བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-02



ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཀྲོང་ཡན་བཅས་ཚོགས་འདུར་ཕེབས་པ་དང་། ཏིང་ཡེ་ཤན་གྱིས་ཤིས་ཚིག་གསུངས་པ།
ཟླ་7ཚེས་30ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྡིངས་ཆ་ཡིན་པ།
          ཚེས་30ཉིན་བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག་བཟོ་ཚོགས་ཀྱི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། སླད་ཕྱིན་ལོ་ལྔའི་བཟོ་ཚོགས་ཀྱི་ལས་དོན་གྱི་ལས་འགན་གཙོ་བོ་ཁ་གསལ་བཟོས་པ་དང་འབྲེལ་སྐབས་གསར་པའི་བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་བ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཁོངས་མི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲའོ་ཧྲི་ཧུང་གིས་ཤིས་ཚིག་གསུངས་པ་རེད།
          ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འགོ་ཚུགས་པ་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་དང་མང་ཚོགས་ཚོའི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་ལ་རང་ལྗོངས་ཀྱི་བཟོ་ཚོགས་བྱ་གཞག་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་རེད། ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་སྔར་བས་བྱས་ནས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་ངོས་ནས་བརྗོད་ཚེ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་དང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཚོགས་འདུར་ཕེབས་ནས་ལས་དོན་ལ་མཛུབ་ཁྲིད་གནང་མཁན་ཧྲུའུ་ཅི་ཀྲའོ་ཧྲི་ཧུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། འཐུས་མི་རྣམ་པ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་དང་བཟོ་ཚོགས་ཀྱི་ལས་དོན་པར་ཟོལ་མེད་འཚམས་འདྲི་གནང་བ་རེད།
          ཏིང་ཡེ་ཤན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་དང་ཏང་གིས་འགོ་ཁྲིད་གནང་བའི་བཟོ་ཚོགས་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ནས་དུས་བབ་གསར་པར་བཟོ་ཚོགས་ལས་དོན་ལེགས་པར་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ལ་སྒུལ་ཤུགས་ཆེན་པོ་ཡང་བསྣན་ཡོད། རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་དང་རྒྱལ་ཡོངས་བཟོ་ཚོགས་ཀྱི་མཛུབ་ཁྲིད་ནུས་ལྡན་འོག་རང་འཁྲིའི་ལས་དོན་ལ་གཞིགས་ནས་ལས་བཟོའི་དཔུང་ཁག་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ལས་བཟོའི་བྱང་ཚད་མཐོ་རུ་གཏོང་བ་སོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ་རང་ལྗོངས་ཀྱི་བཟོ་ཚོགས་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོ་མང་ཚོགས་ཚོས་བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་དང་། ངལ་རྩོལ་པའི་སྙིང་སྟོབས་དང་། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ཕྱོགས་གང་ས་ཅི་ཐད་དུ་ཞུམ་མེད་སྔོན་སྐྱོད་དང་། འབད་འབུངས་ཡར་བརྩོན། མཐའ་གཅིག་ཏུ་འཐབ་རྩོད་བཅས་བྱས་པས་དུས་རབས་གསར་པའི་བཟོ་པའི་གྲལ་རིམ་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་གསལ་དོད་པོ་དང་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད་ཅེས་ནན་བཤད་གནང་བ་རེད།
          ཏིང་ཡེ་ཤན་གྱིས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་ནས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་། ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་མཚམས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས། སྣོད་བཅུད་བྱེད་ནུས་ཁུལ་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་དང་རང་ངོས་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བའི་དུས་མཚམས་གལ་ཆེན། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ནུས་ལྡན་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་རིམ་ཁག་ཏང་རྩ་འཛུགས་ཀྱི་འདུ་ཤེས་དང་འཇོན་ཐང་སྲ་བརྟན་མཐོར་གཏོང་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་པའི་དུས་མཚམས་བཅས་སུ་གནས་ཡོད་པས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་ལེའུ་གསར་པ་རྩོམ་པར་གཙོ་བོ་ངལ་རྩོལ་དང་ངལ་རྩོལ་པའི་གསར་གཏོད་ལ་རྟེན་དགོས་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་ལ་རྟེན་དགོས་ཀྱི་ཡོད།
          གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་བཟོ་པའི་གྲལ་རིམ་གྱི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། རང་རྟོགས་ངང་ཏང་གི་འགོ་ཁྲིད་དང་ལེན་བྱེད་པ། ཕུགས་བསམ་དད་སེམས་ཡོད་པའི་དད་མོས་པ་བརྟན་པོ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་པ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ“གདེང་ཚོད་བཞི”བརྟན་དུ་བཏང་ནས་རང་རྟོགས་ངང་མི་ཚེའི་ཕུགས་བསམ་དང་ཁྱིམ་ཚང་བདེ་སྐྱིད་ལྡན་པ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེན་བྱ་གཞག་ནང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ་རང་ཉིད་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས། སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་བྱས་ནས་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོའི་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་གཅེས་སྐྱོང་ཟབ་མོ་ཚོར་ཐུབ་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་མི་རིགས་ཁག་གི་ལས་བཟོ་མང་ཚོགས་ཀྱི་སེམས་ལ་ཟུག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བཟོ་དང་མང་ཚོགས་ཀྱི་ཁྲག་རྒྱུན་ལ་འདྲེས་པ་བཅས་བྱེད་དགོས།
          གཉིས་ནས་དཀའ་སྤྱད་ལས་གཏོད་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་བཟོ་པའི་གྲལ་རིམ་གྱི་ངལ་རྩོལ་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་རིང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། དཀའ་སྤྱད་ངལ་རྩོལ་དང་། གཞུང་དྲང་ངལ་རྩོལ། གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོར་ཞུགས་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྐང་འཛིན་པའི་ནུས་པ་འདོན་སྤེལ་བྱེད་དགོས། སྣོད་བཅུད་འཛུགས་སྐྱོང་བྱེད་རིང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་ས་མཐོའི་ས་ཆ་སྔོ་འགྱུར་བྱེད་པ། འོས་འགན་ཤིང་འཛུགས་དང་ཁྱིམ་གཞིས་སྔོ་ལྗང་སྐྲུན་པའི་བྱེད་སྒོར་ཧུར་ཐག་ཞུགས་པ་བཅས་བྱས་ནས་བོད་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་ནམ་ཡང་གནས་པར་བྱེད་དགོས། རང་འཁྲིའི་ལས་དོན་སྒྲུབ་རིང་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་བཏང་ནས་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་བསམ་གཞི་རྒྱུན་འཁྱོངས། “བཟོ་བོའི་སྙིང་སྟོབས”དར་སྤེལ་གཏོང་བ་བཅས་བྱས་ནས་ལས་རིགས་ཡོངས་ཀྱི་ཚན་རྩལ་རྐང་འཛིན་པར་འགྱུར་བར་བྱེད་དགོས།
          གསུམ་ནས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བཟོ་པའི་གྲལ་རིམ་གྱི་རྐང་འཛིན་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པར་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི“ངོ་བོ་གསུམ”གྱི་ལོག་སྤྱོད་བྱེད་སྤྱོད་ལ་ཐེར་འདོན་འགག་རྒྱག་གཏིང་ཟབ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཧུར་ཐག་ཞུགས་ནས་གཏན་ལ་ཕབ་པའི་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ནན་པོ་དང་། ཏན་ཏིག ཞིབ་ཕྲ་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། སྡོད་བྱའི་ལས་སྒྲུབ་གྲ་སྒྲིག་དང་། གྲོང་སྡོད་དགོན་སྡོད། གཉིས་ལྡན་དུད་སྦྲེལ་གཏོད་པ་སོགས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་ཧྭའི་རིག་གནས་བོད་ཀྱི་མི་རིགས་ཁག་གི་བརྩེ་བ་བཅོལ་ས་དང་། སེམས་གཏད་ས། བསམ་པའི་ཁྱིམ་གཞིས་བཅས་སུ་འགྱུར་བར་བྱེད་དགོས།
          བཞི་ནས་ལས་འགན་གཙང་སྒྲུབ་བྱས་ནས་ཐོག་མཐའ་བར་གསུམ་དུ་བཟོ་ཚོགས་རྩ་འཛུགས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བཟོ་ཚོགས་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་བཟོ་ཚོགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པ། བཟོ་ཚོགས་ལས་དོན་གྱི་འཐབ་ས་གཙོ་བོ་བརྟན་སྲུང་། བཟོ་ཚོགས་ལས་དོན་གྱི་ལྟེ་བའི་ལས་འགན་ལ་དམ་འཛིན་ནན་པོ། བཟོ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དཔེ་སྟོན་ངང་སྒྲུབ་པ་བཅས་བྱས་ནས་བཟོ་ཚོགས་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པ་འདོན་དགོས། ཆབ་སྲིད་ཀྱི་རང་བཞིན་ཆེ་རུ་ཏན་ཏིག་བཏང་ནས་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་དང་། སྔོན་ཐོན་རང་བཞིན་ཆེ་རུ་བཏང་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མང་ཚོགས་ཀྱི་རང་བཞིན་ཆེ་རུ་བཏང་ནས་ཁེ་དབང་སྲུང་སྐྱོང་གི་འགན་འཁྲི་དང་ཞབས་ཞུའི་འགན་ནུས་ལག་བསྟར་ཡག་པོ་བཅས་བྱས་ནས་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འབྲེལ་ཏང་འཛུགས་སྐྱོང་གི་བླང་བྱ་དོན་འཁྱོལ་བྱེད་དགོས།
          ལྔ་ནས་ཏང་གིས་བཟོ་ཚོགས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་བཟོ་ཚོགས་ཏང་འཛུགས་སྐྱོང་གི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་གཅིག་སེམས་གཅིག་ངང་བཟོ་པའི་གྲལ་རིམ་ལ་བརྟེན་པའི་གཞི་རྩའི་མཛད་ཕྱོགས་བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལག་བསྟར་ཐུབ་པ་དང་། སྲིད་ཇུས་བཟོ་བ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཐུབ་པ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ལྷུ་ཚིགས་ཁག་ལ་མངོན་པ་བཅས་བྱེད་དགོས། ཏང་འཛུགས་སྐྱོང་གིས་བཟོ་ཚོགས་འཛུགས་སྐྱོང་ལ་སྐུལ་ཁྲིད་ཐུབ་པ་མཐའ་འཁྱོངས་དང་། བཟོ་ཚོགས་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་ལ་ཞབས་འདེགས་ཞུས་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། སྡེ་ཚན་ཁག་གིས་རང་འགན་རང་སྒྲུབ་བྱེད་པ། བཟོ་ཚོགས་ཀྱིས་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱེད་དགོས། བཟོ་ཚོགས་ཁོངས་གཏོགས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་གི་འཇོན་ཐང་དང་། ཞབས་ཞུའི་འཇོན་ཐང་། གསར་གཏོད་ཀྱི་འཇོན་ཐང་། སྣེ་ཁྲིད་ཀྱི་འཇོན་ཐང་། དམག་འཐབ་ཀྱི་འཇོན་ཐང་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། རིམ་ཁག་བཟོ་ཚོགས་རྩ་འཛུགས་ཚན་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ་དང་བཟོ་ཚོགས་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ལ་དོ་དམ་བྱེད་པ་དང་། ལས་བྱེད་མང་ཚོགས་ལ་ཞབས་འདེགས་ཞུ་བ། ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་རིང་བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1