ཁྲི་བསམ་གཏན་ལགས་ནི1952ལོར་ཁྲི་ཀ་རྫོང་གི་སྨད་པ་སྡེ་བ་ནས་འཁྲུངས། ལོ་གསུམ་གྱི་སྟེང་གོང་བ་གྲྭ་ཚང་ལ་ཁྱེར་ནས་ཨ་ཁུ་སྦྱིན་པ་རྒྱ་མཚོའི་དྲུང་དང་ཇོ་ཇོ་ལྷ་ཁང་ནས་ལོ་གསུམ་བསྡད། 1958ལོ་ནས་བཟུང་སྨད་པ་སློབ་ཆུང་འགྲིམས། 1966ལོ་ནས་བཟུང་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭར་ཞུགས། དགེ་རྒན་འཕྲིན་ལས་དང་དཔལ་ཆེན་རྣམ་གཉིས་ཀྱི་མདུན་ནས་སུམ་ཅུ་བ་དང་རྟགས་འཇུག་སྦྱངས། 1971ལོར་ཁྲི་ཀ་ནས་སྲིད་གཞུང་གི་ལས་ཀར་ཞུགས་ནས། ལོ་གསུམ་རིང་ཁྲི་ཀ་རྫོང་གི་ཞང་རིམ་པར་ཟབ་ཞུགས་ཀྱིས་རྒྱ་བོད་སྐད་གཉིས་ཀྱི་ཡིག་ཆ་དྲིལ་སྒྲོག་གི་འགན་འཁུར། 1974ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས། བོད་ཀྱི་བརྡ་སྤྲོད་དང་། རྩོམ་རིག་གཞུང་ལུགས། སྐད་བརྡ་རིག་པ། དེང་རབས་རྒྱ་སྐད་བཅས་ཀྱི་སློབ་ཚན་གཙོ་བྱས་ཀྱི་བོད་ཡིག་གི་ཆེད་ལས་སྦྱོང་། ད་དུང་མཁས་དབང་ཚེ་ཏན་ཞབས་དྲུང་དང་། ཨ་ཁུ་ཆོས་དར། འཇམ་དཔལ་ཕུན་ཚོགས་སོགས་ཀྱི་དྲུང་དུ་སྙན་ངག མངོན་བརྗོད། བརྡ་རྙིང་། ལོ་རྒྱུས་སོགས་སྦྱོང་། 1976ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དགེ་རྒན་གྱི་ལས་ལ་ཞུགས། ལོ་དེར་མི་རིགས་དཔེ་སྐྲུན་ཁང་དུ་རྒྱ་བོད་ལོ་ཙཱ་སོགས་ཟབ་སྦྱོང་ལོ་གཅིག་རིང་བྱས། 1985ལོ་ནས་བཟུང་རྩིས་འཁོར་ནས་བོད་ཡིག་གསར་གཏོད་ཀྱི་ལས་གཞི་ལ་ཞུགས་ནས། གློག་འོད་ཀྱི་སྟེང་ནས་ཡི་གེ་སྐྲུན་པ་ལ་སོགས་ཀྱི་ལས་ཀ་བསྒྲུབས། 1995ལོར་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་གི་བྱ་དགའ་ཨང་གཉིས་པ་ཐོབ་ཅིང་། 2003ལོར་མི་གཞན་དང་ལྷན་དུ་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་གི་བྱ་དགའ་ཨང་གཉིས་པ་ཐོབ། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་འགན་བཞེས་ནས། ཨ་མདོ་ཁ་སྐད་དང་། རྨང་གཞི་བོད་ཡིག སྐད་གཉིས་ཁྲིམས་སྲོལ་གྱི་བོད་ཡིག དུས་རབས་རིམ་བྱུང་གི་རྩོམ་ཡིག རྒྱ་བོད་ཡིག་སྒྱུར། ལོ་ཙཱའི་གཞུང་ལུགས། བརྡ་ཆད་རིག་པ། འཕྲུལ་རྩིས་ཀྱི་རྩ་བའི་རིག་པ་སོགས་ཀྱི་དཔེ་ཁྲིད་མཛད། རྩོམ་འཇུག་ཅེས་པའི་དཔེ་ཁྲིད་དངོས་གཞི་ལ་ལོ་ཉི་ཤུའི་རིང་རྒྱུན་འཁྱོངས་བྱས། སྤྱི་ལོ་ཉིས་སྟོང་ལོ་ནས་བཟུང་《རྩོམ་འཇུག་རིག་གཞོན་དགའ་ཚལ་》ཞེས་པ་ཐེངས་བཅུ་ལ་ཞན་དཔར་མཛད། ཉིས་སྟོང་ལོར་དགེ་རྒན་ཆེན་མོའི་མཚན་ཐོབ་ཅིང་། ཀན་སུའུ་ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་སྣེ་ཁྲིད་པའི་འགན་བཞེས། ཀན་སུའུ་ཞིང་ཆེན་གྱི་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྱང་ཡིན། ཀན་སུའུ་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ་མྱོང་།
1980ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་གི་དཔྱད་གཞི་ཁང་ལ་བདག་གཉེར་ལོ་བཞི་མཛད་ཅིང་། པྲ་ཤོག་ལ་སློབ་ཚན་གྱི་ནང་དོན་བྲིས་ནས་སློབ་དེབ་བསྒྲིགས། ལོ་མང་བརྒྱུད་ནས་བོད་ཡིག་སྡེ་ཁག་གི་དཔྱད་གཞི་ཁང་ནི་དེབ་གྲངས་དང་རྒྱ་ཁྱོན་གང་གི་ཆ་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྡེ་ཁག་མང་པོའི་ཨང་དང་པོའི་ཆ་ལ་བསྙེགས་ཡོད། སྡེ་དགེ་དཔར་ཁང་གི་དཔེ་ཆ་སྣ་རིང་ཆ་ཚང་ཡོད་པ་མ་ཟད། བསྟན་འགྱུར་དཔར་མ་ཆ་ཚང་ཡོད། ཁོང་གིས་ལོ་བཞི་རེའི་ནང་འཛིན་གྲྭ་རབས་གཉིས་ཀྱི་འཛིན་བདག་མཛད། དེ་ནས་སློབ་དཔྱོད་ཁང་གི་ཀྲུའུ་རིན་གཞོན་པ་དང་ཀྲུའུ་རིན་བཅས་ཀྱི་འགན་བཞེས། ད་དུང་བོད་ཡིག་སྡེ་ཁག་གི་ཀྲུའུ་རིན་གཞོན་པའི་འགན་ལོ་དྲུག་དང་ཀྲུའུ་རིན་དང་པོའི་འགན་ལོ་ལྔ་བཅས་བཞེས། སྡེ་ཁག་ལ་རྩིས་འཁོར་གཅིག་ཉོས་ཏེ་བོད་ཡིག་གཉེན་ཆས་བཀོལ་སྤྱོད་བྱས་པ་དང་། སློབ་ཚན་བཀོད་སྒྲིག་ལ་བོད་ཡིག་བེད་སྤྱོད་བྱས། ཕྱིས་སུ་རིམ་བཞིན་བོད་ཡིག་སྡེ་ཁག་གི་སློབ་དེབ་ཉི་ཤུ་རྩ་གཉིས་རྩིས་འཁོར་གྱི་སྟེང་ནས་བོད་ཡིག་གིས་པར་སྐྲུན་བྱས་ཞིང་། པྲ་ཤོག་ལ་སློབ་དེབ་འབྲི་མཚམས་བཞག ལོ་གཅིག་ལ་སློབ་མ་བསྡུས་ན་ལོ་གཞན་ཞིག་ལ་སློབ་མ་མི་བསྡུ་བའི་སྲོལ་བསྒྱུར་ནས་མཚམས་མ་བཞག་པར་ལོ་རེ་རེ་ལ་འཛིན་གྲྭ་གཉིས་རེ་ཡན་བསྡུ་བའི་སྲོལ་བྱུང་། དངོས་གཞི་དང་ཆེད་སྦྱོང་། དངོས་འཕར་བཅས་འཛིན་གྲྭ་སྣ་མང་བསྡུ་མགོ་བརྩམས་ཤིང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་གྲངས་མང་དུ་བཏང་ཞིང་། འབུམ་རམས་པའི་སློབ་མ་བསྡུ་མགོ་བརྩམས་པ་ནི་བོད་ཡིག་སློབ་ཆེན་རྣམས་ལས་ཅུང་སྔ་ཤོས་ཡིན།
1996ལོ་ནས་བཟུང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས། ལོ་བཅུ་ཕྲག་གི་རིང་ལ་ཞིབ་འཇུག་སློབ་མ་སུམ་ཅུ་ལྷག་ལ་མཛུབ་སྟོན་བྱས། མཛུབ་སྟོན་བྱེད་ཐབས་ལྔ་ཞེས་པ་སྤྱི་སྡོམ་བྱས། དང་པོ། དེང་སྐབས་རིག་ཚན་གང་དེའི་ཞིབ་འཇུག་གི་གནས་ཚུལ་སྤྱི་དང་བྱེ་བྲག་ལ་རྒྱུས་ལོན་བྱེད་པར་མཛུབ་སྟོན་བྱེད་དགོས། གཉིས་པ། སློབ་མའི་ཆབ་སྲིད་བསམ་བློ་ལ་མཉམ་འཇོག་བྱས་ཏེ་ཞིབ་འཇུག་གི་ལས་གཞི་སྣ་ཚོགས་གང་ཡིན་པ་ཞིག་གི་སྙན་ཞུ་ཕུལ་བར་མཛུབ་སྟོན་བྱེད་དགོས། གསུམ་པ། དཔེ་ཁྲིད་མ་འདུས་པ་ལས་ད་དུང་གཟའ་འཁོར་རེ་ལ་འབྲེལ་གཏུག་རེ་གཉིས་ཡོད་པ་རྒྱུན་འཁྱོངས་བྱས་ནས། སློབ་མ་རང་སྟེང་གི་སྤྱི་འབྲེལ་ཀུན་སྤྱོད་མཐོར་འདེགས་ལ་མཛུབ་སྟོན་བྱེད་དགོས། བཞི་བ། རབ་འབྱམས་པའི་སློབ་རིམ་ཐོབ་ཐང་ལོན་པར་མཛད་པའི་དཔྱད་རྩོམ་ལ་མཛུབ་སྟོན་ཞིབ་མོ་བྱེད་པ་སྟེ། ཁ་བྱང་འདེམས་པ། ནང་དོན་གནད་བསྡུས། སྙན་ཞུ་ཕུལ་བ། བགྲོ་གླེང་བྱེད་པ། ཟུར་ལྟའི་དཔྱད་གཞི་འགོད་སྟངས་བཅས་ལ་མཇུབ་སྟོན་ཞིབ་ཕྲ་བྱེད་དགོས། ལྔ་བ། དངོས་སྦྱོང་རྩད་གཅོད་ལ་དོ་སྣང་དང་དཔྱད་གཞི་སྣ་མང་རྒྱུས་ལོན་གྱི་སྟེང་ནས་དཔྱད་རྩོམ་སྤུས་ལེགས་ཤིག་ཞིང་ཆེན་རིམ་པའི་དུས་དེབ་གང་ཞིག་ལ་འགོད་ཐབས་ཀྱི་མཛུབ་སྟོན་བྱེད་དགོས། མཛུབ་སྟོན་བྱེད་ཐབས་ལྔ་ཞེས་པ་ལོ་དུ་མའི་རིང་ལ་མི་མང་པོས་སྤྱི་སྡོམ་བྱས་པ་ཕྱི་རབས་ཀྱི་དགེ་སློབ་དག་ལ་ཕན་ཐོགས་ཤིག་ཡོང་ངེས་ཡིན། ཞེས་ཁོང་གིས་དུས་ནམ་ཡིན་ཀྱང་བརྗོད་བཞིན་ཡོད།
ཞིབ་འཇུག་དཔྱད་རྩོམ་གཙོ་གྲས་འགའ།
༡སློབ་མར་རྩོམ་འགྲུབ་བྱེད་ཀྱི་རྒྱུ་ཆ་རགས་ཙམ་གླེང་བ། བོད་ལྗོངས་སློབ་གསོ། ༡༩༨༧ལོའི་དེབ་གཉིས་པ། ཤོག་ངོས་༤༡
༢སློབ་མར་རྩོམ་འགྲུབ་བྱེད་ཀྱི་བརྗོད་སྙིང་མདོར་གླེང་བ། བོད་ལྗོངས་སློབ་གསོ། ༡༩༨༨ལོའི་དེབ་གཉིས་པ། ཤོག་ངོས་༤༥
༣བོད་ཀྱི་བསྟན་བཅོས་ལས་མཆོད་བརྗོད་ལ་རགས་ཙམ་དཔྱད་པ། བོད་ལྗོངས་ཞིབ་འཇུག ༡༩༨༨ལོའི་དེབ་དྲུག་པ།
༤གཞོན་ཟླ་དང་ཐོག་རྨི་གཉིས་ཀྱི་རྩོམ་པ་པོའི་ཁྱིམ་རྒྱུད་དང་བསམ་བློའི་འབྱུང་ཁུངས་ཀྱི་ཞིབ་བསྡུར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་བོད་ཡིག་མ། ༡༩༩༨ལོའི་དེབ་དང་པོ། ཤོག་ངོས་དང་པོ།
༥རྒྱ་བོད་ཡིག་སྒྱུར་གྱི་ལོ་རྒྱུས་མདོར་བསྡུས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་བོད་ཡིག་མ། ༢༠༠༢ལོའི་དེབ་གཉིས་པ། ཤོག་ངོས་༥༤
༦ནུབ་གླིང་གི་རྩོམ་རིག་སྒྲ་སྒྱུར་ཞིབ་འཇུག་གི་རྩོད་གླེང་སྐོར་བཤད་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་བོད་ཡིག་མ། ༢༠༠༤ལོའི་དེབ་དང་པོ། ཤོག་ངོས་༢༦
༧བོད་ཡིག་ལོ་ཙཱ་ལས་མ་ཡིག་ནེ་ཙོ་དང་འགྱུར་ཡིག་རྨ་བྱ་ཞེས་པའི་དཔེ་འཇོག་ལ་དཔྱད་པ། (རྒྱ་ཡིག)མི་རིགས་ཡིག་སྒྱུར། ༢༠༠༨ལོའི་དེབ་གཉིས་པ། ཤོག་ངོས་༧༠
༨མའོ་ཙེ་ཏུང་གི་གསུང་རྩོམ་བོད་འགྱུར་གཉིས་ཀྱི་བསྡུར་དཔྱད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་བོད་ཡིག་མ། ༢༠༡༥ལོའི་དེབ་དང་པོ། ཤོག་ངོས་༥༣
༩རྒྱ་ཡིག་སྒྲ་སྒྱུར་གཞུང་ལུགས་ཀྱི་འགྱུར་ཡིག་སྙིང་བསྡུས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 《ལོ་ཙཱ་གླིང་》 ༢༠༡༠ལོའི་དེབ་དང་པོ། ཤོག་ངོས་༡༠༡
༡༠མའོ་ཡན་གྱི་སྒྲུང་གཏམ་བསྒྱུར་ནས་ཐིག་ཕྲེང་ཁ་སྤྲོད་ཀྱི་སྒྱུར་ཐབས་དང་ལག་རྩལ་ལ་དཔྱད་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 《ལོ་ཙཱ་གླིང་》 དེབ་བཞི་བ། ཤོག་ངོས་༩༠
སློབ་དེབ་དང་དཔེ་དེབ་གཙོ་གྲས་འགའ།
༡བོད་ཡིག་དཔྱད་རྩོམ་གྱི་དཀར་ཆག་གཅེས་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༣ལོའིཟླ་༣པར་དཔེ་སྐྲུན་བྱས། ༡༩༩༤ལོར་ཀན་སུའུ་ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་བྱ་དགའ་ཨང་གསུམ་པ་ཐོབ།
༢རྩོམ་ལ་འཇུག་ཚུལ་རིག་བརྒྱའི་སྒོ་འབྱེད་ངོ་མཚར་འཕྲུལ་གྱི་ལྡེ་མིག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྣམ་སྲས་དང་མཉམ་འབྲེལ་བྱས་པ། ༡༩༩༤ལོའི་ཟླ༦པར་དཔེ་སྐྲུན་བྱས།
༣རྩོམ་འཇུག་རིག་གཞོན་དགའ་ཚལ། (དག་བཅོས་མ) མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༢པར་དཔེ་སྐྲུན་བྱས།
༤བོད་རྒྱ་རྩོམ་རིག་གཤིབ་བསྡུར་གྱི་དཔྱད་བརྗོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༦པར་དཔེ་སྐྲུན་བྱས།
༥འཕྲུལ་རྩིས་ཀྱི་རྩ་བའི་རིག་གཞུང་མདོར་བསྡུས། བདུད་ལྷ་རྒྱལ། ལྡོང་རྒྱལ་ལོ་དང་མཉམ་འབྲེལ་བྱས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༡༡པར་དཔེ་སྐྲུན་བྱས།
༦སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོའི་ཟླ༥པར་དཔེ་སྐྲུན་བྱས།
༧དེང་རབས་བརྡ་ཆད་རིག་པ་སྤྱི་བཤད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༥པར་དཔེ་སྐྲུན་བྱས།
༨《ལོ་ཙཱ་གླིང་》དེབ་བཞི་བ། འདིར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་མའོ་ཡན་གྱི་སྒྲུང་ཐུང་དགུ་བསྒྱུར་ནས་ཐིག་ཕྲེང་ཁ་སྤྲོད་ཀྱི་དཔྱད་བརྗོད་ཀྱང་བྲིས་ཡོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༦པར་དཔེ་སྐྲུན་བྱས།
༩བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་འཇིག་རྟེན་མིག་གི་དགའ་སྟོན་ཞེས་པ་སྤྱི་ལོ་༢༠༡༢ལོའི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་ལས་གཞི་ཡིན། ༢༠༡༤ལོར་རྨང་གཞི་ཙམ་བཏིང་། ༢༠༡༧ལོར་ཡོངས་གྲུབ་བྱུང་། ད་སྐབས་དག་བཅོས་བརྒྱུད་དེ་དཔེ་སྐྲུན་བྱེད་གྲབས་ཀྱི་ལས་ལ་ཞུགས་ཡོད།
༢༠༡༨ལོའི་ཟླ༦པའི་ཚེས་༡༢ཉིན་ཕུལ་པ་དགེའོ། །