༄༅།། ཆེས་སྔ་བའི་རྒྱལ་སྤྱིའི་མཐོ་རིམ་སློབ་གླིང་སྟེ། དཔལ་ནཱ་ལེནྡྲ།

ཛམ་ཐང་བ་ལྕགས་མདས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-19


ཛམ་ཐང་བ་ལྕགས་མདས་བསྒྱུར།
དཔལ་ནཱ་ལེནྡྲ།
        དབྱི་ཐ་ལིའི་པོལ་ནཱ་མཐོ་རིམ་སློབ་གླིང་(博洛尼亚大学University of Bologna)དེ་ཕྱི་ལོ1087ལོར་ཚུགས་ཤིང་། ད་ལྟའི་བར་ལོ་ངོ་དགུ་བརྒྱ་སོང་ཡོད་ལ། ཡོ་རོབ་གླིང་གི་སློབ་གླིང་རྣམས་ཀྱི་མ་ཡུམ་དུའང་གྲགས་ཡོད། དེའི་འཕྲོར་ཕྱི་ལོ1167ལོར་ཚུགས་པའི་དབྱིན་ཇིའི་ཉིའུ་ཅིན་མཐོ་རིམ་སློབ་གླིང་(牛津大学University of oxford)དེ་འཛམ་གླིང་གི་ཆེས་སྔ་བའི་མཐོ་རིམ་སློབ་གླིང་གཉིས་པར་འཇོག་མོད། འོན་ཀྱང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་ཞིག་གིས་བལྟས་ན། དཔལ་ནཱ་ལེནྡྲ་ནི་འཛམ་གླིང་གི་ཆེས་སྔ་བའི་རྒྱལ་སྤྱིའི་མཐོ་རིམ་སློབ་གླིང་དུ་ངོས་འཛིན་འོས་པ་ཞིག་ཡིན། ཡང་འགའ་རེས་པུ་ལ་ཐོ་ཡིས་ཕྱི་ལོ་སྔོན་གྱི་ལོ285ལོར་བཙུགས་པའི་པུ་ལ་ཐོ་ཡི་སློབ་གླིང་(柏拉图学院plato academy )ཞེས་པ་དེ་འཛམ་གླིང་གི་ཆེས་སྔ་བའི་སློབ་གླིང་དུ་འཇོག་མོད། དེར་ཀེ་རི་སེའི་རྒྱལ་ཁོངས་ལས་བརྒལ་བའི་སློབ་མ་ཞིག་ཕལ་ཆེར་མེད་པར་བཞེད་ལ། དཔལ་ནཱ་ལེནྡྲ་ནི་དེ་དང་མི་འདྲ་བར་ཨ་རབ་དང་། ཉི་ཧོང་དང་། པར་སིག་དང་། སོག་པོ་དང་། བོད་དང་། རྒྱ་ནག་སོགས་ཀྱི་སློབ་གཉེར་བ་མང་དུ་ཕེབས་པ་ལོ་རྒྱུས་མཁས་པ་རྣམས་ཀྱིས་གསུངས་པར་མ་ཟད། རྒྱ་ནག་གི་ཐང་སན་ཙང་དང་བོད་ཀྱི་ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས་སོགས་དཔལ་ནཱ་ལེནྡྲའི་མཁན་པོར་ལོ་མང་བཞུགས་པ་ཡིན།
བརྗིད་ཆགས་ལྡན་པའི་བཟོ་བཀོད།
        ད་སྔར་དཔལ་ནཱ་ལེནྡྲའི་ལོ་རྒྱུས་བཀོད་པའི་ཡིག་ཆ་ཤིན་ཏུ་ཉུང་བར་མ་ཟད། ཡིག་ཆ་མང་ཆེ་བ་དཔལ་ནཱ་ལེནྡྲའི་ཆག་འཇིག་དང་མཉམ་དུ་མེར་བསྲེགས་པའམ་མེད་པར་གྱུར་འདུག་ལ། དཔེ་ཆ་མེར་བསྲེགས་པས་ཟླ་བ་དྲུག་ཙམ་གྱི་རིང་ལ་འབར་བར་གསུངས་པའང་ཡོད། དཔལ་ནཱ་ལེནྡྲའི་ལོ་རྒྱུས་དང་གནས་ཚུལ་ཅུང་ཟད་རེ་ཡོད་པ་དེ་ནི་བོད་ཀྱི་ཡིག་ཆ་འགའ་རེ་དང་། རྒྱ་ནག་གི་སློབ་དཔོན་ཐང་སན་ཙང་གི་ལམ་ཡིག་སོགས་རེད།
        བོད་སྐད་དུ་འདམ་བུ་སྦྱིན་ནམ་དཔལ་ནཱ་ལེནྡྲ་ཞེས་བྱ་ཞིང་། (ལེགས་སྦྱར། नालंदा དབྱིན་ཡིགNālandāདང་། རྒྱ་སྐད། 那烂陀)དེ་ནི་གནའ་བོའི་རྒྱ་གར་གྱི་ས་མིང་ཞིག་སྟེ། རྒྱལ་པོའི་ཁབ་ཀྱི་ཉེ་གནས་ཏེ། མཁས་དབང་དགེ་ཆོས་མཆོག་གིས་རེལ་ལིའི་གླ་ཆ་དང་གྲུ་ཟན་གྱི་མིང་ཞེས་པར། ཡང་རྡོ་རྗེ་གདན་ནས་རྒྱལ་པོའི་ཁབ་ལ་འགྲོ་ན་གྭ་ཡ་ནས་མོ་ཊར་ཆེན་པོ་ལ་སྒོར་1དང་ཨ་ན་8སྤྲད་ན་བི་ཧར་དང་ནཱ་ལེནྡྲ་མཇལ་ཐུབ་ཅིང་། ནཱ་ལེནྡྲ་ནས་ཨ་ན་༧སྤྲད་ན་ཛི་གི་རིའམ་རྒྱལ་པོའི་ཁབ་ཏུ་སླེབས། ཞེས་གསུངས་པ་ལྟར་ལགས། སྔར་དེར་ནང་པའི་དགོན་པ་བཏབ་ཡོད་ཅིང་། དེ་ལ་དཔལ་ནཱ་ལེནྡྲ་ཞེས་འབོད། དེ་ནི་གནའ་བོའི་རྒྱ་གར་ ཡུལ་དབུས་ཀྱི་ཆེས་ཆེ་བའི་ནང་པའི་གཙུག་ལག་ཁང་དང་། གཞུང་བརྒྱ་བགྲོ་བའི་བསྟི་གནས་ཆེན་པོ་ཡིན་ལ། དགོན་པའི་གཞི་རྒྱ་ཤིན་ཏུ་ཆེ་བར་མ་ཟད། དེར་གླེགས་བམ་པོ་ཏི་ཁྲི་ཕྲག་དགུ་བརྒྱ་ལྷག་བཞུགས་ཤིང་། དེར་མཁས་དང་གྲུབ་པའི་དབང་པོ་བསྟུན་མར་བྱོན་པ་སྟེ། ཆེས་ཤིན་ཏུ་དར་བའི་དུས་ན་དགེ་འདུན་པ་ཁྲི་ཕྲག་རེ་འདུ་བར་སློབ་དཔོན་ཐང་སན་ཙང་ནས་ཁོང་གི་ལམ་ཡིག་ཏུ་གསུངས།
 
        དཔལ་ནཱ་ལེནྡྲའི་དགོན་པ་དེ་དུས་སྐབས་ནམ་ཞིག་ལ་བཞེངས་པའི་ལོ་ཚིགས་ལ་གསལ་ཁ་ཆེན་པོ་མེད་ཀྱང་། དུས་རབས་བཅུ་བདུན་པར་སྐུ་འཚོ་གཞིས་གནང་བའི་བོད་ཀྱི་མཁས་པ་ཆེན་པོ་རྗེ་བཙུན་ཇོ་ནང་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་དུ། ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ། ཅེས་གསུངས་པ་ལྟར། ཕྱི་ལོ་སྔོན་གྱི་དུས་རབས་གསུམ་པར་རྒྱ་གར་གྱི་རྒྱལ་པོ་ཨ་ཤོ་ཀའམ་མྱ་ངན་མེད་ཀྱིས་ནཱ་ལེནྡྲ་རུ་དགོན་པ་ཞིག་བཏབ་ཅིང་། དེ་ནི་ཕལ་ཆེར་དཔལ་ནཱ་ལེནྡྲའི་ཆོས་གཞི་ཐོག་མ་ཡིན་པར་འདོད།
        གནའ་བོ་དུས་སུ་དཔལ་ནཱ་ལེནྡྲ་ནི་གྲོང་སྡེ་ཞིག་ཡིན་ཞིང་། འཕགས་པ་ཤ་རིའི་བུ་སྐུ་འཁྲུངས་པའི་ཡུལ་དང་། མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་དང་། ནང་པའི་ཆོས་ཐོག་མར་དར་བའི་གནས་ཀྱི་གྲས་ཀྱང་ཡིན་པར་མ་ཟད། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། རྒྱན་དྲུག་མཆོག་གཉིས་ལ་སོགས་བྱོན་པའི་ཡུལ། །སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོ་ཡིན་ཞེས་ཀྱང་གསུངས།
        ངག་རྒྱུན་ལྟར་ན་དགོན་པ་ཡོད་སའི་གནས་དེ་ཆེས་ཐོག་མར་སྐྱུ་རུ་རའི་ཚལ་ཞིག་ཡིན་པ་དང་། ཕྱིས་སུ་ཚོང་པ་ལྔ་བརྒྱས་མཉམ་རུབ་ཀྱིས་ཉོས་ཏེ། སྟོན་པ་སངས་རྒྱས་ལ་ཕུལ་ཅིང་། སྟོན་པ་སངས་རྒྱས་སྐུ་དངོས་ཀྱིས་ཀྱང་གནས་འདིར་ཟླ་བ་གསུམ་གྱི་རིང་ལ་ཆོས་གསུངས་པར་བཞེད། ཉེ་བ་དང་འགྱངས་པར་གནས་པའི་ཆོས་རྒྱལ་གྲངས་ལས་འདས་པ་རྣམས་ནས་མུ་མཐུད་བཟོ་བསྐྲུན་བྱས་ཏེ། དཔལ་ནཱ་ལེནྡྲའི་དགོན་པ་དེ་གང་གི་ཆ་ནས་ཀྱང་ཧ་ལས་ཤིང་ཧང་སང་བ་ཞིག་ཏུ་གྱུར།
        ལེགས་སྦྱར་སྐད་དུ་ནཱ་ལེནྡྲའི་དོན་ནི་སྦྱིན་པར་སུན་པ་མེད་པའི་དོན་ནམ། ཡང་ན་རིན་པོ་ཆེ་ནལ་གྱིས་ཁེབས་པའི་ས་ཡིན་པས་ན། ན་ལེནྡྲ་ཞེས་གསུངས་པའང་ཡོད། ཆེས་དར་བའི་དུས་སྐབས་སུ་ཉི་མ་རེ་རེར་ཆོས་ཀྱི་བགྲོ་གླིང་བརྒྱ་ཕྲག་རེ་ཡོད་ལ་བསླབ་བྱའི་ཆོས་ལ་སྒྲ་རིག་པ་དང་ཚད་མ་རིག་པ། བཟོ་རིག་པ་དང་གསོ་བ་རིག་པ། ནང་དོན་རིག་པ་སོགས་ཡོད་ཅིང་། དེར་མ་ཟད་ཕྱི་རོལ་བའི་རིག་བྱེད་དང་གྲངས་ཅན་པ། དཔྱོད་པ་བའི་ལུགས་སོགས་གྲུབ་མཐའ་མང་པོ་སྦྱང་རྒྱུ་ཡོད་པར་གསུངས། ནཱ་ལེནྡྲ་ནི་མཁས་ཡོན་ཏན་གྱིས་གྲགས་པར་མ་ཟད། བཙུན་ཞིང་སྤྱོད་ལམ་བཟང་བའི་ཆ་ནས་ཀྱང་རྒྱ་གར་ཡུལ་གང་པོའི་མིག་ལྟོས་ལྟར་བྱེད། དགོན་པ་བཏབ་ནས་དེ་བར་ནང་ཆོས་དང་འགལ་བ་སུ་ཡང་མ་བྱུང་སྐད་ཅེས་མཁས་དབང་དགེ་ཆོས་མཆོག་ནས་གསུངས།
ལོ་རྒྱུས་ཀྱི་རིན་ཐང་འབར་བའི་དཔལ་ནཱ་ལེནྡྲའི་རྗེས་ཤུལ།
        ཕྱི་ལོ་དུས་རབས་བརྒྱད་པར་ནཱ་ལེནྡྲ་དེ་གསང་སྔགས་རྡོ་རྗེ་ཐེག་པའི་རིག་གཞུང་གི་ལྟེ་བ་དང་། གལ་ཆེའི་ཆོས་གཞི་ཆེན་པོར་གྱུར།
        ཕྱི་ལོ་དུས་རབས་བཅུ་གཅིག་པར་ཏུ་རུ་ཀའི་དམག་ཐོན་ཞིང་དཔལ་ལྡན་ཆོས་ཀྱི་གྲགས་པ་རྡོའི་སེངྒེ་ལ་ཆིབས་ནས་ཏུ་རུ་ཀའི་དམག་བཟློག་པའི་མཛད་པ་ཁྱད་པར་ཅན་བསྟན་པ་སོགས་གསུངས་ལ། ཏུ་རུ་ཀའི་དམག་གིས་དཔལ་ནཱ་ལེནྡྲར་གནོད་པ་ཆེན་པོ་བྱུང་བར་མ་ཟད། རབ་ཏུ་བྱུང་བ་རྣམས་ཀྱང་ཐག་རིང་པོར་བྲོས་དགོས་པར་གྱུར།
        ཕྱི་ལོ1204ལོར། ནཱ་ལེནྡྲའི་མཁན་པོ་ཆེས་གཞུག་མར་གྱུར་པ་དེ་བོད་ཀྱི་མཁས་པ་ཁྲོ་ཕུ་ལོ་ཙཱ་བའི་གདན་ཞུ་ལྟར་ནཱ་ལེནྡྲ་དང་ཁ་བྲལ་ཏེ་བོད་དུ་ཕེབས།
        ཕྱི་ལོ1235ལོར། བོད་ཀྱི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནཱ་ལེནྡྲ་རུ་སླེབས་ཤིང་། དཔལ་ནཱ་ལེནྡྲ་རུ་རཱ་ཧུ་ལ་ཤྲཱི་བྷ་དྲ་ཞེས་པའི་དགུང་ལོ་དགུ་བཅུར་སོན་པའི་ པཎMཌི་ཏ་ཞིག་བཞུགས་ཤིང་། ཁོང་གིས་སློབ་མ་བདུན་ཅུ་ལྷག་ལ་ཆོས་གསུང་བཞིན་པ་དང་། ཆག་ལོ་ཙཱ་བས་ཀྱང་ཁོང་གི་མདུན་ནས་ཆོས་མང་དུ་ཞུས་པར་མ་ཟད། ཏུ་རུ་ཀའི་དམག་གིས་ཉེན་ཏེ་པཎྜི་ཏ་བགྲེས་པོ་ཁུར་ནས་མགོན་པོའི་ལྷ་ཁང་དུ་བྲོས་པ་སོགས་ཆག་ལོའི་ལམ་ཡིག་ཏུ་གསལ། དེ་བས་ཀུན་གྱིས་དཔལ་ནཱ་ལེནྡྲའི་དགོན་པའི་ཆེས་མཐའ་མཇུག་གི་སློབ་དཔོན་དེ་རཱ་ཧུ་ལ་ཤྲཱི་བྷ་དྲ་ཞེས་པ་དེ་ཡིན་པར་བཞེད།
        དཔལ་ནཱ་ལེནྡྲ་དེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཕྱོགས་ནས་ཁྱད་པར་དུ་འཕགས་ཤིང་། མཛད་རྗེས་བླ་ན་མཐོ་བར་མ་ཟད། སྒྲ་ཚད་བཟོ་གསོ་དང་། གནམ་རིག་སྐར་རྩིས་སོགས་ཕྱི་ནང་ཐུན་མོང་གི་རིག་གནས་ཀུན་ལ་མཛད་རྗེས་ཤིན་ཏུ་ཆེ་ན་ཡང་། ཀླ་ཀློ་ཁ་ཆེ་པ་རྣམས་ཀྱིས་རྒྱ་གར་ལ་ལན་གྲངས་བཅུ་བདུན་གྱི་བར་དུ་དམག་བརྒྱབ་ཏེ། མཐར་མར་མེ་ལ་ཕུ་བཏབ་པ་ལྟར་ནང་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱང་རྩ་མེད་དུ་བཅོམས། པར་སིག་གི་ལོ་རྒྱུས་མཁས་པ་ཞིག་གིས་ཁོང་གི་ལོ་རྒྱུས་རེག་ཟིག་ཏུ། ཀླ་ཀློའི་དམག་གིས་ནཱ་ལེནྡྲར་དཔུང་འཇུག་བྱས་པའི་རྗེས་སུ་གཙུག་ལག་ཁང་དུ་བཞུགས་པའི་དཔེ་ཆ་རྣམས་ཟླ་བ་འགའ་ལ་མེར་བསྲེགས་པ་དང་། ཉིན་བསྟུན་མར་གླེགས་བམ་རྣམས་མེར་བསྲེགས་པའི་དུ་བ་དགུང་ལ་འཕྱུར་ཏེ། རི་མགོར་དུད་སྤྲིན་ཆགས་པ་ལྟར་དུ་གྱུར་ཅེས་ཀྱང་བྲིས་ཡོད།
        དགོན་པ་དང་དཔེ་ཆའི་མཛོད་ཁང་རྣམས་ལ་ཆག་འཇིག་ཤིན་ཏུ་ཆེན་པོ་ཐེབས་པར་མ་ཟད། ནཱ་ལེནྡྲའི་དགེ་འདུན་པ་རྣམས་ཀྱང་ཕྱོགས་བཞིར་འཐོར་བ་དང་། མང་ཆེ་བ་བོད་དུའང་བྲོས། དེ་ལྟར་སྔར་གྱི་ཉི་མ་སྟོང་གི་འོད་ལྟར་གཟི་དཔལ་ཤིན་ཏུ་ཆེ་བ་དེ་མེད་པར་གྱུར་ལ། ཡུན་གྱིས་མི་རྣམས་ཀྱིས་ཀྱང་ཆོས་གཞི་ཆེན་པོ་འདི་བརྗེད་པར་གྱུར་ཏེ། མཐར་གྱང་རོ་འགའ་ལས་མ་ལྷག་པར་གྱུར། དེ་ལ་མཁས་དབང་དགེ་ཆོས་མཆོག་གིས་གཏམ་རྒྱུད་གསེར་ཐང་དུ། བཙུན་པ་ཝེན་ཚག་གི་ནཱ་ལེནྡྲ་ཆོས་དང་འབྱོར་བས་བརྒྱན་པ་དགའ་ལྡན་ལྷ་ཡི་ཡུལ་དང་མཚུངས་པ་གཅིག དེ་ནས་ཆག་ཆོས་རྗེ་དཔལ་གྱི་ནཱ་ལེནྡྲ་ཏུ་རུ་ཀའི་དམག་གིས་ཉེན་ཏེ་འཚུབ་ལང་ངེ་བ་གཅིག་དང་། དེ་ནས་མི་བསོད་ཟད་ཀྱི་ནཱ་ལེནྡྲ་རྩིག་གོག་དམར་ཧང་ངེ་གཅིག་སྟེ། དར་བ་དང་རྒུད་པ་དང་སྟོང་པའི་གནས་སྐབས་གསུམ་ཞེས་གསུངས་པ་ལྟར་ལགས།
        རྒྱ་གར་དང་། བོད་དང་། ཤར་ཕྱོགས་ཀྱི་ནང་པའི་མཁས་པ་དང་། མཚན་ཉིད་སྨྲ་བའི་དེད་དཔོན་ཆེས་ཤིན་ཏུ་མང་པོ་དཔལ་ནཱ་ལེནྡྲ་ནས་ཕེབས་པ་ཡིན་ལ། དཔལ་ནཱ་ལེནྡྲའི་མཁན་པོ་འཕགས་པ་ཀླུ་སྒྲུབ་རྐྱང་བར་བསམ་བློ་བཏང་ནའང་། སྙན་གྲགས་དང་མཛད་རྗེས་བླ་ན་མཐོ་ཞིང་། བསྟན་པ་གཅིག་ལ་སྟོན་པ་གཉིས་པ་ལྟ་བུར་གྲགས་པ་ཡིན། ཁོང་ནི་ཕལ་ཆེར་ཕྱི་ལོ150ནས250བར་དུ་འཚོ་གཞིས་གནང་ཞིང་། དབུ་མ་རིག་པའི་སྲོལ་ཕྱེས་པར་མ་ཟད། ཐེག་པ་ཆེན་པོའི་བསམ་བློའི་རླབས་རྒྱུན་གྱི་འགོ་ཚུགས་པར་མཛད། མཐའ་བྲལ་དབུ་མ་རིགས་ཚོགས་དྲུག་དང་ཤེར་ཕྱིན་ཆེན་པོ་སོགས་སྲིད་ན་དཀོན་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་མཛད།
        ཐེག་པ་ཆེན་པོའི་ཆོས་རྒྱུན་འཛིན་པའི་གྲུབ་མཐའ་ཀུན་ལ་ཁོང་གི་རླབས་ཆེ་བའི་དགོངས་པའི་འོད་སྣང་འཕོས་ཡོད་པར་མ་ཟད། དབུ་མ་རིག་པའི་སྲོལ་འབྱེད་ཤིང་རྟ་ཆེན་པོར་གྲགས་པ་ཡིན།
        ཕྱི་ལོ་དུས་རབས་བརྒྱད་པར་བོད་དུ་ཕེབས་པའི་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་མཁན་ཆེན་བོ་དྷི་སཏྭའམ། མཁན་ཆེན་ཞི་བ་འཚོ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཅིག་ཡིན་ལ། སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་མཙན་གྱི་གདན་ཞུ་ལྟར་བོད་དུ་ཕེབས་ཤིང་། བསམ་ཡས་གཙུག་ལག་ཁང་བཞེངས་པའི་བཀོད་པ་མཛད་པ་དང་། སད་མི་བདུན་རབ་ཏུ་བྱུང་བར་བྱས་ནས་བོད་དུ་དགེ་འདུན་པའི་སྡེ་ཐོག་མར་བཙུགས་པར་མ་ཟད། བསམ་ཡས་གཙུག་ལག་ཁང་གི་མཁན་པོ་ཐོག་མ་མཛད། དེ་བཞིན་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་ཀྱང་དཔལ་ནཱ་ལེནྡྲའི་མཁས་གྲུབ་ཅིག་ཡིན་ལ། ལྷ་སྲིན་དྲེགས་པ་ཅན་རྣམས་མ་ལུས་བཏུལ་ཅིང་། སངས་རྒྱས་ཀྱི་ཆོས་ཀྱང་སླད་ནས་བརྟན་པར་གྱུར་པ་སོགས་མཁན་པོ་དང་སློབ་དཔོན་འདི་གཉིས་བསྟན་པ་སྔ་དར་གྱི་དུས་སུ་བོད་ཀྱི་བཤད་སྒྲུབ་ཀྱི་བསྟན་པར་བཀའ་དྲིན་ཤིན་ཏུ་ཆེ། དེ་མིན་ས་སྐྱ་བའི་འབྲོག་མི་ལོ་ཙཱ་བ་ཡང་དཔལ་ནཱ་ལེནྡྲར་ཕེབས་པར་་མ་ཟད། བཀའ་བརྒྱུད་པའི་མར་པ་ལོ་ཙཱ་བ་ཡང་དཔལ་ནཱ་ལེནྡྲར་སློབ་གཉེར་དུ་ཕེབས་ཤིང་། ཁོང་གི་སློབ་དཔོན་པཎ་ཆེན་ནཱ་རོ་པ་ཡང་དཔལ་ནཱ་ལེནྡྲའི་མཁས་གྲུབ་ཅིག་ཡིན། རི་བོ་དགེ་ལུགས་པ་དང་ཇོ་ནང་བ་སོགས་ཀྱི་རྩ་བའི་སློབ་དཔོན་རྣམས་ཀྱང་དཔལ་ནཱ་ལེནྡྲ་དང་འབྲེལ་ཡོད། དེ་བས་དཔལ་ནཱ་ལེནྡྲ་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཀུན་གྱི་རྩ་བའི་སློབ་དཔོན་རྣམས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཡོད།
        ད་ལྟ་ཡ་གླིང་གི་རྒྱལ་ཁབ་མང་པོས་མ་དངུལ་ཕུལ་ཏེ། དཔལ་ནཱ་ལེནྡྲ་སླར་གསོ་བྱེད་བཞིན་ཡོད་པར་མ་ཟད། སློབ་མའང་བསྡུ་འགོ་ཚུགས་ཡོད་པ་རེད། གང་ལྟར་སྔར་གྱི་དཔལ་ནཱ་ལེནྡྲའི་འགྲན་པའི་ཟླ་དང་བྲལ་བའི་རིག་པའི་ཁྱུ་མཆོག་དག་གི་མཛད་པ་དང་། དཔལ་ནཱ་ལེནྡྲའི་སྲིད་ན་དཀོན་པའི་གཟི་བརྗིད་ལ་བསམས་ན། ད་ལྟར་གྱང་གོག་དམར་ཧང་ངེ་འགའ་ལས་མ་ལྷག་པ་དེ་ནི་ཡིད་རབ་ཏུ་སྐྱོ་ཞིང་། མིག་ཆུ་འཆོར་བའི་ཚད་དུ་ཡོད་ནའང་། ཆགས་གནས་འཇིག་གསུམ་ནི་ཁམས་འདིའི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་དུ་གྲུབ་ཡོད་པས། ལྷག་པར་མྱ་ངན་གྱིས་ནོན་དགོས་པའང་མི་འདུག་སྙམ་མོ། །
        ཞེས་པ་འདི་ཛམ་ཐང་བ་ལྕགས་མདའ་རུ་འབོད་པས་ཇ་ཁང་ཞེས་པའི་འཕྲིན་སྟེགས་ཀྱིས་བྲིས་པའི་དཔལ་ནཱ་ལེནྡྲའི་ལོ་རྒྱུས་ཤིག་ཡོད་པར་གཞི་བྱས། རང་གི་མཐོང་ཐོས་དྲན་གསུམ་གྱིས་ཟུར་བརྒྱན། རྒྱ་གར་ཆོས་འབྱུང་དང་། བུ་སྟོན་ཆོས་འབྱུང་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དང་། གཏམ་རྒྱུད་གསེར་གྱི་ཐང་མ་སོགས་ནས་ཀྱང་ལུང་དྲངས་ཏེ། འབར་ཁམས་སོ་མང་ཆུ་བོའི་འགྲམ་གྱི་རྔ་བ་ཁུལ་གསར་འགྱུར་ཁང་ནས་ལེགས་པར་བསྒྱུར་པ་དགེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1