ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 07-27


    

         རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༢༥ཉིན་གདན་ཞུས་ལྟར་ལྷོ་ཨ་ཧྥེ་རི་ཁའི་ཡོལ་ཧན་ནེ་སེ་པའོ་རུ་འཚོགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་གནང་བ་མ་ཟད།  འགོ་བརྗོད་དུ་དུས་རབས་ཀྱི་རླབས་རྒྱུན་དང་འཚམས་པ་བྱས་ཏེ།  ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་ཅེས་པའི་གསུང་བཤད་གལ་ཆེན་གནང་ཡོད།  ཁོང་གིས།  འབོ་གསེར་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་འཚམས་པ་དང་། མཉམ་ལས་མཉམ་རྒྱལ་དང་། གསར་གཏོད་ཀྱིས་ཁྲིད་སྟོན།  ཁོག་ཡངས་ཀུན་ཕན།  ཕྱོགས་མང་རིང་ལུགས་བཅས་རྒྱུན་འཁྱོངས་བྱས་ཏེ།  མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཏོན་གནང་བ་དང་། 

        ཞི་ཅིན་ཕིང་གིས།  འབོ་གསེར་རྒྱལ་ཁབ་ཀྱི་སྒྲིག་གཞི་བཙུགས་པ་དང་གོང་འཕེལ་ཕྱིན་པ་ནི་འཛམ་གླིང་དཔལ་འབྱོར་གྱི་འཕོ་འགྱུར་དང་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་ཕྱིན་པའི་ཐོན་དངོས་ཤིག་ཡིན།  ལོ་བཅུ་དང་པོའི་ནང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དུས་བསྟུན་འཕེལ་རྒྱས་ཕྱིན་པ་དེས་འཛམ་གླིང་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཐུབ་པ་མ་ཟད་འཕར་སྣོན་ལམ་བུའི་ཐོག་བསྐྱར་ལོག་ཐུབ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

        ད་ལྟའི་འཛམ་གླིང་ལ་ལོ་བརྒྱའི་ནང་མཐོང་དཀོན་པའི་འགྱུར་བ་འགྲོ་བཞིན་ཡོད།  རྒྱ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་བཤད་ན།  འཛམ་གླིང་འདི་ནི་གོ་སྐབས་ཀྱིས་ཁེངས་ཡོད་ལ་འགྲན་རྩོད་ལྡན་པ་ཞིག་ཀྱང་རེད། ང་ཚོས་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་འགྲོ་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཐབས་ཇུས་འདིང་བ་དང་།  འཛམ་གླིང་གི་གོང་འཕེལ་དང་འབོ་གསེར་རྒྱལ་ཁབ་ཐུན་མོང་ཐོག་གོང་འཕེལ་འགྲོ་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་རང་ངོས་གོང་འཕེལ་འཚོལ་ཞིབ་བྱས་ཏེ།  རྗོགས་ལྡན་གྱི་ལོ་བཅུ་གཉིས་པའི་ནང་མཆོངས་བརྒལ་གསར་པ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་དང་།

        ཞི་ཅིན་ཕིང་གིས།  འབྱུང་འགྱུར་གྱི་ལོ་བཅུ་ནི་འཛམ་གླིང་དཔལ་འབྱོར་གྱི་གསར་རྙིང་འགུལ་ཤུགས་བརྗེ་སྒྱུར་བྱེད་པའི་འགག་རྩའི་ལོ་བཅུ་དང་། རྒྱལ་སྤྱིའི་གནས་སྟངས་དང་སྟོབས་ཤུགས་བསྡུར་བའི་འཕོ་འགྱུར་མགྱོགས་པོ་འགྲོ་བའི་ལོ་བཅུ།  འཛམ་གླིང་བཅོས་སྐྱོང་མ་ལག་བསྐྱར་འཛུགས་གཏིང་ཟབ་བྱེད་པའི་ལོ་བཅུ་བཅས་ཡིན།  ང་རང་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཡོལ་ཧན་ནེ་སེ་པའོ་ནས་སླར་ཡང་རྡོག་ཐོན་གྱིས་གོང་འཕེལ་གྱི་གོ་སྐབས་དམ་འཛིན་དང་།  མཉམ་ཤུགས་སྒྲིལ་ནས་འགྲན་རྩོད་ཁྱད་བསད་བྱས་ཏེ།  རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པ་དང་།  མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གཏོད་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་བཏོན་གནང་ཡོད།

        གཅིག    མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་ཀྱིས་སྒོ་དབྱེའི་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།  འབོ་གསེར་རྒྱལ་ཁབ་ཀྱིས་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་མཐའ་གཅིག་ཏུ་བྱེད་དགོས་པ་དང་།  དར་ཆ་གསལ་སྟོན་ངང་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ།  ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ།  ཐུན་མོང་ཐོག་དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་བས་སྒོ་དབྱེ་དང་།  ཁོག་ཡངས།  ཀུན་ཕན།  དོ་སྙོམས།  མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས།  གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལྷག་པར་དུ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་གོང་འཕེལ་འགྲོ་འགོར་ཤོས་རྒྱལ་ཁབ་ནས་རྒྱལ་སྤྱིའི་ཐོན་ལས་ཀྱི་ལས་བགོས་ནང་ཐེ་ཞུགས་ནུས་ལྡན་བྱ་རྒྱུར་རོགས་རམ་བྱེད་པ་དང་། དཔལ་འབྱོར་འཛམ་གླིང་ཅན་གྱི་ཁེ་སྤོགས་མཉམ་སྤྱོད་བྱེད་དགོས།

        གཉིས།  གསར་སྐྲུན་གྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་གོང་འཕེལ་གྱི་གོ་སྐབས་དམ་འཛིན་བྱེད་དགོས།  གསར་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འགུལ་ནུས་གསར་རྙིང་བརྗེ་སྒྱུར་ཐུབ་པ་བྱེད་པར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།  འཛམ་གླིང་གི་མིག་རྒྱང་གཏོད་པ།  རྒྱལ་སྤྱིའི་གསར་སྐྲུན་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ།  ཚན་རྩལ་ཡར་ཐོན་གྱིས་རྒྱལ་ཁབ་དང་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས།

         གསུམ།  ཁོག་ཡངས་ཀུན་ཕན་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་བསྐྲུན་དགོས།  འབོ་གསེར་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་རྒྱལ་ཚུལ་ལ་གཞིགས་ཏེ།  སྤྱི་ལོ་༢༠༣༠ལོའི་གྲོས་རིམ་དང་རང་རྒྱལ་ཁབ་ཀྱི་གོང་འཕེལ་ཐབས་ཇུས་གཉིས་འབྲེལ་མཐུད་གཏིང་ཟབ་བྱེད་པ་དང་།  མི་དམངས་ཀྱིས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་དང་།  དཔལ་འབྱོར་དང་།  སྤྱི་ཚོགས།  ཁོར་ཡུག་བཅས་ཀྱི་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བྱེད་དགོས། རྒྱལ་སྤྱིའི་གོང་འཕེལ་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།  ཨ་ཧྥེ་རི་ཁའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།  ཨ་ཧྥེ་རི་ཁ་གླིང་གི་གོང་འཕེལ་ལ་རྒྱབ་སྐྱོར་བྱས་ཏེ།  འབོ་གསེར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་དེ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་མ་དཔེར་འགྱུར་བ་བྱེད་དགོས།

        བཞི།  ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས།  འབོ་གསེར་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་།  ཕྱོགས་ཁག་གིས་ཐུན་མོང་ཐོག་གཏན་འབེབས་བྱས་པའི་རྒྱལ་སྤྱིའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་རྒྱུར་སྐུལ་འདེད་གཏོང་བ།  རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་།  འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ།  གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་འགྲོ་བ་བྱེད་དགོས།


        ཞི་ཅིན་ཕིང་གིས།  ད་ལོ་ནི་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་རེད།  ལོ་ངོ་བཞི་བཅུའི་རིང་ཀྲུང་གོས་སྤྱིར་བཏང་མིན་པའི་ལོ་ཟླ་བརྒྱུད་པ་དང་།  ལེགས་གྲུབ་ལྡན་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གཏོད་ཡོད།  ཀྲུང་གོའི་མི་དམངས་ནས་རང་ངོས་གོང་འཕེལ་མངོན་འགྱུར་ཡོང་བ་དང་ཆབས་ཅིག་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  ང་ཚོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཉམ་ལས་མུ་མཐུད་ཧུར་ཐག་བྱས་ཏེ།  གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གོང་འཕེལ་ཐད་གོ་སྐབས་སྔར་ལས་ལྷག་པ་བསྐྲུན་རྒྱུར་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན།  ང་ཚོས་མུ་མཐུད་སྒོ་མོ་རྒྱ་ཆེར་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་དང་།  ཡིད་དབང་འགུག་ཤུགས་སྔར་བས་ཆེ་བའི་མ་འཇོག་ཁོར་ཡུག་མུ་མཐུད་གཏོད་རྒྱུ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རང་འགུལ་ངང་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུ། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ།  རྒྱལ་ཁབ་ཁག་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་ཡོང་རྒྱུར་བར་ཁམས་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་གནང་བ་དང་།

         ཞི་ཅིན་ཕིང་གིས།  ཀྲུང་གོ་ནི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་གྲོགས་པོ་ཡག་པོ་དང་། སྤུན་ཟླ་ཡག་པོ།  རོགས་པ་ཡག་པོ་བཅས་ཡིན་ཞིང་།  ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་དཔེ་མཚོན་ཡིན་ཞེས་བསྟན་ཡོད། 

         ད་ལོའི་སྤྱི་ཟླ་༩པར།  ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་གཉེར་རྒྱུ་དང་།  སྤུས་ཚད་དེ་བས་མཐོ་བ་དང་།  ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་རྒྱལ་དང་ཐུན་མོང་གོང་འཕེལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད། 

        ཞི་ཅིན་ཕིང་གིས།  དཔལ་འབྱོར་མཉམ་ལས་ནི་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་གལ་ཆེ་ཤོས་དང་གྲུབ་འབྲས་ཕུན་སུམ་ཚོགས་ཤོས་ཀྱི་ཁྱབ་ཁོངས་ཤིག་ཡིན།  བཟོ་ཚོང་ལས་རིགས་ནི་འབོར་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་གཙོ་ཤུགས་དམག་དང་།  གསོན་ཤུགས་དམག་ཡིན།  རྫོགས་ལྡན་གྱི་ལོ་བཅུ་ཞེས་པ་གཉིས་པ་གཏོད་པའི་བརྒྱུད་རིམ་ཁྲོད།  བཟོ་ཚོང་ལས་རིགས་ལ་ལས་ཀ་བྱ་གཞི་ཆེན་པོ་ཡོད།  ཁེ་ལས་མཁས་པའི་གྲོགས་པོ་རྣམས་ཀྱིས་རང་སོ་སོའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་།  སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ།  དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀར་ལྟ་རྟོགས་ཐུབ་པ་བྱས་ཏེ།  ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བའི་རེ་བ་ཡོད་ཅེས་བསྟན་ཡོད། 

        ཞི་ཅིན་ཕིང་གིས་མཇུག་ཏུ།  འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་འཕེལ་རིམ་ནི་རྒྱལ་ཁབ་ལྔ་པོས་ལག་གདང་འབྲེལ་ནས་ཡང་རྩེར་འཛེགས་ཕོད་པ་དང་།  མཆོངས་བརྒལ་ཟམ་མི་ཆད་པ་བྱེད་པའི་བརྒྱུད་རིམ་ཞིག་ཡིན། 

        འབོ་གསེར་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་སེམས་པ་གཅིག་ཏུ་སྒྲིལ་ཚེ།  ཡང་རྩེ་དང་གཡང་གཟར་འཛེགས་ལ་ཡང་སེ་འཛེགས་ཐུབ་ནས།  མཐོ་ཚད་གསར་པར་སླེབས་རྒྱུ་ཡིན་ཞིང་།  མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་ཞེས་ནན་བཏོན་གནང་ཡོད་པ་རེད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1