འདབ་པའི་ཉི་སྟེང་གནམ་གྲུ་ཐང་ནི་རྒྱལ་ནང་གི་ཡན་ལག་མཁའ་ལམ་གནམ་གྲུ་ཐང་ཞིག་ཡིན་ཞིང་། འདབ་པ་རྫོང་གི་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ་50ཡོད་པའི་མཚམས་སུ་གནས་ཡོད། མཚོ་འཕགས་མཐོ་ཚད་སྨི་4441ཡོད་ལ། གནམ་གྲུ་ཐང་འདི་ནི་འཛམ་གླིང་སྟེང་དུ་ས་བབ་ཆེས་མཐོ་བའི་གྲས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་ཞིག་ཡིན། གནམ་གྲུ་ཐང་འདི་ནི་2012ལོའི་ཟླ་བ་6པའི་ཚེས་6ཉིན་སྐྲུན་འགོ་ཚུགས་ཡོད་ལ་2013ལོའི་ཟླ་བ་9པའི་ཚེས་16ཉིན་དངོས་སུ་ཤར་གཏོང་བྱུང་སྟེ་སི་ཁྲོན་ཁྲེན་ཏུའུ་ནས་འདབ་པའི་ཉི་སྟེང་བར་གྱི་ཉིན་2ཀྱི་ལམ་ཐག་དེ་ཇེ་ཐུང་དུ་སོང་ནས་སྐར་མ་65ཡིས་ཐོན་ཐུབ།
འདབ་པའི་ཉི་སྟེང་གནམ་གྲུ་ཐང་ཤར་གཏོང་བྱུང་རྗེས། སེམས་ཀྱི་ཉི་ཟླ་ཆེན་པོའི་སྐྱེ་ཁམས་ཡུལ་སྐོར་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་ལ། ཡུན་ནན་དང་ཕན་ཀྲི་ཧྭའི་ཡན་ལག་མཁའ་ལམ་དང་སྦྲེལ་ནས་སེམས་ཀྱི་ཉི་ཟླ་ཡུལ་སྐོར་ལམ་ཐིག་གྲུབ་སྟེ། བོད་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་མཉམ་སྤྱད་བྱས་ཏེ་སི་ཁྲོན་དང་ཡུན་ནན། དེ་མིན་བོད་ལྗོངས་སོགས་མཐའ་འཁོར་གྱི་ཞིང་ཆེན་ཁག་དང་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་བཏང་།
དཀར་མཛེས་གེ་སར་གནམ་གྲུ་ཐང་ལ་མཚོ་འཕགས་སྨི་4068ཡོད་ཅིང་། དཀར་མཛེས་རྫོང་མཁར་དང་བར་ཐག་སྤྱི་ལེ་52དང་། སྡེ་དགེ་རྫོང་མཁར་དང་བར་ཐག་སྤྱི་ལེ་150ཙམ་ཡོད། གེ་སར་གནམ་གྲུ་ཐང་བསྐྲུན་ཚར་རྗེས། དཀར་མཛེས་ཁུལ་ལ་དེ་སྔོན་བསྐྲུན་ཟིན་པའི་དར་མདོའི་གནམ་གྲུ་ཐང་དང་འདབ་པའི་ཉི་སྟེང་གནམ་གྲུ་ཐང་བཅས་བསྡོམས་པས་གནམ་གྲུ་ཐང་གསུམ་ཡོད་པས། དཀར་མཛེས་ཁུལ་ནི་རྒྱལ་ཡོངས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་གསུམ་ཡོད་པའི་མི་རིགས་རང་སྐྱོང་ཁུལ་ཐོག་མར་འགྱུར་རྒྱུ་རེད།
གེ་སར་གནམ་གྲུ་ཐང་ནི་2016ལོའི་ཟླ་4པའི་ཚེས་18ཉིན་ལས་གཞི་ཆ་ཚང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཞིང་། མིག་སྔར་གྱི་མྱུར་ཚད་ལྟར་ན་2018ལོའི་ལོ་མཇུག་ཏུ་ཚོད་འཕུར་བྱ་ཐུབ་པའི་རེ་བ་ཡོད།