ལམ་ལ་ཆས་དུས་དཔྱིད་ཀ་ཞིག་ཡིན།

བྱ་མདོ་བདེ་སྐྱིད་སྒྲོལ་མ། (མཚོ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03


ལམ་ལ་ཆས་དུས། དཔྱིད་ཀ་ཞིག་ཡིན།
ཉི་མའི་ཁ་གཏད་དུ། འུ་གཉིས་ཀྱི་གྲིབ་མ་མཐོང་བར་སྐྲག་ནས།
དྲང་ཐིག་གཅིག་གི་སྟེང་དུ་མདུན་ནས་མདུན་ཏུ་རྒྱུགས།
བར་སྣང་གི་བྱ་རྒོད་ལ་འགྲན་བཙུགས།
རྗེས་སུ། སྔར་བཞིན་ཉི་ནུབ་ཀྱི་གྲིབ་གཟུགས་བརྒལ།
ཅི་ཁག་ཏེ། འུ་གཉིས་ཕན་ཚུན་གྱི་གྲིབ་མར་ཐིམ་འདུག
ལམ་ལ་ཆས་དུས། དཔྱིད་ཀ་ཞིག་ཡིན།
གྲོང་ཁྱེར་ཞིག་གི་ཡང་སྟེང་དུ།
འུ་གཉིས་སྟོང་ཁམས་ཀྱི་བྲག་ཅར་ཐོགས་རྒྱུར་འཛེམ་ནས།
གཤོག་པ་མཉམ་དུ་བརྡེབས། མཐོ་ནས་མཐོ་རུ་བསྟད་ཀྱང་།
གཤོག་སྣེ་གཤོག་སྣེར་ཕྲད་པའི་བྲག་ཅར་གཡོལ་མ་ཐུབ།
མ་གཞི། འུ་གཉིས་ནམ་མཁའ་གཅིག་གི་ཁྱོན་འོག་ཏུ་འདུག་ཨང་།
ལམ་ལ་ཆས་དུས། དཔྱིད་ཀ་ཞིག་ཡིན།
གྱེས་བྲལ་གྱི་མདུན་དུ། འུ་གཉིས་འཁོར་བར་ཞུགས་མ་འདོད་པར།
ཕན་ཚུན་ལ་རྒྱབ་གཏད་དེ་ཕྱོགས་གཉིས་སུ་ཕྱིན།
སོང་བཞིན་སོང་བཞིན། ཁྱོད་རང་ཚེག་ཐིག་ཅིག་ཏུ་སྣང་།
རྗེས་སུ། ཉེ་རིང་ཆགས་སྡང་གི་གཡོག་པོར་གྱུར།
ཡིན་ཏེ། འུ་གཉིས་རིགས་དྲུག་གི་འཁོར་ན་སྐྱེས་འདུག
ལམ་ལ་ཆས་དུས། དཔྱིད་ཀ་ཞིག་ཡིན།
ཕྱིར་ལོག་དུས་ཀྱང་དཔྱིད་ཀ་ཞིག་ཡིན་སྲིད་ན།
དུས་ཚིགས་ཀྱི་ངོ་གདོང་ལ་ལྗང་མདོག་གི་ཁ་དན་ཅིག་ཅིས་ཀྱང་བྲི་དགོས་ཨ།  


རྩོམ་ཡིག་རྗེས་མ།
ཕོ་མོ་འདྲ་མཉམ་མ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1