དགེ་རྒན་རྣམས་ལ་མཚན་མོའི་སློབ་གྲྭ་བཙུགས་ནས་སྦྱོང་བརྡར་བྱས།
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-19
དགེ་སློབ་ཆ་བསྒྲིགས་ཏེ་ཞན་ཆ་ཁ་གསབ་བྱས་པ།
སྤྱི་ཟླ6པའི་ཚེས25ཉིན་གྱི་དགོང་མོའི་ཆུ་ཚོད7ཡས་མས་སུ། གསར་འགོད་པ་གསེར་ཐར་རྫོང་གྲོང་ཁུལ་སློབ་ཆུང་དུ་སླེབས་སྐབས། རྩལ་སྦྱོང་ར་བ་རུ་སློབ་མ་འགའ་ཡིས་ལྒང་ལི་རྩེ་བཞིན་འདུག ལྷིང་འཇགས་ཀྱི་སློབ་གླིང་འདི་རུ། དགོད་སྒྲ་དང་འདྲེས་པའི་སློབ་ཁྲིད་བྱེད་པའི་སྐད་སྒྲ་ཞིག་ཐག་རིང་ནས་ཁྱབ་ཡོང་། དེ་དང་ཆབས་ཅིག་ཏུ་ལྔ་གཅིག་འཛིན་གྲྭ་རུ་གློག་འོད་ཁྲ་ཆིལ་ལེར་ཡོད་པས། གསར་འགོད་པས་ངོ་མཚར་དང་བཅས་མདུན་ཕྱོགས་སུ་སོང་ནས་རྒྱུས་ལོན་བྱས་ཚེ། དེ་ནི་བློ་གསལ་སློབ་བུའི་ཚོགས་རྣམས་མ་ཡིན་པར། བུམ་པ་གང་བྱོས་ཀྱི་ཚུལ་དུ་གདམ་པ་གནང་མཁན་གྱི་དགེ་རྒན་རྣམས་རེད་འདུག སློབ་གྲྭ་འདི་ཡི་སློབ་གཙོ་འོད་ཟེར་གྱིས་གསར་འགོད་པའི་ཡ་མཚན་པའི་ཉམས་དེ་མཐོང་རྗེས་ངོ་སྤྲོད་བྱས་དོན། འདི་ནི་རང་རེའི་སློབ་གྲྭའི་དགེ་རྒན་དཔུང་སྡེ་ཡི་མཚན་མོའི་སློབ་གྲྭ་རུ་བསླབ་པ་དོན་གཉེར་བྱེད་པའི་ཟུར་ངོས་ཤིག་རེད། ཁྲིད་སྟེགས་སུ་ཡར་བཞེངས་ནས་སློབ་ཁྲིད་བྱེད་བཞིན་པ་དེ་ནི་དགེ་རྒན་ཀྲང་ཅིན་ལགས་རེད། ཁོ་མོས་རང་གི་ལས་གྲོགས་དགེ་རྒན་དག་ལ་སློབ་མ་རྣམས་ལ་རྒྱ་ཡིག་གི་བརྡ་སྤྲོད་ཇི་ལྟར་ཁྲིད་ལུགས་སྐོར་འཆད་ཀྱིན་འདུག ལས་གྲོགས་དགེ་རྒན་དག་གིས་ཉོན་ཞོར་དང་ཟིན་ཐོ་འབྲི་ཞོར་བྱེད་བཞིན་འདུག ད་ལྟ་སློབ་གསོའི་མཁོ་ཆས་དང་ཆ་རྐྱེན་ཇེ་ལེགས་སུ་སོང་བར་བརྒྱུད། དགེ་རྒན་དཔུང་སྡེའི་སློབ་གསོའི་ཆུ་ཚད་མཐོ་རུ་གཏང་དགོས་འདུག སྐད་ཆ་འདི་ནི་ཚོགས་ར་དེར་ཡོད་པའི་དགེ་རྒན་ཡང་མེན་ཧྭ་ལགས་ཀྱིས་བཤད་པ་རེད།
གསེར་ཐར་རྫོང་རིག་སློབ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཁྲེན་ཧྥོའུ་ལགས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་སློབ་གསོའི་མཁོ་ཆས་སྐོར་ལ་འགྲོ་སོང་གང་མང་བཏང་བས། སློབ་གྲྭའི་འཛུགས་སྐྲུན་ནི་གསེར་ཐར་གྱི་ཆེས་ལེགས་ཤོས་ཀྱི་འཛུགས་སྐྲུན་ཡིན་ལ། དེང་རབས་སློབ་གསོའི་མཁོ་ཆས་སོགས་ཀྱང་སྣ་འཛོམས་ཡིན། མཐའ་འཁོབ་ཀྱི་འབྲོག་སྡེའི་རྫོང་གསེར་ཐར་ལའང་དྲྭ་རྒྱ་བརྒྱུད་ནས་སློབ་ཁྲིད་བྱེད་ཐུབ་པའི་དམིགས་ཡུལ་སྔར་ནས་མངོན་འགྱུར་བྱུང་ཡོད། དེ་ཡང་སློབ་གསོའི་བྱ་གཞག་གོང་འཕེལ་ཡོང་དགོས་ཚེ། ཕྱོགས་གཅིག་ནས་སློབ་ཁྲིད་ཀྱི་མཁོ་ཆས་སྣ་འཛོམས་དགོས་ལ། ཕྱོགས་གཞན་ཞིག་ནས་དགེ་རྒན་གྱི་དཔུང་སྡེའི་རང་སྟེང་གི་ཆུ་ཚད་མཐོ་རུ་གཏོང་མ་ཐུབ་ཚེ། སློབ་གསོ་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་དཀའ་མོ་རེད། གནས་བབ་དེ་ལྟ་བུར་འཕྲད་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་འགའ་ཤས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རང་གི་ཕྲུ་གུ་དར་མདོ་དང་ལྕགས་ཟམ་ཁ། ཐ་ན་རྒྱ་ཡུལ་གྱི་སློབ་གྲྭ་རུ་བསྐྱལ་ཏེ། ཚད་ལྡན་གྱི་སློབ་གསོ་ཐེབས་སུ་འཇུག་གི་ཡོད། དེ་ལྟར་བྱས་པས་ཁྱིམ་ཚང་གི་འགྲོ་སོང་ཐད་དཀའ་ངལ་གང་མང་ཞིག་འཕྲད་ཀྱིན་ཡོད། སྤྱི་ཚོགས་དང་ཁྱིམ་བདག་རྣམས་ཀྱིས་གསེར་ཐར་གྱི་སློབ་གསོ་ལ་དོ་ཁུར་བྱས་པ་དང་། དགེ་རྒན་དཔུང་སྡེའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་གཏང་ཆེད། ང་ཚོའི་ཆེད་དུ་མཚན་མོའི་སློབ་གྲྭ་བཙུགས་ནས་ཤེས་བྱའི་གཞུང་ལུགས་ཀྱི་རྨང་གཞི་ཡོད་པ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་དགེ་རྒན66གདན་འདྲེན་ཞུས་ཏེ། མཚན་མོའི་སློབ་གྲྭར་སློབ་ཁྲིད་བྱེད་འགན་ཁུར་བཞིན་ཡོད། དགེ་སློབ་ཆ་བསྒྲིགས་དང་ཉམས་མྱོང་བརྗེ་རེས། ཁྲིད་ཐབས་འཆད་ཁྲིད་དང་སློབ་ཁྲིད་ཞིབ་འཇུག དྲྭ་ཐོག་གི་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ། དགེ་རྒན་དཔུང་སྡེའི་ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་དང་ཆེད་ལས་འཇོན་ནུས་ཇེ་དྲག་ཏུ་གཏོང་བཞིན་པ་འདི་ནི་སློབ་གསོའི་སྤུས་ཚད་ཀྱི་སྟོང་ཆ་ཁ་སྐོང་བའི་ཐབས་ཤེས་ཡིན་པ་རེད།
རོལ་རྩེད་ཀྱི་ཚུལ་ནས་སློབ་གསོ་ཐེབས་སུ་འཇུག་པ།
ང་ཚོ་གསེར་ཐར་ནི་འབྲོག་སྡེའི་རྫོང་ཞིག་ཡིན། འབྲོག་པའི་བུ་དང་བུ་མོས་རྒྱ་ཡིག་སྦྱོང་དགོས་ཚེར་དཀའ་ངལ་ལྷག་ཏུ་ཆེ། ང་ཚོའི་རྩེད་མོ་ལམ་ནས་སློབ་ཁྲིད་བྱས་ནས་རྒྱ་ཡིག་སྦྱོང་བའི་མོས་པ་གསོ་སྐྱོང་བྱེད་བཞིན་ཡོད། དཔེར་ན། སློབ་གྲོགས་གཅིག་གིས་གསལ་བྱེད་ཀྱི་ཚབ་བྱེད་པ་དང་། གཞན་ཞིག་གིས་དབྱངས་ཡིག་གི་ཚབ་བྱེད་པ། དགེ་རྒན་གྱིས་མཛུབ་སྟོན་ལ་བརྟེན་ནས་དབྱངས་དང་གསལ་བྱེད་སྦྱོར་ལུགས་ཀྱི་རྩེད་མོ་རྩེ་བ་ལྟ་བུ་རེད། དེ་ལས་གཞན། དགེ་རྒན་ཞིག་གིས་བཤད་དོན། ངའི་རྒྱ་ཡིག་ཚེགས་ཤད་སྦྱོར་ལུགས་ནི་བརྙན་འཕྲིན་ནང་དུ་གློག་སྐུད་དང་འདྲ་བས། སྦྱོར་ཉེས་བྱས་ཚེ་བརྙན་འཕྲིན་འཆར་མི་ཐུབ་པ་བཞིན། བརྗོད་བྱའི་དོན་སྟོན་མི་ནུས་པ་རེད། ཏུང་ཧའེ་ཅིན་ལགས་ནི་རྫོང་གི་གྲོང་ཁུལ་སློབ་ཆུང་གི་ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པའི་རྒྱའི་སྐད་ཡིག་གི་དགེ་རྒན་རེད། ཁོ་མོས་དགེ་རྒན་བགྲོ་གླེང་གི་ནང་དོན་ཟིན་བྲིས་སུ་ཕབ་ཡོད་ཅིང་། ཁོ་མོས་དགོང་ཚོགས་མཇུག་བསྒྲིལ་རྗེས། མཉམ་དུ་གྲོས་བསྡུར་བྱས་མཐར། ལས་གྲོགས་དགེ་རྒན་རྣམས་ཀྱི་དགོངས་འཆར་ལས་ང་ཚོར་ཕན་པ་རྒྱ་ཆེན་ཐོབ་ཐུབ་ལ། དགེ་རྒན་རྣམས་ཀྱི་དགོངས་འཆར་ལ་བརྟེན་ནས་ངའི་ཁྲིད་ཐབས་ཀྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་བྱུང་། དེ་ལྟར་ཞན་ཆ་ཁ་གསབ་བྱས་ཏེ་མི་དམངས་ཀྱི་འདོད་བློ་སྐོང་བའི་སློབ་གསོའི་བྱ་གཞག་བསྒྲུབ་ཅི་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
དགེ་རྒན་ལ་མཚན་མོའི་སློབ་གྲྭ་བཙུགས་པ་ནི་རྣམ་པ་དང་ཕྱི་ཚུལ་ཙམ་མིན་པར། མཚན་འཚོགས་སྐོར་རེ་བཞིན་མཇུག་བསྒྲིལ་རྗེས། རིག་སློབ་ཅུས་ཀྱིས་དགེ་རྒན་རྣམས་ལ་ཆེད་ལས་ཤེས་བྱའི་སྐོར་ནས་ཚོད་ལྟའི་རྒྱུགས་ལེན་པ་དང་། རྒྱུགས་འབྲས་ལྟར། ཚད་གཞི་མ་ལོན་མཁན་རྣམས་ལ་གུང་གསེང་སྐབས་ཐེངས་གཉིས་པའི་ཟབ་སྦྱོང་འཛིན་གྲྭ་འཛུགས་རྒྱུ་ཡིན་པ་རེད། ཅུས་ཀྲང་ཁྲེན་ཧྥོ་ཡིས་བཤད་དོན། མི་དམངས་ཀྱི་འདོད་བློ་སྐོང་ཐུབ་པའི་སློབ་གསོའི་བྱ་བཞག་ཅིག་བསྒྲུབ་དགོས་ཚེ། ངང་སྒུག་དང་དལ་འགོར་བྱ་མི་རུང་། ཐད་ཀར་དགེ་རྒན་དཔུང་སྡེའི་ཤེས་བྱའི་ཆུ་ཚད་དང་སློབ་ཁྲིད་ཀྱི་སྤུས་ཚད་ཐད་ཡོད་པའི་གནད་དོན་ཡོ་བསྲང་བྱེད་པ་ནས་མགོ་བརྩམ་དགོས།
གཞི་རིམ་སློབ་ཆུང་གི་དགེ་རྒན་དཔུང་སྡེ་ཡིས་རང་ངོས་འཛུགས་སྐྱོང་བྱེད།
ཡུལ་གྲོང་སོ་སོའི་སློབ་ཆུང་གི་སློབ་གསོ་ནི་གསེར་ཐར་རྫོང་གི་སློབ་གསོའི་ཆ་ཤས་ཡིན་ལ། སློབ་གྲྭ་སོ་སོའི་རང་རང་གི་གནས་བབ་དང་གནད་དོན་ལྟར་ཐབས་ལམ་གསར་འཚོལ་བྱ་དགོས་པ་རེད། དཔེར་ན། སྙན་ལུང་ཡུལ་ཚོའི་ལྟེ་གནས་སློབ་ཆུང་ལྟ་བུར་མཚོན་ན། སློབ་ཁྲིད་དང་བསྐྱར་སྦྱོང་། ཚོད་ལྟ་དང་བགྲོ་གླེང་སོགས་ཀྱི་ཐབས་ལམ་བཏོན་ཡོད་པ་དང་། ཟབ་སྦྱོང་གི་གོ་རིམ་ཁྲོད་རང་སྟེང་གི་གནད་དོན་འཚོལ་ཞིབ་བྱེད་པ། གནད་དོན་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་ཆུ་ཚད་མཐོ་རུ་གཏོང་བ་རེད། སྤྱི་ཟླ6པའི་ཚེས12ཉིན་གྱི་དགོང་མོར་ཡར་ལུང་ཡུལ་ཚོ་རུ་ཆར་ཆེན་ཞིག་བབས། ལོ་རིམ་བཞི་པའི་བཅའ་སྡོད་སློབ་མ་རྣམས་ཀྱིས་སྐད་གསང་མཐོན་པོས་ཉིན་དེའི་སློབ་ཚན་ཀློག་འདོན་བྱེད་བཞིན་འདུག ལོ་རིམ་གསུམ་པའི་སློབ་ཁང་དུ་དགེ་རྒན་རྣམས་ཀྱིས་མཉམ་དུ་ཁྲིད་ཐབས་སྐོར་ལ་གྲོས་བསྡུར་བྱེད་བཞིན་འདུག ལས་སྟངས་འདི་ནི་སློབ་གྲྭ་དེའི་ནམ་རྒྱུན་གྱི་གོམས་སྲོལ་དུ་གྱུར་པ་རེད། ལོ་རིམ་མཐོན་པོའི་སློབ་མ་སྐོར་ཞིག་གིས་གསར་འགོད་པར་དགེ་རྒན་རྣམས་ཉིན་དཀར་སློབ་ཁྲིད་ཀྱི་ལས་ལ་བྲེལ་ཞིང་། མཚན་མོར་ཁྲིད་ཐབས་ལ་སློབ་སྦྱོང་དང་གྲོས་བསྡུར་བྱེད་བཞིན་པ་རེད། དགེ་རྒན་རྣམས་ཅི་འདྲའི་དཀའ་ལས་ཆེ་བ་དེ་ང་ཚོས་ཤེས་བཞིན་ཡོད་ལ། ང་ཚོས་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཕུལ་བྱུང་གི་སྦྱངས་འབྲས་ཀྱིས་དགེ་རྒན་རྣམས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།
མཚན་མོའི་སློབ་གྲྭ་རུ་དགེ་རྒན་ནི་སློབ་མར་གྱུར་ཡོད་ལ། ཕན་ཚུན་སློབ་སྦྱོང་བྱས་ཏེ་རང་སྟེང་གི་ཞན་ཆ་དང་མི་འདང་ས་ཁ་གསབ་བྱ་དགོས། ཡར་ལུང་ཡུལ་ཚོའི་ལྟེ་གནས་སློབ་ཆུང་གི་ལོ་རིམ་དང་པོ་དང་གསུམ་པའི་རྒྱ་ཡིག་དགེ་རྒན་བསོད་ནམས་དཔལ་སྐྱིད་ལགས་གནས་འདིར་སླེབས་དུས། སློབ་གྲྭ་འདིའི་ལོ་རིམ་དམའ་བ་རྣམས་ཀྱིས་རྒྱ་སྐད་མི་གོ་ཞིང་། ཕ་ཡུལ་ལྷ་སྒང་གི་སྐད་ཀྱང་སློབ་མ་རྣམས་ཀྱིས་གོ་མི་ཐུབ། དེར་བརྟེན་ཁོ་མོས་སློབ་མ་དང་འབྲེལ་འདྲིས་བྱེད་མི་ནུས་པས་དཀའ་ངལ་ཧ་ཅང་ཆེ་བར་སྣང་། ཁོ་མོས་སློབ་མའི་བློར་འཛིན་གྱི་ནུས་པ་ཁོ་ནར་བརྟེན་ནས་རྒྱའི་སྐད་ཡིག་ཁྲིད་བཞིན་ཡོད། གནད་དོན་དེ་ཐག་གཅོད་ཐུབ་པའི་ཆེད། རྒན་བསོད་ནམས་དཔལ་སྐྱིད་ལགས་ཀྱིས་གསེར་ཐར་གྱི་འབྲོག་སྐད་སྦྱངས་བ་རེད། ཡུན་རིང་མ་འགོར་བར་བློར་འཛིན་ཁོ་ནར་བརྟེན་པའི་དཀའ་ངལ་ལས་ཐར་བར་བྱས། དོན་དག་འདི་ཅི་ཞིག་གསལ་བཤད་བྱ་འདོད་པ་ཡིན་ཞེ་ན། མཚན་མོའི་སློབ་གྲྭ་བཙུགས་པ་འདིས་ང་ལ་མཚོན་ན་གསེར་ཐར་གྱི་འབྲོག་སྐད་སྦྱོང་བའི་མཐུན་རྐྱེན་དུ་གྱུར་ཡོད་ཅེས་བཤད། ད་ལྟར། ཚེ་རིང་དཔལ་སྐྱིད་ལགས་ཀྱིས་གསེར་ཐར་གྱི་འབྲོག་སྐད་ཆུ་བཞུར་བཞུར་བྱས་ཏེ་བཤད་ཐུབ་པར་མ་ཟད། རྒྱའི་སྤྱི་སྐད་ཀྱང་ལེགས་པོ་བཤད་ཐུབ། ཁོ་མོས་བཤད་དོན། མཚན་མོའི་སློབ་གྲྭ་རུ་སྦྱངས་བའི་སློབ་ཁྲིད་ཐབས་ལམ་དག་ལག་ལེན་དངོས་སུ་བསྟར་བས། སློབ་མ་རྣམས་ཀྱིས་འབྲི་ཀློག་སྦྱོར་གསུམ་གྱི་ནུས་པ་མངོན་གསལ་དུ་ཇེ་དྲག་བྱུང་ཡོད། སློབ་མ་འགའ་རེས་སྐབས་རེར་ཁྱིམ་མིར་རོགས་བྱས་ཏེ་རྫོང་ཐོག་ཏུ་སོང་ནས་སྐད་སྒྱུར་བྱེད་ཐུབ་པ་རེད།
གསེར་ཐར་རྫོང་རིག་སློབ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཁྲེན་ཧྥོའུ་ཡིས་བཤད་དོན། ད་ལོའི་ཟླ་བ3པ་ནས་དགེ་རྒན་རྣམས་ལ་མཚན་མོའི་སློབ་གྲྭ་བཙུགས་ནས་བཟུང་། རྫོང་ཡོངས་ཀྱི་སློབ་གྲྭ20ཡི་དགེ་རྒན500ལྷག་བསླབ་པ་དོན་གཉེར་གྱི་ལས་ལ་འཇུག་པར་བྱས། གཟའ་འཁོར་རེར་མཚན་ཚོགས་ཐེངས་གཉིས་རེ་ཡོད་པས། སློབ་གྲྭ་དེར་ཞུགས་རྗེས་དགེ་རྒན་རྣམས་ལ་ཐོབ་བྱ་མི་ཉུང་བ་རེད། ཕྱི་ཕྱོགས་སུ་ཟབ་སྦྱོང་ལ་འགྲོ་བ་གལ་ཆེ་ཡང་། གསེར་ཐར་གྱི་སློབ་གསོའི་དགོས་མཁོ་དང་མི་འཚམ་ལ། དམིགས་བསལ་གྱི་སྐད་ཆའི་ཁོར་ཡུག་དེ་དང་གསེར་ཐར་གྱི་གནས་བབ་གཉིས་མི་འདྲ་བས། གནས་འདི་ནས་དགེ་རྒན་བར་ཕན་ཚུན་སློབ་སྦྱོང་དང་ཁྲིད་ཐབས་ཀྱི་ཉམས་མྱོང་བརྗེ་རེས་བྱས་པར་བརྒྱུད། རྩ་བའི་གནད་དོན་དེ་རྙེད་ཐུབ་པ་དང་། སློབ་གསོའི་ཞན་ཆ་དེ་ཁ་སྐོང་ཐུབ་པ། མཚན་མོའི་སློབ་གྲྭ་དེ་རྒྱུན་སྐྱོང་བྱས་ཚེར་ལོ་འགའི་རྗེས་སུ་གསེར་ཐར་གྱི་སློབ་གསོའི་ཆུ་ཚད་ལ་འགྱུར་བ་འགྲོ་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་དོ།།