ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་གླིང་ལ་འཚམས་འདྲི་གནང་བར་གཡུར་ཟའི་འབྲས་བུ་ཐོབ་པ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 07-30


  ཀྲུང་དབྱང་ཕྱི་དོན་ལས་དོན་གྲོས་ཚོགས་མཇུག་འགྲིལ་ནས་ཡུན་རིང་མ་སོང་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་འཚམས་འདྲི་ཐོག་མ་དེ་འགོ་བཙུགས་གནང་ཡོད། དེ་ནི་ཀྲུང་དབྱང་གིས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་བྱུང་ནས་གོ་སྐབས་གསར་པ་དང་འགྲན་རྩོད་གསར་པ་ཐོན་པར་གཞིགས་པའི་ཕྱི་འབྲེལ་གྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ད་ཆའི་འཛམ་གླིང་ལ་ལོ་བརྒྱ་ལ་མཐོང་དཀོན་པའི་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། གསར་དར་ཁྲོམ་ར་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་སྡུད་ཐོག་དར་རྒྱས་གོང་འཕེལ་ཤུགས་ཆེན་ཕྱིན་པ་དང་། མཐུན་སྒྲིལ་རོགས་ལས་དང་མཉམ་འབྲེལ་ཐོག་རང་ཉིད་སྟོབས་ཆེར་འགྲོ་བའི་འདོད་མོས་ཉིན་རེ་བཞིན་ཤུགས་ཆེར་འགྲོ་བཞིན་ཡོད།

     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁར་འཚམས་འདྲི་གནང་སྐབས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ལྷན་དུ་མཛའ་གྲོགས་མཉམ་ལས་ཇུས་ཆེན་ལ་མཉམ་གྲོས་དང་། གོང་འཕེལ་དར་རྒྱས་ཀྱི་འཆར་འགོད་བཟོ་བ། མཉམ་དུ་གཉིས་ཕན་མཉམ་རྒྱལ་གྱི་མདུན་ལྗོངས་གཏོད་གནང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གནས་སྟངས་གསར་པ་གཏོད་རྒྱུར་ཁྲིད་སྟོན་གནང་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་འབྲེལ་བ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ། རྒྱལ་ནང་གི་གོང་འཕེལ་དང་འཐབ་ཇུས་འདིང་བའི་བར་ཁམས་གསར་པ་རྒྱ་སྐྱེད་པ། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གི་ལག་ལེན་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་གནང་ཡོད།



     ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཡུན་ཉིན་བཅུ་གཅིག་ནང་སྤྱི་ལེ་༣༦༠༠༠ལྷག་ཕེབས་ནས་རྒྱལ་ཁབ་ལྔ་དང་ས་ཁུལ་དྲུག་ལ་འཚམས་འདྲི་གནང་བ་དང་། ཕྱོགས་མང་བྱེད་སྒོ་ཐེངས་དྲུག་ཅུ་ལྷག་ཙམ་ནང་ཞུགས་གནང་བ། གཟིགས་རྒྱང་རིང་བའི་གྲོས་འགོ་བཏོན་གནང་བ། ཏན་ཏན་ཏིག་ཏིག་སྒོ་ནས་མཉམ་ལས་ལ་སྐུལ་འདེད་བཏང་བ། མཐུན་སྡེབ་འགལ་སེལ་སྒོ་ནས་མཐུན་སྒྲིལ་ཡོང་བ་དང་། དཔྱིད་དཔལ་བཞད་ནས་སྤེལ་རེས་ལ་སྐུལ་འདེད་བཏང་བ། ཀྲུང་གོ་དང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་། འབོ་གསེར་རྒྱལ་ཁབ། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བཅས་བར་ཤེས་རྟོགས་ཟབ་ཏུ་དང་བློ་ཐག་ཉེ་རུ་བཏང་ཡོད། རྒྱལ་ཁབ་ཕྱི་ནང་གི་གླེང་ཕྱོགས་ནས་ཡོངས་ཁྱབ་ཏུ་ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་བར་གྱི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་བའི་ལེགས་འགྲུབ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།

     ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བར་སྐུལ་འདེད་བཏང་ནས་དབུས་ཤར་ཕྱི་འབྲེལ་གྱི་ལེའུ་གསར་པ་གཏོད་པ། ད་ཐེངས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ལ་འཚམས་འདྲི་གནང་བ་ཞིག་ཡིན་པས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་གོང་འོག་ཚང་མས་དགའ་སྟོན་རྟེན་འབྲེལ་ཞུ་བའི་རྒྱས་འཛོམས་ཤིག་ལ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོགས་མུ་ཧན་མུ་དེ་དང་། རྒྱལ་རྒྱུད་མུ་ཧན་མུ་དེ་རྣམ་གཉིས་དང་ཕན་འབྲས་གཟེངས་སུ་ཐོན་པའི་གྲོས་མོལ་གནང་བ་དང་། རྒྱལ་རྒྱུད་མུ་ཧན་མུ་དེས་སྤུན་ཟླ་ལྟ་བུའི་ཀྲུང་གོའི་བར་གྱི་སྲོལ་རྒྱུན་དང་འཐབ་ཇུས། མཛའ་གྲོགས་བཅས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་གལ་ཆེན་ནང་གི་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དེས་ཀྲུང་གོ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་བ་དེ་ཀྲུང་གོ་དང་དབུས་ཤར་མཚོ་ཁུག་ས་ཁུལ་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་རྒྱུའི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་དང་། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་དང་ཐོན་ལས་སྲིད་ཇུས་ཀྱི་འབྲེལ་ཐུག་ལ་ཤུགས་སྣོན། ཆུ་ཚད་སྔར་བས་མཐོ་བ་དང་། ཁྱབ་ཁོངས་སྔར་བས་ཡངས་པ། བང་རིམ་སྔར་བས་གཏིང་ཟབ་པ་བཅས་ཀྱི་སྒོ་ནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་ཤར་གྱི་གནད་དོན་གང་འདྲ་ཡིན་མིན་སྐོར་གྱི་དྲི་བར་གཞིགས་ཏེ་ཀྲུང་གོའི་ཇུས་གཞི་རྒྱས་བཤད་གནང་བར་ས་ཁོངས་ཕྱི་ནང་གིས་གདེང་འཇོག་མཐོ་པོ་གནང་ཡོད། 



     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་པོ་གནང་གི་ཡོད།

     ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཕྱིན་ཆད་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་གང་འདྲ་བྱུང་རུང་ཀྲུང་གོས་ལྷག་བསམ་རྣམ་དག་སྒོ་ནས་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་ཀྱི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཨ་ཧྥེ་རི་ཁ་གླིང་གི་གོང་འཕེལ་དར་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་ཐུན་མོང་མ་ལག་སྔར་བས་ཟབ་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཏོན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁག་སོ་སོར་སེ་ནེ་ཀལ་གྱི་ཙུང་ཐུང་སག་ལེ་དང་། རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་སག མོ་རི་ཐེའུ་སིའི་ཙུང་ལི་ཅ་གེ་ན་ཐེ་བཅས་དང་གྲོས་མོལ་གནང་བ་དང་། མགྲིན་དབྱངས་གཅིག་གྱུར་ཐོག་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་གཞིགས་ཏེ་ཕྱོགས་གཉིས་འབྲེལ་བར་བལྟ་དགོས་པའི་མོས་མཐུན་གནང་ཡོད། 

      འཚམས་འདྲི་གནང་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཞིའི་བར་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་གཏན་འཁེལ་བ་དང་། ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲི་གནང་རྗེས་ད་ཐེངས་སེ་ནེ་ཀལ་དང་། རུ་ཝང་ཏའི་བར་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུའི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་དང་། མོ་རི་ཐེའུ་སི་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་ཆོད་གང་མགྱོགས་འཇོག་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད།

     ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོར་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཛའ་གྲོགས་ཐད་ཚ་རླབས་གསར་པ་འཕྱུར་ཡོད། སྤྲོ་སེམས་རབ་ཏུ་འཁོལ་བ་དང་བརྩེ་བས་ཁེངས་པའི་རྣམ་པ་གཅིག་མཇུག་གཉིས་མཐུད་ངང་ཐོན་པ་དང་། གླུ་ལེན་གར་འཁྲབ་དང་། གཞུང་ལམ་གཡས་གཡོན་གཉིས་སུ་དགའ་བསུ་ཞུ་བའི་རྣམ་པ་ཡང་ནས་ཡང་དུ་ཐོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོགས་པོ་རྙིང་པ་མ་བརྗེད་པ་དང་། གྲོགས་པོ་གསར་པ་སྒྲིག་གནང་སྟེ་ཨ་ཧྥེ་རི་ཁ་གླིང་གི་ལས་རིགས་ཁག་གི་མི་སྣ་དང་མཛའ་གྲོགས་དང་། དམངས་ཀྱི་འཚོ་བ་གླེང་གནང་བས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་ཡོད་པ་རེད།

     ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་སྤྱི་ཟླ་༩པར་ཟབ་རྒྱས་ངངའཚོགས་རྒྱུ་ཡིན་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁར་འཚམས་འདྲི་གནང་རིང་དབུ་ཚོགས་གཉེར་བའི་འདུ་ཤེས་ངོ་སྤྲོད་གནང་བ་དང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། དབུ་ཚོགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལོ་རྒྱུས་རང་བཞིན་གྱི་རྒྱས་ཚོགས་ལ་ཞིག་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

     འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཁྲིད་སྟོན་བྱས་ཏེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་བརྗེ་སྒྱུར་ལ་སྐུལ་ཁྲིད་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཕྱིར་དྲན་གནང་བ་དང་། འབྱུང་འགྱུར་གོང་འཕེལ་ལ་རྒྱང་ལྟ་གནང་ནས། འབོ་གསེར་རྒྱལ་ཁབ་ཀྱིས་ཞི་བདེ་དང་གོང་འཕེལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་གཞིགས་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བརྗེ་སྒྱུར་གྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ། རྫོགས་ལྡན་གྱི་ལོ་བཅུ་ཞེས་པ་གཉིས་པའི་ཕུགས་འདུན་དེ་དོན་དངོས་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད། ཡོས་ཧན་ནི་སེ་པའོ་མཇལ་འཛོམས་ཐོག་ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁ་དང་མཉམ་དུ་བཏོན་པའི་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེའི་རོགས་པའི་འབྲེལ་བ་གསར་པ་འཛུགས་པའི་གྲོས་འགོར་ཞིབ་དཔྱད་གནང་བ་མ་ཟད་འབྲེལ་ཡོད་ལས་དོན་སྤེལ་འགོ་ཚུགས་ཡོད་པ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་སྣེ་ཁྲིད་རྣམ་གྲངས་ཞིག་ལ་འགྱུར་རྒྱུ་ཡིན་ཞིང་། འབོ་གསེར་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་གསོ་སྤེལ་བྱེད་པ་དང་མཐོ་རུ་གཏོང་ཆེད་འགག་རྩའི་ནུས་པ་འདོན་རྒྱུ་ཡིན་པ་རེད།

     ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་པོའི་གནས་བབས་གསལ་རྟོག་གནང་བ་དང་། དུས་རབས་ཀྱི་ཁྱད་ཆོས་དམ་འཛིན་གནང་ནས། སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། དར་ཆ་གསལ་སྟོན་ངང་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་བྱས་ཏེ། ཐུན་མོང་ཐོག་བཟོས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་ཏན་ཏིག་ཞུ་དགོས་པའི་རེ་འབོད་གནང་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཡོས་ཧན་ནི་སེ་པའོ་བསྒྲགས་གཏམ་ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུངས་བཤད་ཀྱི་དགོངས་དོན་བསྡུ་ལེན་གང་ལེགས་བྱས་ཡོད་པ་དང་། ཕྱི་ཕྱོགས་སུ་ཐུན་མོང་གོང་འཕེལ་ཡོང་རེ་བྱེད་པ་དང་། གཞུང་དྲང་དང་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་རྣམ་པ་གསལ་པོ་བསྟན་ཡོད།

     ཡོས་ཧན་ནི་སེ་པའོ་མཇལ་འཛོམས་ནང་གསར་དར་ཁྲོམ་ར་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཞན་ཚུད་པའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐུ་ཚབ་འབོ་གསེར་ཐོག་སྣོན་ཞེས་པའི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ནང་ཞུགས་རྒྱུའི་གདན་ཞུ་བྱས་ཡོད་པས། འབོ་གསེར་རྒྱལ་ཁབ་ཀྱི་གྲོགས་ཚོམས་སྔར་བས་རྒྱ་ཆེར་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་དར་ཁྲོམ་ར་གཞན་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་ཚང་མ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཞུགས་ན་འགྲིག་ཅེས་བཏོན་གནང་ཡོད། 

     ཡོས་ཧན་ནི་སེ་པའོ་མཇལ་འཛོམས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་ཕྱོགས་གཉིས་མཇལ་མོལ་གནང་ནས། མིག་སྔའི་རྒྱལ་སྤྱིའི་གནས་བབས་ཀྱི་འགྱུར་བ་གསར་ཤོས་དང་དེ་བཞིན་གང་འདྲ་བྱས་ནས་ཕྱོགས་གཉིས་འཐབ་ཇུས་ཀྱི་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཙེར་གྱི་ཙུང་ཐུང་ཐེ་མེའར་དང་མཇལ་འཛོམས་གནང་སྐབས། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། ཀྲུང་གོ་དང་ལ་ཏིང་ཨ་མེ་རི་ཁའི་འབྲེལ་བའི་གོང་འཕེལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་མོལ་གནང་སྐབས། དུས་མཚམས་རྗེས་མའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་འཛུབ་ཁྲིད་བསམ་འཆར་བཏོན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་སྔ་རྗེས་སུ་ཝུ་ཀན་ཏའི་ཙུང་ཐུང་མོ་སེ་ཝེ་ཉི་དང་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན། ཨ་ཀེན་ཐིང་གི་ཙུང་ཐུང་མ་ཁེ་ལི། ཨན་ཀེ་ལའི་ཙུང་ཐུང་ལོ་ལུན་སོ་བཅས་དང་མཇལ་འཛོམས་གནང་ནས། ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དངོས་གྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ཐུན་མོང་ངོས་འཛིན་གསར་པ་བྱུང་ཡོད་པ་རེད།

     ཀྲུང་གོའི་འགྲོ་ལམ་ལ་འབྲེལ་བཤད་སྐྱོན་ནས། རྒྱལ་ཁབ་ཆེན་མོའི་གཤིས་རྒྱུད་དང་འགན་འཁྲི་འཁུར་ཕོད་པ་མངོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་དར་ཁྲོམ་ར་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་སྤེལ་རེས་གཏིང་ཟབ་གནང་ནས། ཀྲུང་གོའི་གོང་འཕེལ་འདུ་ཤེས་འབྲེལ་བཤད་དང་། ཀྲུང་གོའི་གོང་འཕེལ་ཉམས་མྱོང་ངོ་སྤྲོད། ཀྲུང་གོའི་གོང་འཕེལ་གྱི་ཕན་བདེ་མཉམ་སྤྱོད་བཅས་གནང་ཡོད་པས། རང་ཉིད་ལ་གྲུབ་འབྲས་ཐོབ་དུས་གཞན་ལའང་གྲུབ་འབྲས་ཐོབ་པ་བྱེད་པ་དང་། གནམ་འོག་ལ་ཕན་བདེ་སྐྲུན་པའི་བློ་རྒྱ་ཆེན་པོ་མངོན་ཡོད།

     ཕྱི་ཕྱོགས་ཀྱིས་ཡོངས་ཁྱབ་ཐོག་ཀྲུང་གོའི་གོང་འཕེལ་གྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱི་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་འདུ་ཤེས་དང་གཟིགས་རྒྱང་ཆེན་པོར་ཚད་མཐོའི་ཁས་ལེན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་གི་འདུ་ཤེས་གྲོས་འགོ་ཧུར་ཐག་བཏོན་གནང་བས། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡོངས་ཁྱབ་ཏུ་བསྔགས་བརྗོད་བྱས་ཡོད།

      འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕང་ལི་ཡོན་གྱིས་མཛའ་གྲོགས་སྤེལ་རེས་བྱེད་སྒོ་ཧུར་ཐག་སྤེལ་གནང་བས། ཀྲུང་གོ་དང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཤེས་རྟོགས་བྱེད་པའི་ཐད་དམིགས་གསལ་གྱི་ནུས་པ་འདོན་སྤེལ་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1