྱི་དོན་ཕྲན་ཆུང་ངུ་ཞིབ་ཆར་གཏོད་པ་རྣམས་གྲངས་མེད་ཀྱི་གཏམ་རྒྱུད་སྤེལ་མའི་ནང་དུ་བསྡུས་ཡོད་པ་དང་། འོན་ཀྱང་ཁོང་གིས་དེ་ལྟར་བྲིས་པ་ནི་འཇིག་རྟེན་པ་རྣམ་དག་གི་ཐུན་མོང་གི་དངོས་ཡོད་ཡང་བསྐྱར་མཚོན་པའི་དམིགས་པ་ལས་འདས་ཤིང་། དེ་ལ་དངོས་ཡོད་ཀྱི་རང་བཞིན་ལྡན་ཞིང་དངོས་ཡོད་ལས་འདས་པར་གྱུར་འདུག མི་སྣ་ཆུང་ངུ་དཀྱུས་མ་བྲིས་པ། དཔེར་ན། དཀོན་ལོ་དང་བསམ་གཏན་(དཀོན་ལོའི་ཨ་མ་)དང་། རིའུ་ཕྲུག་དང་རིའུ་ཕྲུག་གི་ཨ་ཕྱི་དང་། དབྱང་སྲེ་པོ་དང་། ཟླ་ཟེར་དང་། རྟ་གོ་དང་སེར་མོ་སོགས་ཀྱི་མི་སྣའི་སྡུག་བསྔལ་གྱི་ལས་དབང་དང་ལོ་རྒྱུས་བྲིས་ཞིང་། དེ་མིན་རྟ་གོ་དང་གསེར་མོའི་བར་གྱི་མཛའ་བརྩེའི་གཏམ་རྒྱུད་བྲིས་པ་ལ་སོགས་དང་། གཞན་ཡང་གཞིས་ལྷ་དོན་འགྲུབ་ཀྱིས་བླངས་པའི་གནའ་བོའི་སྒྲུང་གླུའི་ཁྲདོ་ཀྱི་ངོ་མཚར་བའི་རི་ཀླུང་གི་རྒྱལ་པོའི་ཁབ་ཀྱི་གཏམ་རྒྱུད་དེ། སྐྱོར་ལུང་གི་གཏམ་རྒྱུད་དང་ཡུལ་གྲུ་དེར་མྱུར་དཔྱད་རྩད་གཅོད་བྱེད་པ་དང་། དེ་ནས་ད་རུང་ལྷ་བ་རྡོ་རྗེ་དང་རྔོན་པ་སྐལ་བཟང་དབང་འདུས་དང་། གཞན་ཡང་། མེ་ཆེན་པོ་དང་། ཨ་ཕྱི་འོད་ཟེར་སྐྱིད་དང་དཀོན་ལོ་ཚེ་ལས་འདས་པ་དང་། དཀོན་ལོའི་འདྲེ་མངོན་པ་ལ་སོགས་པ་གསོན་ཉམས་ལྡན་པའི་མི་སྣ་ཕལ་བ་དེ་དག་གི་སྡུག་བསྔལ་གྱི་ལས་དབང་རིས་སུ་ཐོན་པར་བྲིས་ནས། དངོས་ཡོད་དང་དངོས་ཡོད་ལས་འདས་པ་སྤེལ་མར་མཚོན་པའི་ཐབས་ལ་བརྟེན་ནས་ཡུལ་སྡེ་དེ་གའི་སྤྱི་ཚོགས་འཕོ་འགྱུར་སྐབས་ཀྱི་སྡུག་བསྔལ་གྱི་ལོ་རྒྱུས་གསོན་ཉམས་ལྡན་པའི་སྣང་བརྙན་དུ་བསྐྲུན་པ་དང་། ལྷག་པར་དུ་དེ་ལས་བོད་ཁུལ་གྱི་སྤྱི་ཚོགས་ལོ་རྒྱུས་འཕོ་འགྱུར་བྱུང་བའི་དུས་རབས་ཁྲོད་ཀྱི་འགལ་འདུ་དང་ཟིང་ཆ་དང་སྡུག་བསྔལ་སྣ་ཚོགས་ཀྱི་ལོ་རྒྱུས་དངོས་བྲིས་བྱས་ཡོད་པར་གོར་མ་ཆག་པའོ།།
ང་ཚོས་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། ལོ་རབས་ལྔ་བཅུ་དང་དྲུག་ཅུ་པའི་དུས་སྐབས་ནི་གསར་བརྗེའི་རླུང་ཚུབ་དྲག་པོ་གཡོ་བ་དང་། སྤྱི་ཚོགས་ལམ་ལུགས་སྒྱུར་བཅོས་ཆེན་པོ་བྱེད་པའི་དུས་རབས་ཤིག་ཡིན་ཏེ། དེ་ནི་ཡང་ལམ་ལུགས་གསར་པར་ངོ་བསྟོད་དང་བསྟོད་གླུ་ལེན་པའི་དུས་རབས་ཤིག་ཀྱང་ཡིན་ཏེ། རྩོམ་རིག་སྒྱུ་རྩལ་དེའི་གདོང་ལེན་པ་རྣམ་དག་བྱེད་པ། དཔེར་ན། ཚེ་བརྟན་སྒྲོལ་མས་བླངས་པའི་བསྟོད་གླུ་ལས་མཐོང་ཐུབ་སྟེ། བཅིངས་འགྲོལ་ཐོབ་མ་ཐག་པའི་མི་རྣམས་ཀྱིས་རང་དགར་བསྟོད་གླུ་ལེན་སྤྲོ་བ་དང་། བསྟོད་གླུ་དེ་དག་ལ་ཆབ་སྲིད་ཕྱོགས་རིས་ཀྱི་ཞེན་ཆགས་ཤིན་ཏུ་ཆེར་བར་གསལ། དེ་ཡང་དུས་རབས་དེའི་རྐྱེན་དབང་ཡིན་པས་གླུ་བ་རྣམས་ནི་ཉེས་མེད་ཡིན་པར་ཤེས་དགོས། དུས་རབས་གསར་པར་སླེབས་པ་ནས་བཟུང་། བོད་ཀྱི་དེང་རབས་རྩོམ་རིག་ལ་འགྱུར་ལྡོག་གསར་པ་བྱུང་སྟེ། སྔོན་གྱི་རྣམ་པ་དེ་ཡོངས་སུ་འགྱུར་ནས་བོད་ཀྱི་དེང་རབས་རྩོམ་རིག་རྩོམ་རིག་གི་རང་གནས་སུ་ཕྱིར་བབས་ནས་ཟབ་ཅིང་བརླིང་བར་འཕེལ་ཞིང་། བོད་ཀྱི་ལོ་རྒྱུས་རིག་གནས་དང་དངོས་ཡོད་འཚོ་བའི་ཐད་ཕྱོགས་པ་དང་མི་རྣམས་ཀྱི་སེམས་ཁམས་དང་འདུ་ཤེས་ཀྱི་ཁམས་སུ་ཞུགས་ནས་ཡིད་ཀྱི་བདེ་སྡུག་དང་འདུན་པ་རྣལ་མ་མཚོན་པར་བརྩོན་བཞིན་ཡོད། སྐུ་ཞབས་ཡི་དམ་ཚེ་རིང་མཆོག་གི་སྙན་རྩོམ་ལས་གནའ་བོའི་ལོ་རྒྱུས་རིག་གནས་དང་དངོས་ཡོད་སྤྱི་ཚོགས་བར་གྱི་གདོང་ཐུག་གི་འཐབ་སྒྲ་དང་མི་རྣམས་ཀྱིས་བསམ་གཞིགས་དང་འཚོལ་ཞིབ་ཀྱི་ཀི་སྒྲ་སྒྲོག་པ་ང་ཚོའི་མཐོང་ཐོས་སུ་སྣང་ཐུབ་པ་དང་། བཀྲ་ཤིས་ཟླ་བའི་སྒྱུ་འཕྲུལ་གྱི་རྣམ་པའི་སྒྲུང་རྩོམ་ལས་མི་རྣམས་ཀྱི་ནང་སེམས་ཀྱི་གནའ་བོའི་ལོ་རྒྱུས་རིག་གནས་ཀྱི་བག་ཆགས་ཟབ་མོ་དང་དངོས་ཡོད་འཚོ་བའི་དཔག་དཀའ་བའི་འཕོ་འགྱུར་གྱིས་བཟོས་པའི་སོམ་ཉི་སྣ་ཚོགས་དང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར་པའི་ཐབས་ཟད་ཀྱི་ངང་ཚུལ་མཚོན་ཡོད་པ་དང་། ལྷག་པར་དུ་ཨ་ལེའི་སྒྲུང་རྩོམ་ལས་སྤྱི་ཚོགས་སྒྱུར་བཅོས་ཆེན་པོའི་སྐབས་སུ་མི་རྣམས་ཀྱིས་མྱོང་པའི་ཀ་མེད་དང་འགལ་འདུའི་རྒྱ་རུ་འཚུད་པའི་སྡུག་བསྔལ་དང་། དངོས་ཡོད་འཚོ་བའི་དཀའ་ངལ་དང་ལོ་རྒྱུས་འཕོ་འགྱུར་ཆེན་པོས་བཟོས་པའི་འགལ་ཕུང་སྣ་ཚོགས་མཚོན་གྱིན་འདུག
བོད་ཀྱི་དེང་རབས་རྩོམ་རིག་གིས་ལོ་རྒྱུས་དང་དངོས་ཡོད་འབྲེལ་མཚམས་ཀྱི་སྲུབ་གསེང་ནས་རང་ཉིད་འཚོ་གནས་དང་འཕེལ་རྒྱས་ཀྱི་མདུན་ལམ་དང་། ཡང་ན་ཁྱིམ་གཞིས་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད་པ། དཔེར་ན། དོན་འགྲུབ་རྒྱལ་གྱི་ལྷུག་རྩོམ་《རྐང་ལམ་ཕྲ་མོ་》①ལས་གཏམ་དཔེའི་ཚུལ་དུ་མདུན་ལམ་གྱི་གཞུང་ལམ་ཆེན་མོར་བློ་ཁ་ཕྱོགས་པའི་འདུན་པ་དང་། ཡི་དམ་ཚེ་རིང་གི་སྙན་རྩོམ་《ལམ་》ཞེས་པས་སྙན་ངག་ལ་བརྟེན་ནས་མདུན་ལམ་འཚོལ་པ་དང་། དཔའ་དར་གྱི་སྙན་རྩོམ་《རི་མཐོན་པོའི་ལམ་རྒྱུན་རིང་བ་》ཞེས་པས་མདུན་ལམ་ཐག་རིང་ཞིང་དཀའ་ཚེགས་ཆེ་བར་བསྟན་པ་དང་། ཉི་མའི་སྙན་རྩོམ་《ལྷ་ཡུལ་གྱི་བགྲོད་ལམ་》ཞེས་པས་བགྲོད་ལམ་འཚོལ་མཁན་གྱི་ལྷག་བསམ་དང་ལམ་འཚོལ་བའི་སོམ་ཉིའི་རང་བཞིན་མཚོན་པ། དཔེར་ན། གནའ་བོའི་དབུས་ལམ་ནི་ཐག་རིང་དཀའ་ཚེགས་ཆེ་ལ་ཐོན་དཀའ་ཞིང་ཡིད་ཆེས་ནམ་ཡང་མི་འདོར་བ་ལྟ་བུ། བཀྲ་ཤིས་ཟླ་བའི་སྒྲུང་རྩོམ་《ཕྱིར་ལོག་ལམ་ཀའི་མཚན་མོའི་གླུ་ཆུང་》དང་《ལྷ་སར་འགྲོ་བའི་ལམ་》(བཀྲ་ཤིས་ཟླ་བའི་སྒྲུང་རྩོམ་ཕྱོགས་བསྒྲིགས། རྩོམ་པ་པོའི་དཔེ་སྐྲུན་ཁང་ནས་2010ལོའི་ཟླ་11པར་པར་སྐྲུན་བྱས།)ཞེས་པར་གཞན་དང་མི་འདྲ་བར། འཆར་ཡན་དང་སྤྲོ་སྣང་འཁོར་ཞིང་ཡིད་ཆེས་ཀྱི་སེམས་དང་ལྡན་པར་འདུག བགྲོད་ལམ་གསར་བའི་འཚོལ་ཞིབ་ནི་ཧ་ཅང་དཀའ་ཚེགས་ཆེ་ཞིང་མི་རབས་དུ་མས་སྲོག་དང་བསྡོས་དགོས་པ་ཞིག་ཡིན། ཨ་ལེའི་《རི་སྟོང་》ཞེས་པའི་སྒྲུང་རྩོམ་ནི་དཔེའི་རྣམ་པར་བཀོད་པའི་སྒྲུང་ཞིག་ཡིན་ཏེ། དཀྱུས་སྡེའི་མི་རྣམས་འཚོ་བར་དཀའ་ངལ་ཐེངས་མང་བྱུང་བའི་ཚེ་ཁོང་ཚོས་གནའ་གཏམ་ནང་གི་གནའ་པོའི་རྒྱལ་ཁབ་སྟེ། སྐྱོད་ལུང་བྱ་བ་འཚོལ་དུ་ཕྱིན་པའི་གཏམ་རྒྱུད་ཅིག་བཤད་པ་ལྟར། གནའ་པོའི་གཏམ་རྒྱུད་ཀྱིས་དངོས་ཡོད་སྐྱོབ་མི་ཐུབ་ཅིང་། དེ་ཡང་ཕུགས་བསམ་གྱི་སྐུལ་མ་ཞིག་ཡིན། ང་ཚསོ་ཤེས་དགོས་པ་ནི་ལོ་རྒྱུས་དང་དངོས་ཡོད་ད་ལྟ་གཅིག་ཏུ་སྒྲིལ་ཡོད་དེ། དེ་རིང་ན་ལོ་རྒྱུས་ཀྱི་རྒྱུན་མཐུད་ཅིག་ཡིན་པས། དེ་རིང་གི་ལམ་ཡང་ཁར་སང་གི་ལམ་ནས་འགྲོ་དགོས་ཏེ། རང་ཉིད་ཀྱི་རྐང་འོག་ནས་འགྲོ་དགོས་པ་ལས་ཕྱིར་ལྡོག་ཏུ་འགྲོ་མི་རུང་ངོ་།། དེང་དུས་བོད་ཀྱི་རིག་གནས་པ་དང་རྩོམ་པ་པོ་ཐུན་མོང་གིས་མ་རིགས་ཀྱི་མདུན་ལམ་འཚོལ་ཞིབ་དང་བསམ་གཞིགས་ཟབ་མོ་བྱ་དེ་བཞིན་ཡོད་དེ། དུས་རབས་ཉེར་གཅིག་པའི་ནང་ཚུལ་ཇི་ལྟར་དུ་བོད་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རིག་ལག་རྩལ་ཕན་ཚུན་འོས་མཐུན་དུ་འབྲེལ་ཏེ་འཕེལ་རྒྱས་གཏོང་བ་དང་། ཤེས་རིག་རྒྱས་ཤིང་དམངས་གཙོ་དང་བདེ་སྐྱིད་ལྡན་པའི་བོད་ཁུལ་གསར་པ་འཛུགས་སྐྲུན་བྱེད་རྒྱུ་ནི་ལས་དོན་ཡོངས་ཀྱི་ཡང་སྙིང་དུ་འཛིན་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཀྱི་མདུན་ལམ་གསར་པ་འཚོལ་བར་བརྩོན་དགོས་པར་སྨོས་མ་དགོས་པའོ།།
གསུམ་པ། བོད་ཀྱི་དེང་རབས་རྩོམ་རིག་གི་ཁྱད་ཆོས་འགའ།
ལོ་ངོ་དྲུག་ཅུའི་རིང་ལ་དཀའ་སྤྱད་སྡུག་རུས་ཀྱིས་རྩོམ་རིག་གསར་པའི་ལས་དོན་སྤེལ་ནས། སྒོས་སུ་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ནས་བོད་ཀྱི་དེང་རབས་རྩོམ་རིག་གིས་མི་རིགས་ཀྱི་རྩོམ་རིག་སྲོལ་རྒྱུན་རྒྱུན་འཛིན་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་རིམ་དུ། གསར་གཏོད་དང་གོང་སྤེལ་དང་། རྒྱལ་ཕྱིའི་རྩོམ་རིག་གཞུང་ལུགས་ཀྱི་སྙིང་བཅུད་དང་བསམ་བློར་སློབ་སྦྱོང་དང་མེ་ལོང་དུ་བསྟེན་པ་དང་། དང་ལེན་བྱེད་པ་བཅས་ཀྱི་སྒོ་ནས་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་གཏོང་བ་དང་། བོད་རིགས་རྩོམ་པ་པོ་དང་གཞན་རིགས་ཀྱི་རྩོམ་པ་པོ་དང་རྩོམ་རིག་མཐའ་དཔྱོད་པ་རྣམས་ཀྱིས་མི་རབས་དུ་མར་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་བོད་ཀྱི་དེང་རབས་རྩོམ་རིག་ཡང་བསྐྱར་མི་གཤིས་ཀྱི་རང་གནས་སུ་ཕྱིར་བབས་ཏེ་མིའི་རྩ་བའི་རང་བཞིན་བརྗོད་པའི་དམིགས་པའི་སྟེང་དུ་ཕྱོགས་ཏེ། བོད་ཀྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་རྩོམ་རིག་རང་གི་ཁྱིམ་གཞིས་སུ་ཕྱོགས་ནས་དེང་རབས་དང་མི་རིགས་ཀྱི་རང་བཞིན་ལྡན་པའི་ཕྱོགས་སུ་སྐྱོད་ཅིང་འཕེལ་རྒྱས་བྱུང་བ་དང་། དུས་རབས་ཀྱི་རང་བཞིན་གསལ་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད། དེར་གཤམ་གསལ་གྱི་ཁྱད་ཆོས་དུ་མ་མཆིས་ཏེ།
1.བོད་ཀྱི་དེང་རབས་རྩོམ་རིག་ལ་བློ་འབྱེད་སློབ་གསོའི་ཁྱད་ཆོས་ལྡན་པ། བོད་ཀྱི་དེང་རབས་རིག་གནས་གསར་བའི་སྲོལ་འབྱེད་པ་མཁས་མཆོག་དགེ་འདུན་ཆོས་འཕེལ་གྱི་《རྒྱལ་ཁམས་བསྐོར་བའི་ཚོར་སྣང་》ཞེས་པའི་སྙན་རྩོམ་དུ། “རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་བ་ཐམས་ཅད་བདུན་གྱི་འཕྲུལ་དུ་སེམས།། ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས།། འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།།”①ཞེས་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ཀྱི་བསམ་བློའི་རང་བཞིན་ནམ་འདུ་ཤེས་འཛིན་སྟངས་ཀྱི་གནས་ཚུལ་དངོས་རྣག་ཐོག་ལ་གཙག་བུ་འཁེལ་བ་ལྟ་བུར་གནད་དོན་གསལ་པོར་བསྟན། འདི་ནི་དགེ་ཆོས་ཁོང་ཉིད་རྒྱ་གར་ནས་ལོ་མང་རིང་སློབ་གཉེར་དང་ལོ་རྒྱུས་རིག་གནས་ཞིབ་འཇུག་དང་འཛམ་གླིང་གི་དངོས་ཡོད་གནས་ཚུལ་ལ་ལྟ་རྟོག་འཚོལ་ཞིབ་བྱས་པའི་ཉམས་རྟོགས་སམ་ཚོར་སྣང་དངོས་ལས་དྲངས་པའི་སྙིང་གཏམ་མམ་དྲང་ཚིག་རྣལ་མ་ཡིན་ཏེ། དེས་བློ་ལྡན་སྐྱེས་བུ་ཀུན་གྱི་ཡིད་དབང་འཕྲོགས་ཤིང་བསམ་གཞིགས་དང་འདང་རྒྱག་པའི་རྟོགས་པ་སད་པར་སློང་། དེ་ལས་བོད་ཀྱི་དེང་རབས་ན་གཞོན་རིག་པའི་དཔའ་པོ་དོན་གྲུབ་རྒྱལ་གྱིས་དགེ་ཆོས་མཆོག་གི་དགོངས་པའི་རྗེས་འབྲངས་ནས་བོད་ཀྱི་ལོ་རྒྱུས་རིག་གནས་ལ་དེང་རབས་མི་ཆོས་ཚན་རིག་གི་ལྟ་བ་དང་ཞིབ་འཇུག་གི་ཐབས་ཤེས་ལ་བསྟེན་ནས་ཞིབ་འཇུག་བྱེད་པ་དང་། ཆབས་ཅིག་རྩོམ་རིག་གསར་རྩོམ་གྱི་ལས་ཀའི་གོ་ཆ་ལྷུར་བླངས་པ་དང་ཞིབ་འཇུག་དང་གསར་རྩོམ་གྱི་ལག་ལེན་གྱི་ཉམས་མྱོང་ལས་སྐྱེས་པའི་རྟོགས་པ་དང་ཚོར་སྣང་ཟབ་མོ་དེ་དག་སྙན་རྩོམ་རིང་མོ་《ལང་ཚོའི་རྦབ་ཆུ་》②ཞེས་པར་རྨི་ལྟས་ངན་པ་ལས་ཕྱིར་སད་ཁའི་སྨྲེ་སྔགས་ཀྱི་ཚུལ་དུ། “མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱི་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད། རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ། དུས་དང་མཐུན་པའི་སྲོག་གི་དབང་པོ་མ་ཞུགས་ན། ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ།” ཞེས་སྐུལ་འབོད་བཏང་བ་ལྟ་བུ། ཁོ་ཚོས་སྐྱོ་སྣང་དང་སེམས་ཁུར་གྱི་ངང་ནས་བསམ་གཞིགས་དང་འདང་རྒྱག་ཟབ་མོ་གནང་བཞིན་ཡོད་པ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་བསམ་བློའི་རྩ་བ་ཡིན་ཏེ། མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཕྱིར་འདང་དང་དེང་རབས་སྤྱི་ཚོགས་ཀྱི་དངོས་ཡོད་ལ་བསམ་གཞིགས་བྱེད་པ་གཞིར་བཟུང་ནས་མི་རྣམས་ཀྱི་བློ་སྒོ་འབྱེད་པར་སྐུལ་སློང་དང་། བསམ་བློ་བཅིངས་འགྲོལ་དང་མི་གཤིས་ཀྱི་རང་རྟོགས་སད་པར་སྐུལ་འབོད་བྱེད་རྒྱུ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་བརྗོད་བྱའི་སྙིང་པོའམ་སྲོག་ཤིང་དུ་གྱུར་ཡོད། སྐབས་དེའི་བོད་ཀྱི་རྩོམ་རིག་གིས་བློ་སྒོ་འབྱེད་པའི་སློབ་གསོ་དང་བསམ་བློ་བཅིངས་འགྲོལ་དང་རང་གཤིས་མངོན་འདོན་དང་། དེ་མིན་མི་གཤིས་ཀྱི་གནད་དོན་སོགས་རིམ་བཞིན་སྲོལ་རྒྱུན་གྱི་མི་རིགས་དང་ཆོས་ལུགས་དང་། ཆབ་སྲིད་དང་ལོ་རྒྱུས་རིག་གནས་བཅས་ཀྱི་ཁྲོད་མངོན་གསལ་དུ་ཐོན་ཏེ། རིམ་བཞིན་བོད་ཀྱི་དེང་རབས་རྩོམ་རིག་གི་བསམ་བློའི་ལྟེ་བར་གྱུར་ཡདོ། རྩོམ་པ་པོ་གང་མང་ཞིག་གིས་སྲོལ་རྒྱུན་གྱི་བསམ་བློའི་འཆིང་རྒྱ་ལས་གྲོལ་ཏེ་རང་གཤིས་བཅིངས་འགྲོལ་ཐོབ་པར་ཧུར་བརྩོན་བྱས་ཏེ། གང་ལེགས་ཀྱིས་འཚོ་བའི་ཉམས་ལེན་ལ་བརྟེན་ནས་མི་གཤིས་ཀྱི་རང་བཞིན་རྣལ་མར་ཉམས་རྟོགས་དང་འཚོལ་ཞིབ་བྱེད་པ་དང་མིའི་བདག་དབང་དང་ལ་རྒྱ་མཚོན་ཞིང་མི་གཤིས་ཀྱི་ཞེན་ཆགས་དང་། དེ་མིན་བག་ལ་ཉལ་བའི་སེམས་ཁམས་ཀྱི་“གདོད་མའི་འགལ་འདུ་དང་སྡུག་བསྔལ་”①རང་བཞིན་དེ་རང་གི་འཚོ་བའི་ཉམས་ལེན་ལ་བརྟེན་ནས་དངོས་ཡོད་འཚོ་བའི་བདེ་སྡུག་གི་སྣང་ཚུལ་བྱེ་བྲག་པའི་རྣམ་པར་བཀོད་ཅིང་མཚོན་པ་སྟེ། མི་སྣ་བྱེ་བྲག་པའི་སྣང་བརྙན་དང་བདེ་སྡུག་གི་རྣམ་པ་དངོས་ལ་སྦྱོར་ཞིང་མཚོན་པར་བརྩོན་པ། རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་ལས་དབང་ལ་བརྟེན་ནས་མི་སེམས་ཀྱི་ཞེན་ཆགས་ནི་མིའི་ལྷན་སྐྱེས་ཀྱི་རང་བྱུང་རང་བཞིན་ཞིག་ཡིན་ཞིང་། ཚེ་སྲོག་གི་སྟོབས་ཤུགས་ཀྱི་འབྱུང་གནས་དང་འཇིག་རྟེན་འཚོ་བའི་ཉམས་མེད་ཀྱི་ལྟ་ཤིང་སྔོན་མོ་ཡིན་པར་བསྟན། འཇར་མན་གྱི་མཚན་ཉིད་སྨྲ་བ་ཧྥུ་འུར་ཐེ་ཡིས། གལ་སྲིད་“ཞེ་འདོད་མེད་པ་དང་། སྙན་གྲགས་དང་ཁེ་ཕན་གྱི་འདོད་པ་མེད་པ། ཧམ་སེམས་དང་གྲགས་འདོད་མེད་པས་ན། མི་གཤིས་ཀྱི་གོང་འཕེལ་དང་། གཟིགས་དཔྱད་ཀྱི་རིགས་སྟོབས་གོང་དུ་སྤེལ་བ་དང་། ཚན་རིག་སྒྱུ་རྩལ་འཐུས་སྒོ་ཚང་བར་གཏོང་རྒྱུ་ནི་བློ་ཡུལ་དུ་མི་སྲིད་པ་ཞིག་ཡིན།”②ཞེས་གསུངས་པ་བཞིན། མིའི་སེམས་ན་འདོད་པ་དང་ཧམ་པ་སྣ་ཚོགས་མེད་ན་ལས་ལ་འཇུག་པའི་སྐུལ་ཤུགས་མེད་པས་མི་སྒེར་གྱི་རང་གཤིས་དང་མིའི་སྤྱི་ཚོགས་ལ་འཕེལ་རྒྱས་མེད་པས་མིའང་མིར་འགྱུར་མི་ཐུབ་པར་གསལ། བོད་ཀྱི་དེང་རབས་རྩོམ་པ་པོ་གང་མང་ཞིག་མི་རིགས་རང་གི་ལོ་རྒྱུས་རིག་གནས་དང་བསམ་བློ་འདུ་ཤེས་ཀྱི་གཏིང་དང་མི་སེམས་ཀྱི་བདེ་སྡུག་གི་ཟབ་ཕྱོགས་ནས་བོད་མི་རྣམས་ད་ལྟ་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོའི་གོ་རིམ་ཁྲོད་དཀའ་སྡུག་གི་འཕག་འཚག་རྒྱག་པ་དང་། མགོ་འཐོམས་པ་དང་དཀའ་སྡུག་གི་སོམ་ཉིའི་དྲ་རུ་ཚུད་པ་ལས་རིམ་བཞིན་བློ་རིག་དང་རྟོགས་པ་སད་པ་དང་། མི་གཤིས་དང་རང་བཞིན་ལྷན་སྐྱེས་ཀྱི་ཞེན་ཆགས་སྣ་ཚོགས་ཁོ་ཚོའི་སྟེང་ནས་སླར་ཡང་གསོན་པ་དང་། དཔེར་ན། འཇམ་དཔལ་རྒྱ་མཚོའི་སྒྲུང་རིང་《སྐལ་བཟང་མེ་ཏོག་》ཁྲོད་ཀྱི་མི་སྣ་གཙོ་བོ་བློ་གྲོས་དང་། སྤེན་པ་དང་། སྐྱིད་འཚོ། ཉི་མ་ཚེ་རིང་། ཚེ་བརྟན་ཆུང་བ་དང་རྡོ་རྗེ་ཆུང་བ་བཅས་ཀྱི་མི་སྣའི་སྟེང་ནས་ང་ཚོས་མཐོང་ཐུབ་སྟེ། ཁོ་ཚོའི་བསམ་བློའི་གོ་རྟོགས་སད་པ་དང་རང་རྟོགས་ཀྱི་འདུ་ཤེས་དང་ཆགས་སྡང་གི་སེམས་གསལ་བར་སྐྱེད་བཞིན་པ་ལྟ་བུ་དང་། དེ་ཡང་ཡེ་ཤེས་བསྟན་འཛིན་གྱི་སྒྲུང་རིང་《སྡུག་གྲི་ལས་ཐར་བའི་མི་》ཞེས་པར། ཞིང་བྲན་བདེ་སྐྱིད་མཚོ་མོའི་སྣང་བརྙན་གསོན་ཉམས་ལྡན་པར་བཞེངས་སྐྲུན་བྱས་པ་ལས་རྒྱ་ཆེ་ཞིང་བྲན་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་སད་པ་དང་རང་དབང་ལ་བརྩོན་ལེན་བྱེད་པའི་རེ་འདུན་དང་དབང་སྒྱུར་གྲལ་རིམ་ལ་ངོ་རྒོལ་བྱེད་པའི་སྙིང་སྟོབས་མཚོན་ཡོད། དེ་མིན་དཔལ་འབྱོར་གྱི་《གཙུག་གཡུ་》③ཞེས་པར་ཡང་གོང་གི་དཔེ་དང་མཐུན་པར་མི་སྣ་གཙོ་པོ་དཔལ་ལྡན་གྱི་བདེ་སྡུག་གི་ལོ་རྒྱུས་ལ་བརྟེན་ནས་དབང་སྒྱུར་གྲལ་རིམ་གྱི་བཙན་ཤེད་གཉའ་གནོན་དང་ཉེས་སྤྱོད་སྣ་ཚོགས་བཏང་བའི་སྡུག་བསྔལ་མྱོང་པའི་འོག་ནས་བསམ་བློའི་གོ་རྟོགས་སད་པ་དང་རང་དབང་རྩོད་ལེན་དང་ཐབས་སྣ་ཚོགས་ཀྱིས་ལོག་སྤྱོད་དབང་སྒྱུར་མཁན་ལ་ངོ་རྒོལ་བྱེད་པའི་སྤོབས་པ་སྐྱེད་པའི་ལོ་རྒྱུས་མཚོན་ཡོད།
2. བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཁྲོད་ཀྱི་རྗེས་དཔག་རིག་པའི་མཛེས་རྩལ་གྱི་བསམ་བློ་རྒྱུན་འཛིན་བྱེད་པ། སྤྱིར་རྩོམ་རིག་ཏུ་ནང་སེམས་ཀྱི་འཇིག་རྟེན་གྱི་རྣམ་པ་ཕུན་སུམ་ཚོགས་པ་དང་རྗེས་དཔག་གི་རིགས་པའི་གཏིང་ཟབ་ཀྱི་རང་བཞིན་གཉིས་ཕན་ཚུན་མངོན་ཤུགས་སུ་མཚོན་པར་འདུག་པ་ནི་རྩོམ་རིག་གི་ཆོས་ཉིད་ཡིན། བོད་ཀྱི་དེང་རབས་རྩོམ་པ་པོ་རྣམས་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་རིགས་པའི་གཞུང་ལུགས་དང་སྲོལ་རྒྱུན་རིག་གནས་ཀྱི་ཤེས་བྱའི་སྦྱོང་བ་ཟབ་ཅིང་བརླིང་བའི་སྟེང་དེང་རབས་ཀྱི་རང་བྱུང་ཚན་རིག་དང་མི་ཆོས་སྤྱི་ཚོགས་ཚན་རིག་སྐོར་གྱི་ཤེས་བྱའི་རྨང་གཞི་བརྟན་པར་ཆགས་པའི་སྟེང་མར་ཁེ་སའི་རིང་ལུགས་ཀྱི་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་རྩོད་སྒྲུབ་རིག་པའི་བསམ་བློ་དང་ལེན་བྱེད་པ་མ་ཟད། དེང་རབས་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་མཛེས་རྟོག་གི་ལྟ་བ་དང་། གཞན་ཡང་མི་ཆོས་རིང་ལུགས་ཀྱི་བསམ་བློ་སོགས་དང་ལེན་བྱས་ཡོད་པས་ཁོ་ཚོར་དེང་རབས་ཀྱི་འདུ་ཤེས་དང་རིགས་ལམ་དང་། དེང་རབས་ཀྱི་རིན་ཐང་གི་ལྟ་བ་དང་མཛེས་རྟོག་གི་མོས་པ་ལྡན་པར་འདུག རྩོམ་པ་པོ་གང་མང་ཞིག་བོད་ཀྱི་སྲོལ་རྒྱུན་གཞུང་ལུགས་ལ་ནང་བྱན་ཆུད་པས་རྒྱུན་འཛིན་དང་འཕེལ་རྒྱས་ཟུང་འབྲེལ་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་དེང་རབས་རྩོམ་རིག་གི་སྒྱུ་རྩལ་བསམ་བློ་དང་ཐབས་ཤེས་གསར་པ་ནང་འདྲེན་བྱས་པས། ཁོང་ཚོའི་སྒྱུ་རྩལ་བསམ་བློ་ནི། སྤྱི་ཚོགས་ཚན་རིག་གམ་མི་ཆོས་ཚན་རིག་གི་ལྟ་བ་དང་སེམས་ཁམས་དབྱེ་ཞིབ་རིག་པའི་བསམ་བློ་གཞིར་བཟུང་ནས་དངོས་ཡོད་འཚོ་བའི་མི་རྣམས་ཀྱི་སེམས་ཁམས་དང་འདུ་ཤེས་འཛིན་སྟངས་སོགས་ལ་རྟོག་དཔྱོད་དང་མཚོན་པ་དང་། སྒྱུར་བཅོས་བྱེད་རྒྱུ་རང་འགན་དུ་བཟུང་སྟེ། དངོས་ཡོད་སྤྱི་ཚོགས་ཀྱི་གནད་དོན་ལ་འཚོལ་ཞིབ་བྱས་ཏེ། རྨོངས་དད་དང་འཇིག་རྟེན་གྱི་ཆོས་ལ་རྨོངས་པའི་བཀས་བཀོད་རྒྱུད་འཛིན་གྱི་ལས་དབང་གི་བསམ་བློ་དང་ལས་འབྲས་སམ་ལས་བསྐོས་ཀྱི་བསམ་བློ་རྙིང་བར་མཚང་འབྱིན་དགག་རྒྱག་བྱས་པ་དང་། རྩོམ་པ་པོ་རྣམས་ཀྱིས་གང་ནུས་ཅི་ལྕོགས་ཀྱིས་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་མི་རྣམས་ཀྱི་སེམས་གཏིང་གི་འདུན་པ་དང་། བག་ཉལ་གྱི་འགལ་འདུ་སྣ་ཚོགས་མཚོན་པར་བརྩོན་པ་དང་། རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་མི་རིགས་ཀྱི་བསམ་བློ་བཅོས་སྒྱུར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་ཡར་ཐོན་ཡོང་བར་བརྩོན་པའི་རྩ་བའི་དམིགས་པ་མངོན་འགྱུར་བྱེད་ཆེད་བོད་ཀྱི་དེང་རབས་རྩོམ་རིག་གིས་ལྷག་བསམ་རྣམ་དག་དང་དཀའ་སྤྱད་སྙིང་རུས་བྱེད་པ་དང་། སྤྲོ་སེམས་འཁོལ་ཞིང་གཟབ་ནན་དམ་འཛིན་དང་སྡུག་བསྲན་ཆེན་པོའི་ངང་ནས། ཚད་ཐུབ་ཀྱི་བློ་དང་རིགས་པར་ཡིད་རྟོན་བྱེད་པའི་སྒོ་ནས་བོད་ཀྱི་དེང་རབས་རྩོམ་རིག་མུ་མཐུད་དུ་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་སྐུལ་འབོད་གཏོང་བཞིན་འབད་བརྩོན་བྱེད་ཀྱི་ཡོད།
བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཁྲོད་སྔོན་བྱོན་མཁས་པས་མཛད་པའི་རྗེས་དཔག་རིགས་པའི་བློ་གྲོས་ལྡན་པའི་སྙན་ངག་གི་བརྩམས་ཆོས་སྐད་གྲགས་ཅན་འབོར་ཆེན་ཞིག་མཆིས་པ། དཔེར་ན། ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་》བྱ་བ་དང་། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་《ཆུ་ཤིང་བསྟན་བཅོས་》དང་《སློབ་གཉེར་བསླབ་བྱ་》ཞེས་པ་དང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་《རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་》དང་《ཁ་ཆེ་ཕ་ལུ་》ལྟ་བུ་སོགས་ཏེ། དེ་མིན་རྗེ་བཙུན་མི་ལ་རས་པའི་《མགུར་གླུ་》དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་《གསང་མགུར་》སོགས། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཏུ་ཕྱི་རོལ་ཡུལ་གྱི་སྣང་ཚུལ་རྟོགས་པའི་དངོས་པོའི་ཆོས་ཉིད་ཟབ་མོ་དང་འཇིག་རྟེན་འཚོ་བའི་ཉམས་ལེན་ལས་སྐྱེས་པའི་ལོ་རྒྱུས་རིག་གནས་ཀྱི་ཆོས་ཉིད་དང་ཉམས་རྟོགས་ཟབ་མོ་ཕུན་སུམ་ཚོགས་པའི་དཔེར་སྦྱར་ཏེ་སྙན་ངག་དང་གླུའི་རྣམ་པས་བརྗོད་པའམ་མཚོན་པར་བྱེད་པའི་རྗེས་དཔག་རིག་པའི་བློ་གྲོས་ལྡན་པའི་སྲོལ་ཆེན་པོ་བཏོད་པ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལས་ཐོན་པའི་རིན་ཐང་བྲལ་བའི་གཅེས་ནོར་ཞིག་ཡིན། དེ་བཞིན་དུ་མིའི་སེམས་ཀྱི་རྩ་བའི་རང་བཞིན་ལ་སྲོལ་རྒྱུན་གྱི་སེམས་བྱུང་གི་རིག་པ་དང་དེང་རབས་ཀྱི་སེམས་ཁམས་དབྱེ་ཞིབ་རིག་པར་བརྟེན་ནས་རྟོག་དཔྱོད་དང་འཚོལ་ཞིབ་བྱས་ན་ད་བཟོད་བག་ཉལ་གྱི་སེམས་ཀྱི་གསང་བ་སྣ་ཚོགས་དང་ཆོས་ཉིད་ཟབ་མོ་རྟོགས་ཐུབ་པར་ངེས་ཏེ། བག་ལ་ཉལ་པའི་སེམས་དང་རྗེས་དཔག་ལ་མ་ངེས་པ་དང་། ཆགས་སྡང་ངམ་འདོད་ཡོན་ལྔའི་འདོད་པ་སོགས་ནི་སེམས་ཀྱི་རྩ་བའི་གྲུབ་ཆ་ཡིན་པ་མ་ཟད། རྗེས་དཔག་གི་རིག་པ་དང་། འདུ་ཤེས་དང་བསམ་བློ་སོགས་སྐྱེ་བྱེད་དང་གྲུབ་བྱེད་ཀྱི་རྩ་བའི་འབྱུང་རྐྱེན་ནམ་སྐྱེ་བྱེད་ཀྱི་ནུས་པ་དངོས་ཡིན། རྩོམ་རིག་གིས་ཆགས་སྡང་དང་བག་ཉལ་གྱི་སེམས་དང་རྗེས་དཔག་ལ་མ་ངེས་པའི་འདོད་པ་སྣ་ཚོགས་ཀྱི་སེམས་ལ་བརྟེན་ནས་སྒྱུ་རྩལ་གྱི་འཇིག་རྟེན་ནམ་བསམ་བློའི་ཁྱིམ་གཞིས་འདི་བསྐྲུན་པར་གསལ། དེར་བརྟེན། ལོའུ་ཞོན་གྱིས། “ཆགས་ཕོད་ཅིང་སྡང་ཡང་ཕོད་ན་རྩོམ་ཡང་འབྲི་ཐུབ་”ཅེས་གསུངས་པ་དོན་ལ་ངེས་པར་མཐོང་། ཆགས་པ་དང་སྡང་བའི་སེམས་ནི་སྒྱུ་རྩལ་གསར་སྐྲུན་གྱི་སེམས་ཤུགས་གཙོ་བོ་ཡིན་ཏེ། ཨུ་རུ་སིའི་རྩོམ་རིག་མཁན་པོ་ལེ་ཧྥུ་ཐོར་སུ་ཐེ་ཡིས་ཀྱང་ངས་བྲིས་པའི་སྒྲུང་རྩོམ་ཁྲོད་ཀྱི་མི་སྣ་རྣམས་ནི་ང་རང་ཆགས་མྱོང་ས་དང་ཡང་ན་སྡང་མྱོང་སའི་མི་དག་ཡིན། དགའ་མ་མྱོང་བ་དང་སྡང་ཡང་མ་མྱོང་བའི་མི་ཞིག་འབྲི་མི་ཐུབ་ཅེས་གསུངས་པ་ལྟ་བུ། བོད་ཀྱི་སྙན་ངག་པ་སྐད་གྲགས་ཅན་ཡི་དམ་ཚེ་རིང་ལགས་ཀྱི་སྙན་རྩོམ་ལ་ཆགས་སྡང་གི་སེམས་ཤུགས་དྲག་ཅིང་རྣམ་དཔྱོད་ཀྱི་རིག་པ་རྣམ་པར་རྒོད་ཅིང་ཚིག་སྦྱོར་སྐྱེན་ལ་མཚར་བ་དང་ཤུགས་དོན་གཏིང་ཟབ་ལ་གནས་ལུགས་ལྡན་པ་ཞིག་ཡིན་ཏེ། དཔེར་ན། ཀུན་གྱིས་ལྷ་སྐྲུན་པའི་དུས་ནི་སྔ་ནས་འདས་པར་བཤད་མདོ། དེ་ཡང་འཇིག་རྟེན་ཕལ་བར་དབང་སྒྱུར་པའི་ལྷ་འདི་འདྲའི་མང་བའི་རྒྱུ་མཚན་ཅི་ཞེས་པ་དང་། གཞན་ཡང་། 《གཤིས་རྒྱུད་ཀྱི་སྣང་གཟུགས་》ཞེས་པའི་སྙན་རྩོམ་དུ། “ཕྱོགས་མཐུན་རླུང་གསི་འཁུར་པའི་སྒྲོ་གཤོག་དེ་ཡིས།། རྒོད་པོས་ནམ་འཕང་གཅོད་པ་ལའང་ང་རྒྱལ་ངོམས།། དེ་ནི་སྒྲོ་ཡི་སྤོབས་པའི་རྟགས་སམ་ཅི།།”①ཞེས་པར་ཁྲེལ་དགོད་དང་ཟུར་ཟ་དེ་འདྲའི་ཁ་ཚ་བ་དང་དེར་ཡང་འཇིག་རྟེན་གྱི་ཆོས་ཉིད་དང་། ཡང་ན་རྗེས་དཔག་གི་བསམ་གཞིགས་གཏིང་ཟབ་པས་གཞན་སེམས་འཕྲོག་པར་ངེས། སྙན་ངག་པས་ལོ་རྒྱུས་དང་དངོས་ཡོད་ལ་འདང་རྒྱག་ཟབ་མོ་བྱས་རྗེས། “ལོ་ངོ་གཉིས་སྟོང་སུམ་བརྒྱའི་དུས་ཀྱི་འགྱུར་པའི་ཤུལ་བཞག་བརྗིད་ཆགས་པའི། གྱང་རོ་འདི་ཡིས་རླབས་ཆེན་མི་རིགས་དེ་ཡི་དར་རྒུད་ལོ་རྒྱུས་མཚོན། ཕོ་བྲང་ངོ་ཕོང་མེར་ཤོར་ཚེ་ཡུམ་བུ་བླ་སྒང་སྒོ་ཐོད་ཚོན་རིས་འགྱེད། དངོས་མཆོད་ཧྥ་ལུགས་ཀྱི་རླུང་འཚུབ་དྲག་པོས་བླ་མེད་ལོ་རྒྱུས་ཁྲ་གཡབ་ཁྱེར། གནམ་འདེགས་གངས་རི་ཆེན་པོས་དེང་རབས་རྨོངས་དད་སྨྱོས་སྤྱོད་འགོག་མི་ཐུབ། འོན་ཏེ་རྒུད་པའི་གྱང་རོ་འདི་ལས་རྟོགས་པའི་བློ་གྲོས་ཡང་སྐྱར་སད། ལོ་ངོ་སྟོང་ཕྲག་རིང་གི་ཤེས་རིག་འོད་སྣང་གཟི་རྨ་འདི་ནས་ལངས།”②ཞེས་པའི་སྙན་ཚིག་ལས་ལོ་རྒྱུས་ཀྱི་བརྩེ་སེམས་རྣལ་མ་དང་མི་རིགས་ཀྱི་ལ་རྒྱ་དང་ལོ་རྒྱུས་ཀྱི་ཉམས་རྟོགས་དང་ཆོས་ཉིད་ཟབ་མོ་ལེགས་བཤད་དམ་བསླབ་བྱའི་རྣམ་པ་མཚོན་པ་མ་ཟད། རྣམ་དཔྱོད་རིག་པའི་རྗེས་དཔག་གི་འོད་སྣང་འཕྲོ་བ་ཞིན་ཡོད།
3.གནའ་དེང་ཟུང་འབྲེལ་གྱིས་དངོས་ཡོད་འཚོ་བའི་གསོན་ཉམས་དང་ངོ་མཚར་བའི་སྒྱུ་རྩལ་གྱི་མཛེས་ཉམས་སྐྲུན་པ། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཁྲོད་ན་གཏམ་དཔེ་དང་གབ་ཚིག་གམ་སྐོར་བའི་རྒྱན་དང་། གཟུགས་རྒྱན་སོགས་མཚོན་ཐབས་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དཔེར་ན། 《སྙན་ངག་མེ་ལོང་》གི་ལེའུ་གཉིས་པར་བསྟན་པའི་དོན་རྒྱན་སོ་ལྔས་གཙོར་མཚོན་པའི་ཚིག་རྒྱན་རིག་པའི་རྣམ་བཞག་ཕྲ་ཞིང་ཞིབ་པར་བསྟན་ཏེ། སྙན་ངག་གི་ཚིག་རྒྱན་གྱི་སྦྱོར་སྟངས་ལ་རྩལ་དང་ཐབས་ཤེས་ཕུན་སུམ་ཚོགས་པ་བསྟན་ཡོད་པས་ད་ལྟའི་རྩོམ་པ་པོ་རྣམས་ལ་ཚིག་རྒྱན་སྤེལ་སྟངས་ཀྱི་རིག་པའམ་མཚོན་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བཏོན་པས་བཅད་ལྷུག་སྤེལ་མའི་རྩོམ་ལུས་གང་གི་གསར་རྩོམ་ལ་འཇུག་པར་ཚིག་སྦྱོར་གྱི་ཐབས་ཤེས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་རྒྱུ་ཕུན་སུམ་ཚོགས་པ་བསྐྲུན་ཡོད། དེ་ནི་མི་རིགས་རང་གི་སྲོལ་རྒྱུན་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཤུལ་བཞག་ཁྱད་དུ་འཕགས་པ་ཞིག་ཡིན་པར་གོར་མ་ཆག དེ་ཡང་དེང་རབས་ཀྱི་རྩོམ་པ་པོ་རྣམས་སྲོལ་རྒྱུན་ཁོ་ནའི་རྒྱ་རུ་མ་ཚུད་པར་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གསར་པའི་ལེགས་ཆར་སློབ་སྦྱོང་དང་མེ་ལོང་ལ་བསྟེན་ནས་བཅོས་སྒྱུར་དང་གསར་གཏོད་ཡོད་པའི་ངང་ནས་རྩོམ་རིག་གསར་པ་འཕེལ་རྒྱས་སུ་སྤེལ་བར་ཕུན་སུམ་ཚོགས་པའི་མཐུན་རྐྱེན་དང་ཤུགས་སྣོན་བརྒྱབ་ཡོད་པ། དཔེར་ན། བོད་ཀྱི་སྔོན་གཤེགས་མཁས་པ་དགེ་འདུན་ཆོས་འཕེལ་མཆོག་གིས་སྙན་རྩོམ་དུ་བོད་ཀྱི་སྤྱི་ཚོགས་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་སྲོལ་རྒྱུན་རྙིང་པའི་རུལ་སུངས་ཀྱི་བསམ་བློ་འདུ་ཤེས་དང་གོམས་སྲོལ་རྙིང་པར་མཚང་འབྱིན་དང་དགག་རྒྱག་ཁ་ཚ་བར་བཏང་བ་དང་ཆབས་གཅིག ཁོང་གི་སྙན་རྩོམ་དུ་འགལ་རྒྱན་དང་ཕྲེང་བ་ཅན་གྱི་རྒྱན་སོགས་ལ་སྦྱར་ནས་རྙིང་པ་ལྷའི་སྲོལ་དང་གསར་པ་བདུད་ཀྱི་ཆོམ་འཕྲུལ་དང་། ངོ་མཚར་བ་ཐན་ལྟས་སོགས་ཀྱི་མིང་ཚིག་ཕན་ཚུན་བལྟས་ཟླའི་འབྲེལ་བར་སྦྱར་ཏེ་མངོན་ཤུགས་གང་རུང་ནས་ལམ་ལུགས་རྙིང་པའི་སྒེར་སྤྱོད་དང་མུན་ནག་གི་རང་བཞིན་དང་མཐོ་རིམ་དབང་སྒྱུར་ཚོགས་པའི་རུལ་སུངས་དང་རྙིང་པར་ཞེན་ཆགས་པ་དང་གསར་པར་ཞེན་ལོག་སོགས་ཀྱི་དངོས་ལུགས་དང་ལྡོག་པའི་ལོག་སྤྱོད་ཀྱི་བྱ་བར་གསོན་ཉམས་ལྡན་པའི་དཔེའི་སྒོ་ནས་མཚང་འབྱིན་དམར་རྗེན་དང་དགག་པ་གནད་ལ་འཁེལ་བར་བརྒྱབ་ཡོད་པས། བོད་ལ་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་རྩོམ་སྲོལ་ཐོག་མར་བཏོད་པ་མ་ཟད། ཁོང་གི་སྙན་རྩོམ་དེ་དག་ནི་བོད་ཀྱི་སྤྱི་ཚོགས་རྙིང་པའི་མྱ་ངན་གྱི་སྐྱོ་གླུ་ཞིག་ཀྱང་ཡིན་པར་སྣང་། དེང་རབས་བོད་ཀྱི་རྩོམ་པ་པོ་རྣམས་རང་ཉིད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས་དང་། དེ་མིན་དངོས་ཡོད་གནས་ཚུལ་ཕན་ཚུན་འགལ་བར་ལངས་པའི་རྦ་རླབས་ཆེན་པོའི་ཁྲོད་ནུབ་པར་མི་འདོད་ཅིང་། ལོ་རྒྱུས་དང་དངོས་ཡོད། ཚོགས་སྤྱི་དང་མི་སྒེར་བར་གྱི་འགལ་འབྲེལ་གྱི་སྲུབ་དབར་ནས་རང་ལ་དབང་བའི་འཚོ་གནས་རྒྱ་བསྐྱེད་པ་དང་། རང་ཉིད་མཚོན་བྱེད་ཀྱི་རྟགས་མཚན་ནམ་དར་ཆ་བཙུགས་ཏེ། མི་སྒེར་གྱི་ཚེ་སྲོག་གི་རྒྱུན་ལས་ལོ་རྒྱུས་དང་དངོས་ཡོད་ཟུང་འབྲེལ་གྱི་གཞིས་ཀ་ནས་རང་གི་དར་ཆ་བསྒྲེངས་ཏེ་ལོ་རྒྱུས་བརྗོད་པར་ཟིན་ཐོར་འབྲི་བཞིན་ཡོད། དཔེར་ན། བོད་ཀྱི་ན་གཞོན་རྩོམ་པ་པོ་སྐད་གྲགས་ཅན་བཀྲ་ཤིས་ཟླ་བ་བཅས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་བར་མ་ཆད་པར་བརྒྱུད་པའི་སྲོལ་རྒྱུན་རྩོམ་རིག་གི་སྙིང་བཅུད་འཛིན་སྐྱོང་བྱེད་ཐོག རྒྱལ་ཁབ་ཕྱི་ནང་གི་དེང་རབས་རྩོམ་རིག་ལ་སློབ་སྦྱོང་དང་མེ་ལོང་དུ་བསྟེན་པ་དང་། སྒོས་སུ་ཨ་རུའི་ལྷོ་རྒྱུད་དུ་དར་བའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་ཤུགས་རྐྱེན་ཐེབས་པའི་འོག མི་རིགས་རང་གི་གནའ་བོའི་ལྷ་སྒྲུང་དང་། 《གེ་སར་སྒྲུང་》སྟེ་དཔའ་པོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་དང་། དེ་མིན་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་གླུ་གཞས་སོགས་སྒྱུ་རྩལ་གྱི་བསམ་བློའི་སྲོལ་རྒྱུན་དང་མདོ་དབུས་མཐོ་སྒང་གི་རང་བྱུང་ཁམས་ཀྱི་བཀོད་པ་ངོ་མཚར་ཞིང་ཡིད་འཕྲོག་པའི་མཚར་སྡུག་སྣ་ཚོགས་ཀྱིས་ཡིད་རྣམ་པར་བསླུས་པས། ཁོང་ཚོས་རྒྱ་ཆེ་བའི་དུས་རབས་ཀྱི་བབས་དང་གཏིང་དཔག་དཀའ་པའི་ལོ་རྒྱུས་རིག་གནས་ཀྱི་ཁམས་ནས་ལྷ་སྒྲུང་དང་དངོས་ཡོད་དང་། ལོ་རྒྱུས་དང་མ་འོངས་པ་དང་། སྒྱུ་འཕྲུལ་དང་མངོན་སུམ་སོགས་གཞི་གཅིག་ཏུ་སྤེལ་བ་དང་། དེ་མིན་གབ་ཚིག་དང་བསྡུས་བརྗོད། གཟུགས་ཅན་དང་། འུད་བརྗོད་སོགས་དང་། ཐ་ནའང་དུས་དང་གནས་ལྡོག་པར་སྤེལ་བ་བཅས་ཀྱི་དེང་རབས་ཀྱི་གསར་རྩོམ་ཐབས་ཤེས་ལ་བརྟེན་ནས་སྒྲུང་རྩོམ་གྱི་དོན་བྱུང་བརྗོད་པའི་གནས་དང་དུས་ཀྱི་ཁམས་རྒྱ་བསྐྱེད་དང་གཏིང་ཟབ་དུ་སྤེལ་བ་དང་བརྗོད་སྙིང་གི་བསམ་བློའང་དོན་མང་རང་བཞིན་ཅན་དང་གཏིང་ཟབ་ཏུ་སྤེལ་བ་དང་། དེ་མིན་བོད་ཀྱི་དེང་རབས་སྙན་ངག་པ་སྐད་གྲགས་ཅན་ཡི་དམ་ཚེ་རིང་གི་སྙན་རྩོམ་དུ་གནའ་བོའི་ལོ་རྒྱུས་རིག་གནས་ཀྱིས་མི་རྣམས་ཀྱི་སེམས་ཁམས་ལ་བཞག་པའི་བག་ཆགས་ཟབ་མོའི་སྙིང་བཅུད་འདུས་པ་མ་ཟད། བོད་མིའི་དེང་རངས་ཀྱི་སེམས་ འདུན་དང་བདེ་སྡུག་གི་སྣང་བའི་ཁུར་གྱིས་དུད་པ། སྙན་ངག་གི་རྣམ་པའི་སྟེང་ནས་ཁོང་གིས་དམངས་གླུ་དང་དམངས་གཞས་མེ་ལོང་དུ་བསྟེན་པ་དང་མཚོན་བྱེད་ཀྱི་ཐབས་ཤེས་ལ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མཚོན་པར་ཡུལ་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རྟགས་མཚན་དུ་མར་བརྟེན་ནས་དེའི་རྒྱབ་ལོག་གི་རིག་གནས་ཀྱི་ཤུགས་དོན་ཟབ་མོ་མཚོན་པར་བྱེད་པ། དཔེར་ན། ཕོ་བྲང་པོ་ཏ་ལ་དང་། ཡུམ་བུ་བླ་སྒང་དང་། གངས་རི་དང་། གངས་ལྗོངས་དང་། རྩྭ་ཐང་དང་། གཙང་པོ་དང་། མཚོ་དང་མཚེའུ་དང་། ཉི་ཟླ་སྐར་གསུམ་ལ་སོགས་པའི་གསོན་ཉམས་ལྡན་པའི་དཔེ་སྣ་ཚོགས་བཀོལ་ནས་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་མི་རིགས་ཀྱི་ཆོས་ལུགས་དད་མོས་བཅས་ཤུགས་བསྟན་གྱི་བསམ་བློ་འི་འཇིག་རྟེན་རྒྱ་ཆེར་མཚོན་པ་ལྟ་བུའོ།།
བོད་ཀྱི་དེང་རབས་རྩོམ་རིག་ནི་དུས་དང་གནས་བཅས་ལོ་རྒྱུས་ཀྱི་གཞུང་ཐིག་སྟེང་གི་དེང་རབས་ཅན་གྱི་མཚན་བརྗོད་ཙམ་ཞིག་མ་ཡིན་པར། དེ་ནི་སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་གསར་བརྗེ་དང་། ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཡོངས་ལ་འཕོ་འགྱུར་ཆེན་པོ་བྱུང་བས། མི་རྣམས་(རྩོམ་པ་པོ་དང་། ཀློག་མཁན་གྱི་བདག་གཞི་)ཀྱི་བསམ་བློའི་འཛིན་སྟངས་དེང་རབས་ཀྱི་རང་བཞིན་དུ་འགྱུར་བའི་ལོ་རྒྱུས་རྒྱུད་རིམ་གྱི་དོན་དངོས་བྲིས་པ་ཞིག་ཡིན། སྐུ་ཞབས་ཏུའུ་ཧྲུའུ་ཡུན་གྱིས་《རྩོམ་རིག་གི་བདག་གཞི་སྨྲ་བའི་ཚད་འདས་དང་བཀག་རྒྱ་》ཞེས་པར། “ང་ཚོར་མཚོན་ན། དེང་རབས་ཀྱི་བདག་གཞིའི་རང་བཞིན་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ནང་དོན་དང་ལྡན་ཞིང་། དེ་མིན་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ནུབ་ཕྱགོས་སུ་དར་ཞིང་གྲུབ་པའི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་འགྲན་རྩོད་ཀྱི་རང་བཞནི་དང་། འདེམ་དབང་རང་བཞིན་བཅས་ཀྱི་སྤྱོད་པའི་གཞི་ཆགས་པ་ནི། གཅིག་ནས་འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་བློ་རྒྱ་ལྡན་ཞིང་། གཅིག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་རྨང་གཞིར་རྐང་ཚུགས་པའི་གཞི་ནས། མི་སྒེར་གྱི་རང་མོས་དང་བདག་དབང་ལ་གང་ལེགས་ཀྱིས་བརྩི་བཀུར་བྱེད་པ་དང་། ཆབས་ཅིག་སྤྱི་ཚོགས་ཀྱི་འགན་ཁུར་དང་འོས་འགན་སོགས་ནན་དུ་བརྗོད་པ་ལ་སོགས། དེ་འདྲའི་བདག་གཞིའི་རང་བཞིན་མིག་སྔར་ང་ཚོའི་རྒྱལ་ནང་དུ་གྲུབ་བཞིན་པ་དང་འཕེལ་བཞིན་ཡོད་པ་ཞིག་ཡིན།”①ཞེས་གསུངས་པ་ནང་བཞིན། བོད་ཀྱི་དེང་རབས་རྩོམ་རིག་གི་བདག་གཞི་རང་བཞིན་ཡང་དེ་བཞིན་དུ་ད་ལྟ་འགྲུབ་པ་དང་འཕེལ་བཞིན་ཡོད་པ། དེ་ལས་མཐོང་རྒྱ་ཆེ་ཞིང་བློ་ཁོག་ ཡངས་པའི་འཛམ་གླིང་གི་འདུ་ཤེས་ལྡན་ཞིང་མི་རིགས་རང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་མ་ཉམས་སོར་འཇོག་དང་ཉམས་པ་སླར་གསོའི་རྨང་གཞི་བརྟན་པ་དང་། སྤྱི་ཚོགས་ཀྱི་ལས་འགན་དང་འོས་འགན་ལྷུར་ལེན་བྱེད་པའི་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་ཁམས་གྱི་བདག་གཞི་གཉིས་གཙོ་བྱས་པའི་བོད་ཀྱི་དེང་རབས་མི་ཆོས་བསམ་བློའི་གྲུབ་ཚུལ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་ཚུལ་དེང་རབས་རྩོམ་རིག་གིས་མངོན་པར་མཚོན་བཞིན་ཡོད། དེ་དང་ཆབས་ཅིག་བོད་ཀྱི་དེང་རབས་རྩོམ་རིག་གིས་ནུས་ཕྱོགས་ཀྱི་དེང་རབས་ཚན་རིག་ལག་རྩལ་དང་མི་ཆོས་བསམ་བློ་དང་། མཛེས་རྟོག་གི་ལྟ་བ་དང་ལེན་བྱེད་པའི་ལོ་རྒྱུས་ཁྲོད་ཐུག་པའི་འགལ་འདུ་སྣ་ཚོགས་དང་། ཅི་བྱ་གཏོལ་མེད་ངང་ཡང་བསྐྱར་བསམ་གཞིགས་དང་ཡིད་དཔྱོད་ བྱས་ནས། མུ་མཐུད་དུ་མདུན་ལམ་ལ་འཚོལ་ཞིབ་བྱས་ཏེ་རིག་གནས་གསར་པ་ནང་འདྲེན་དང་ཁྱབ་སྤེལ་དུ་གཏོང་བ་དང་རྩོམ་རིག་དེང་རབས་རང་བཞིན་དུ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་པའོ།།
མདོར་ན། བོད་ཀྱི་དེང་རབས་རྩོམ་རིག་ནི་ཀྲུང་གོའི་དེང་རབས་རྩོམ་རིག་གཙོ་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གསར་པའི་སྐུལ་ཤུགས་དྲག་པོ་དང་དགེ་མཚན་རང་བཞིན་གྱི་ཤུགས་རྐྱེན་འོག་གོང་འཕེལ་བྱུང་བའི་མི་རིགས་ཀྱི་རྩོམ་རིག་གསར་པའི་རྣམ་པ་ཞིག་ཡིན། དེ་ལ་མི་རིགས་རང་གི་རྩོམ་རིག་གི་སྲོལ་རྒྱུན་བཟང་པོ་དང་ལོ་རྒྱུས་རིག་གནས་ཀྱི་དགེ་མཚན་འཛིན་སྐྱོང་འོག རྒྱལ་ཁབ་ཕྱི་ནང་གི་དེང་རབས་ཀྱི་རྩོམ་རིག་གཞུང་ལུགས་གསར་པ་དང་སྒྱུ་རྩལ་གྱི་ཐབས་ཤེས་གསར་པ་ནང་འདྲེན་དང་དང་ལེན་བྱས་ནས། བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་སྒྱུར་བཅོས་བྱེད་པའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་བྱུང་བའི་འགལ་འདུ་སྣ་ཚོགས་དང་ཐེ་ཚོམ་དང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་རུང་འཕག་འཚག་དང་མདུན་སྐྱོད་ཕོད་ཅིང་། རྙོག་གྲ་ཆེ་བའི་སྤྱི་ཚོགས་སྒྱུར་བཅོས་ཀྱི་ལོ་རྒྱུས་ཀྱི་གཏམ་རྒྱུད་རྣམས་དེང་རབས་རྩོམ་རིག་གིས་ཐུན་མོང་མ་ཡིན་པའི་འཆར་ཡན་གྱི་བསམ་གཞིགས་དང་སྒྱུ་རྩལ་གྱི་མཚོན་ཐབས་ལ་བརྟེན་ནས། དངོས་ཡོད་འཚོ་བའི་གནས་ཚུལ་རྣམས་གསོན་ཉམས་ལྡན་པའི་མི་སྣའི་སྣང་བརྙན་དང་དོན་བརྗོད་ཀྱི་གཏམ་རྒྱུད་ཕུན་སུམ་ཚོགས་པའི་མ་ལག་བསྐྲུན་ཏེ། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་བསམ་བློའི་འཁྱེར་སོ་སོགས་མངོན་པར་མཚོན་བཞིན་ཡོད་དོ།།
རྡོ་རྗེ་རིན་ཆེན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེ་མོ་ཡིན།
① 周晓明、王又平主编:《现代中国文学史》,湖北教育出版社,2004年第9期。
① བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། 《བོད་ཀྱི་དུས་རབས་རིམ་བྱོན་རྩོམ་ཡིག་ཕྱོགས་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོའི་ཟླ་8པར།
② ཞང་ཞུང་ཆོས་དབང་གྲགས་པས་བརྩམས།《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་2པར།
③ མཆན་གསུམ་པ་དང་གཅིག་འདྲ་ཡིན།
④ བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་《སྙན་ངག་མེ་ལོང་གི་འགྲེལ་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་2པར།
⑤ སངས་རྒྱས་རྒྱལ་མཚན་གྱིས་མཛད། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་2པར།
① 徐怀中著:《我们播种爱情》,人民文学出版社,2005年第1期。
① 《珠穆朗玛》(短诗集)1955年3月上海文艺出版社;《拉萨的黎明》(短诗集)1957年8月重庆人民出版社;《大雪纷飞》(长诗集)1958年6月 作家出版社。
①摘自甘肃省作家协会协作中心编《高平研究》一书《赤子肠热山水情深—高平诗歌创作漫评》一文,1985年。
②引自高平《致诗友》一书中《我学习写诗的道路》一文,敦煌文艺出版社,1993年。
① 丹真贡布著,湖南文艺出版社(袖珍诗丛•民族花环),1988年。
② 高平著:《致诗友》,敦煌文艺出版社,1993年9月。
① 扎西达娃著:《骚动的香巴拉》作家出版社,1993年;《西藏,系在皮绳结上的魂》中短篇小说集,中国文学出版社1992年。
① 意西泽仁著:四川民族出版社,1983年和 1987年11月。
② 意西泽仁著:人民文学出版社,1981年。
③ 丹珠昂奔著:花山文艺出版社,1987年12月。
④ 益希卓玛著:中国少年儿童出版社,1981年。
⑤ 央珍著:中国青年出版社,1997年6月。
⑥ 秦文玉著:人民文学出版社,1985年。
① 阿来著:《尘埃落定》,人民文学出版社,1998年3月。
② 阿来著:《空山》(三部曲),人民文学出版社,2009年。
① 小令:《燕赵晚报》2006-7-25,C04版。
① 端智嘉著:《端智嘉文集》(2册),四川民族出版社,1997年8月。
① 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》 དེབ་གཉིས་པ། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། 1990ལོའི་ཟླ་4བར།
② 《དོན་གྲུབ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》 དེབ་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ་8པར།
① 胡经之主编:《西方文艺理论名著教程》,北京大学出版社,2003年第6期,第77页。
② 朱德发等著:《20世纪中国文学理性精神》,上海人民出版社,2003年第7期,第25页。
③ དཔལ་འབྱོར་གྱིས་བརྩམས། 《གཙུག་གཡུ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985ལོར།
① 伊丹才让著:《雪狮集》,青海人民出版社,1991年。
② 摘于《中国当代藏族作家优秀作品选》,甘肃民族出版社,1991年。阿房宫、法家。
① 杜书瀛、张婷婷:“文学主体论的超越和局限”,《文艺研究》2001年第1期。
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1